སྙན་བཟང་གཡུང་དྲུང་ཚེ་རིང་།
ས་སྲོད་ཀྱི་སྐར་ཚོགས་དང་ལྷན་དུ་འདར་བའི།
ངའི་སྐར་མ། མི་ལོ་མང་པོ་འགོར་བའི་དོ་ནུབ་ཀྱང་།
དབུགས་དབྱུང་ཁྲི་ཕྲག་གིས་རྨ་ཁ་དང་ན་ཟུག་གྱོན་ནས།
བསམ་གཞིགས་རྨས་མ་ཞིག་སེམས་ལ་སྦར་ནས་འགྲེང་ཡོད་དམ།
ཁྱོད་མོག་མོག་གི་འཇིག་རྟེན་ཞིག་གི་ཆེད་དུ་འཚོ་ཡང་།
ངའི་སྒེའུ་ཁུང་གི་རྒྱབ་ཏུ། ངའི་མཐོང་སྣང་གི་འཇིག་རྟེན་དུ།
དོ་དགོང་སྐྱོ་སྣང་དང་དྲན་གདུང་གིས།
འདས་དོན་གང་ཞིག་ལ་ཕྱིར་དྲན་བྱེད་བཞིན་ཡོད་པ།
ངས་ལོས་ཤེས། ངས་ལོས་ཤེས།
མཛའ་མོ་འདྲ་བའི་སྐར་མ་ཁྱོད། འདི་ལྟར་ཤར་རྗེས།
ཁྱོད་ཀྱི་འོད་ངོགས་ནས།
ངས་རྡོག་ཁྲེས་ལྕི་མོ་ཞིག་རྒྱབ་ལ་འཁུར་ཞོར།
ལྗིད་ཏིག་ཏིག་གི་གོམ་འགྲོས་གངས་ལ་འཇོག་སྐབས།
མཆི་མ་དེའི་ཕ་རོལ་ན་རང་དབང་ཡོད་སྙམ་ལ།
སྡུག་བསྔལ་དེའི་ལྟག་རྒྱབ་ན་རྒྱལ་ཁ་ལོས་ཡོད་སྙམ་མྱོང་།
ང་ས་མཐའ་ནས་འཚོ་བ་བན་བུན་ལ་ཁེན་ནས།
དཀའ་ངལ་ཁྲི་ཕྲག་གི་མིག་ཆུ་དང་ལྷན་དུ་བཞུར་དུས།
ངའི་སྐར་མ། ཁྱོད་ངའི་སྙན་ངག་གི་གྲུ་ཁ་ཞིག་ཏུའང་།
རབ་རབ་ཀྱིས་མ་མངོན་དོན་ཅི།
སྐར་མ་རི་བྱི། དོ་ནུབ་ངས་ཁྱོད་རང་དྲན་བྱུང་།
ཁྱོད་ཀྱི་དུངས་ཞེན་དང་སྐོམ་གདུང་ཡོད་ཚད།
རྒྱང་ཐག་རིང་བའི་ཕ་ཡུལ་ནས་མཐོང་ན་འདོད་ཀྱང་།
དོ་ནུབ། ང་ཁེར་རྐྱང་ངང་ན་ཟུག་གིས་འཚོ་བས།
སྐར་མ་རི་བྱི། སྐར་མ་རི་བྱི།
ང་ལ་སེམས་གསོ་ཞིག་མཁོ་བ།
ཁྱོད་ཀྱིས་ལོས་ཤེས། ཁྱོད་ཀྱིས་ལོས་ཤེས།
༢༠༡༧/༡༠/༡༡
ཨ་སྐྱོ་བ།
པོ་ཏ་ལའི་ཁང་རྙིང་དེའི་ལྷ་སྐུ་ཚོའི་ཞལ་ནས།
ཚ་ལམ་ལམ་གྱི་ན་ཟུག་གི་མིག་ཆུ་བཞུར་ཞིང་།
སྐུ་དྲག་ཚོའི་མདུན་ཅོག་སྟེང་གི་གསེར་ཕོར་ནང་དུ།
ཁྲག་གི་བདུད་རྩི་འབབ་པའི་དུས་ཚིགས་སླེབས་དུས།
བོད་ཀྱི་མཚན་མོ་ནི་ཅི་འདྲའི་རིང་བ་ལ་ཨང་།
སྐྱིད་ཆུའི་འགྲམ་ནས་ཀོ་གྲུར་ཞུགས།
ཞེན་ཆགས་ཀྱིས་གངས་རི་བརྒལ།
ཕ་ཡུལ་དུ་བདེ་སྐྱིད་འདྲེན་པར་མནའ་ཚིག་བོར།
ཨ་སྐྱོ་བ་ཁྱོད།གངས་རིའི་ཕྱི་ལོགས་སུ་གྱར་རྗེས།
ཁྱོད་ཀྱིས་མི་རིགས་འདིའི་ལས་དབང་གཅལ་དུ་བཀྲམས་ནས།
ཨམ་གཙིགས་ཀྱིས་དཀའ་ཚེགས་རྨང་ནས་མྱང་དགོས་བྱུང་ཡོད།
ད་དུང་འཇིག་རྟེན་གྱི་ལྟག་སྒོ་ཡོད་ཚད་འགྲིམས་ཤིང་།
ཁྱོད་ཀྱི་སྤྱི་གཙུག་ནས་འཕྲོས་པའི་འོད་སྣང་དེ།
འཛམ་གླིང་ཧྲིལ་བོར་ཁྱབ་བཞིན་ཡོད་པས།
ཁྱོད་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་ཡིན་མི་དཔེ།
ད་ལྟ་མར་མེའི་འོད་སྣང་གིས་ལྷ་སྐུ་ཚོ་རེ་རེ་བཞིན།
ཁྲ་ལེམ་མེར་མཐོང་བའི་འགྱུར་ལྡོག་ལ་བལྟས་ན།
ཁྱོད་ཀྱང་ཕ་ཡུལ་དུ་ལོག་རན་ཡོད།
བཙན་པོ་ཚོས་བརྗིད་ཉམས་ཀྱིས་སྒོ་ཆེན་ཕྱེ་ཞིང་།
གྲྭ་བཙུན་ཚོས་ཞི་དུལ་གྱིས་ཁ་བཏགས་བཟུང་སྟེ།
རྒྱང་རིང་གི་ཁྱོད་ལ་སྒུག་ཡོད།
༢༠༡༧/༡༢/༠༢