གསལ་ལེ་རྒྱལ།
ཁྱིམ་གཞིས་བརྗེ་སྤོར་གྱི་སྐད་ཆ་དེའི་འགོ་བརྩམས་པ་ནས་བཟུང་ཁོང་གཉིས་ཀ་གཉིད་མ་ཁུག དྲང་མོར་བཤད་ན་དོན་དག་དེར་རྣ་བ་གཡར་མཁན་ཁོང་གཉིས་ཀ་ཁོ་ན་ག་ལ་ཡིན། དོན་དག་དེ་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་མི་མང་བོ་ཞིག་གཉིད་ཡོང་གིན་མེད། རང་གིས་རང་ཉིད་སྡུག་ལ་སྦྱར་ནས་བསྡད་ཡོད། ལྕགས་སྒམ་སྟོང་བ་དེར་ཟྭ་ཞིག་རྒྱག་དགོས་དོན་མེད་ནའང་ཨ་ཕས་བསམ་གཟས་ནས་ཟྭ་རྒན་ཞིག་བརྒྱབ་ཏེ་ལྡེ་མིག་རང་གི་བྲང་ལ་འབྲལ་མེད་དུ་ཉར་པ་དེས་ནང་མི་ཚང་མར་དོགས་པ་བསླངས། ད་དུང་སྐད་ཆ་འདྲི་མཁན་མ་བྱུང་ནའང་“ལྕགས་སྒམ་འདི་སྟོང་བ་ཡིན། སྟོང་བ་སྟོང་རྐྱང་ཡིན”ཞེས་ཡང་ཡང་བཤད་དེ་མི་ཚང་མར་ཆེད་དུ་དོགས་པ་བསླངས། མཐར་དེད་པའི་དམིགས་ཡུལ་ནི་ཨ་མ་ཁོ་ནར་བསམ་གཟས་ནས་དོགས་པ་སློང་བའི་ཆེད་དུ་ཡིན་ནའང། ཕ་མ་གཉིས་ཀས་བཟའ་བའི་ནང་གཏམ་མ་ཁོག་པས་བུ་ཕྲུག་དང་ཉེ་འབྲེལ་ཚང་མས་གོ་སྟེ་དོགས་པའི་སྟེང་ལ་དོགས་པ་བསྣན་ནས་ལྕགས་སྒམ་སྟོང་བ་ཞིག་དོགས་པས་གད་གྲབས་བྱས་སོང་། དེ་དུས་དོགས་པ་དེར་སུས་ཀྱང་དོགས་སློང་བྱེད་ཀྱིན་མེད། དོགས་པ་དེར་དོགས་སློང་བྱེད་མཁན་ཐོག་མ་དེ་ཨ་ཁུ་དར་ལོ་ཡིན། ལས་དོན་ཞིག་གི་དབང་གིས་ཨ་ཁུ་དར་ལོ་བསླེབས་སོང་། དྲང་མོར་བཤད་ན་ཁོང་གི་ལས་དོན་ནི་དོགས་སློང་ཞིག་བྱེད་རྒྱུ་དེ་ཡིན་པ་འདྲ། ཨ་ཁུ་དར་ལོས་ཇ་གང་འཐུང་རྗེས་ངེད་ཚང་གི་ལྕགས་སྒམ་ལ་བལྟས་ཏེ་ “ཨོ་ཙེ། ལྕགས་ཟྭ་ཆེ་བ་ལ་”ཞེས་ཧ་ཅང་ཡ་མཚར་བའི་རྣམ་པ་བསྟན། དེ་དུས་ཨ་མས་གཞི་ནས་ལྕགས་སྒམ་ལ་ཟྭ་རྒན་ཞིག་བརྒྱབ་ཡོད་པ་མཐོང་ནས་དོགས་པ་ལངས། གལ་ཏེ་ཨ་ཁུ་དར་ལོ་ཡོང་མེད་ན་ཨ་མས་ལྕགས་ཟྭ་དེ་ད་དུང་མཐོང་མེད་ཚོད་ཡིན། ཨ་མས་དོགས་འདྲི་བྱས་པ་དང་ཨ་ཕས་དོགས་འདྲི་བྱེད་པ་ནི་ཡིད་ཆེས་མེད་པས་རེད་ཅེས་ཆེད་དུ་དོགས་པའི་སྟེང་ལ་དོགས་པ་བསྣན། དོགས་འདྲོག་དོན་རྐྱེན་བསླངས་ཏེ་བཟའ་ཚང་གང་བོ་སོ་སོར་བསྐྱལ་རྗེས། ཨ་ཁུ་དར་ལོས་ཡི་གེ་ཞིག་བསྐུར་ནས་ཁྱེད་ཚང་གི་ལྕགས་ཟྭ་དེ་ངས་ཁྱེད་ཚང་གི་ཨ་ཕ་ལ་རྔན་པར་སྤྲད་པ་ཡིན་ཟེར། དེ་དུས་ཨ་མ་གནས་གཞན་ཞིག་ལ་སྤོར་ཟིན། ༠༧/༡༢/༢༠༡༨ ལ་ཕ་རེ་སི་ནས།
ཧཧ་༼བསླངས་༽༼དོགས་༽༼སྟོང༽༣
རྣམ་དཱོགས་དགྲ་ལ་ལངས་ན་ཁང་སྟོང་རྐུ་ལ་ཤོར་།
གཞོན་ལྷན་གྱིས་་་་་་་
https://www.facebook.com/voatibetan/videos/1537603092942137/?hc_ref=ARTypnPb30V7TAt5fM6qgUuYzO1vAJ8MPxucckSK1qzx9gzmC7bDT-0lvRJ7dpMpWgw
ཧཧཧ་་ཡང་སྙིང་ལྩགས་སྒམ་དེ་མཐར་ཐུག་སུ་ལ་འཐོབ་བམ།