རྔ་བ་རྒྱལ་ཁམས་པ།
“ཚེ་སྲོག་དང་། ངལ་དུབ་ཀྱི་འགྲུལ་བཞུད”ཅེས་མཚན་དུ་བཏགས་པའི་བརྩམས་ཆོས་འདི་ནི། ཨ་རིར་གདན་འཇགས“ཟླ་སྣང་ཐེབས་རྩ”དང་།“བོད་བརྒྱུད་ནང་བསྟན་ཆོས་ཚོགས”ཀྱི་གཞི་འཛིན། གནས་ནང་བླ་མ་ཚེ་དབང་མཆོག་གིས་སྒེར་གྱི་ལོ་རྒྱུས་གཞི་རྩར་བཟུང་སྟེ་བྲིས་གནང་བའི་སྤྱི་ཁྱབ་རང་བཞིན་གྱི་ལོ་རྒྱུས་བརྩམས་ཆོས་གལ་གནད་ཆེ་བ་ཞིག་རེད། དཔེ་དེབ་འདིར༧རིན་པོ་ཆེ་སྐུ་ན་ཕྲ་མོའི་དུས་ནས་ད་བར་གྱི་སྤྱི་སྒེར་དང་འབྲེལ་བའི་དངོས་བྱུང་ཡུལ་དུས་གནས་བབ་དང་བཅས་ཞལ་གསལ་བཀོད་ཐོག རྒྱས་འབྲི་བྱས་ན་ལོ་རྒྱུས་ཀྱི་བརྗོད་བྱ་རྒྱ་ཆེན་པོ་ཡོད་ངེས་གང་ཞིག་ལ། ལྟ་བདེའི་ས་བཅད་སོ་སོའི་ཁོངས་སུ་མགོ་འོག་ཏུ་ལུས་ཚུད་པར་བྱས་ཏེ་བརྗོད་གནད་སྙིང་ཁུར་ཕྱུང་ཐོག ཚིག་གི་ལོ་མ་ཉུང་ཞིང་དོན་གྱི་འབྲས་བུ་གཡུར་དུ་ཟ་བ་མང་བོ་ཕྱུར་བུར་སྤུངས་འདུག ལྷག་པར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཐུགས་བསྐྱེད་ལས་འཁྲུངས་པའི་བོད་ལྗོངས་ནང་བསྟན་སློབ་གླིང་གི་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་ནས། སྐུ་ན་གཞོན་པའི་ཁོང་གི་གཏུམ་སྤྱོད་ཀྱི་རང་གཤིས་ལ་འགྱུར་ལྡོག་བྱུང་སྟེ། བྱང་ཆུབ་ཀྱི་ལམ་ལ་ཞུགས་ནས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ཉམས་ལེན་ལ་ཧུར་བརྩོན་ཆུ་བོའི་རྒྱུན་བཞིན་བསྟེན་མཐར་བླ་མར་འོས་པའི་མཐུན་རྐྱེན་ལེགས་པར་འཛོམས་སྐབས། མཚུར་དགོན་དང་། གནས་ནང་། དྭ་ཕྲུག་སྐྱོབ་གསོ་སོགས་ལས་ཀྱི་སྡེ་ཚན་སྣ་མང་པོའི་འབུལ་སྡུད་ཆེད། དགུན་དུས་ཁ་ཆར་དང་གྲང་ངར་གྱི་ལྷག་རླུང་རྒོད་ཅིང་། དབྱར་དུས་སྤྲིན་དཀར་དང་མེ་ཏོག་གིས་མཛེས་རྒྱན་སྤྲས་པའི་རྩྭ་ཐང་ཆེ་ཆུང་མང་བོ་ཞབས་མཐིལ་དུ་བླངས་ཏེ། རོང་འབྲོག་མི་མང་གི་རེ་འདོད་བསྐངས་ཤིང་། གཟུགས་ཅན་གྱི་མི་དང་། གཟུགས་མེད་ཀྱི་ལྷ་འདྲེའི་སྣང་ཚུལ་སྣ་ཚོགས་པར་འཕྲད་པའི་ངོ་མཚར་ཅན་གྱི་ལོ་རྒྱུས་སོགས། གཞན་དོན་ཁུར་འཁྱེར་གྱི་དཀའ་སྤྱད་འབད་བརྩོན་ལྷུར་ལེན་གནང་བའི་ལེགས་སྐྱེས་རེ་རེས། འགྱེལ་ལ་ཉེ་བའི་དགོན་གྲོང་དག་ལ་སླར་གསོའི་ཀ་བ་བསླངས་ཤིང་། འཆི་ལ་ཉེ་བའི་ཚེ་སྲོག་དག་ལ་གསོན་ཤུགས་སྤྲད་པའི་མཛད་འཕྲིན་བཟང་པོར་ཡིད་སྨོན་དང་སྤོབས་པ་ངང་གིས་སྐྱེ་འོང་། དེ་བཞིན་ཁོང་གིས་༧རྒྱལ་བ་ཀརྨ་པའི་མཚན་དོན་ལས་བརྩམས་ཏེ། “མ་དག་རྒྱུན་འབྱམས”ཀྱི་གཡམ་རྒྱུག་པ་དག་ལ་དགག་སྒྲུབ་ཀྱི་ལུང་རིགས་སྤྲོས་ཤིང་། བོད་ལྗོངས་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པའི་ལོ་རྒྱུས་ཀྱི་ཆག་སྒོ་ལས་འཕྲོས་ཏེ “རང་ཕན་གཞན་གནོད”ཀྱི་ངོ་གཉིས་མ་དང་། མི་རིགས་དང་རིག་གཞུང་གི་གོད་ཆག་ལ་ཅི་མི་སྙམ་པར་ཀླད་རྒྱ་རྟིབ་བཞིན་པའི་སྐྱེ་བོ་ཅོལ་ཆུང་རྣམས་ཀྱི་བྱ་སྤྱོད་ལ། ཡུ་མུག་པ། ཞེ་ལོག་པ། སྙིང་རྗེའི་ཡུལ་དུ་དགོངས་བའི་ཐུགས་གཏིང་གི་མྱ་ངན་དང་། ཁ་ཞེ་གཉིས་མེད་ཀྱི་ཤ་ཚའི་ཞལ་ཏ། སྐབས་རེར་ཅུང་རྩུབ་རེག་ལྡན་པའི་གསུང་མཆིད་ཀྱང་གནང་ཡོད་པ་དང་། ཤང་སྲིད་གཞུང་དང་ཁ་མཆིར་ཐུག་པ་དང་། དགོན་པའི་གྲྭ་པ་ཕྱིར་ཕུད་ཀྱི་གྱོད་དོན། གྲྭ་ཤག་གསར་རྒྱག་གི་ཉོག་དྲྭ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་ལས་བརྩམས་ཏེ། ངོས་གཅིག་ལས་ངོས་གཞན་པ་དེར་བསམ་བློ་གཏོང་མི་ཤེས་པའི་གཞུང་འབྲེལ་ལས་བྱེད “སྲིད་དབང་སྒེར་གཅོད”ཀྱི་ཨུ་ཚུགས་ཅན་རྣམས་ལ་ཐབས་ཤེས་བཟང་བོས་གོ་བསྐོན་གསེད་འགྲོལ་གནད་ཐོག་ཁེལ་བ་གནང་སྟེ་དཀའ་ངལ་གང་བྱུང་ལེགས་ལམ་དུ་བསྒྱུར་ཐུབ་པའི་ཐབས་ལམ་རབ་དང་རིམ་པ་ཕྱག་བསྟར་གནང་འདུག ད་དུང་ཁོང་ནི་ཆོས་ཕྱོགས་ཀྱི་འབུལ་སྡུད་གཅིག་པོ་མ་ཡིན་པར་ཡུལ་སྐོར་སྤྲོ་འཁྱམས་ལས་ཁུངས་དང་། བོད་ལྗོང་དུང་དཀར་ཚོང་གཉེར་ཁང་འཛུགས་འཆར། ཟླ་སྣང་ཐེབས་རྩ་ཚོགས་པ་རྩ་འཛུགས་ཀྱིས་མཚོན། དུས་རབས་དང་བསྟུན་པའི་དཔལ་འབྱོར་འདུ་འགོད་ཀྱིས་བོད་ཕྱི་ནང་གཉིས་ཀར་རྒྱབ་སྐྱོར་རོགས་མགོན་གནང་དང་གནང་བཞིན་པའི་བླ་མ་བཀའ་དྲིན་ཅན་ཚོའི་གྲས་ཤིག་ཡིན་པར་ཚོར། ཁྱད་པར་དུ་དེབ་འདི་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ཞིག་ནི། ཁོང་དང་བླ་མ་ཚུལ་ཁྲིམས་རྒྱལ་མཚན། ཡོངས་འཛིན་བླ་མ་ཉི་མ་སྟེ་མཚུར་ཕུའི་གནད་ཡོད་མི་སྣ་འདི་གསུམ་གྱིས། ལོ་རྒྱུས་རང་བཞིན་ལྡན་པའི༧རྒྱལ་དབང་ཀརྨ་པ་བཙན་བྱོལ་དུ་ཕེབས་པའི་ཐོག་མཐའ་བར་གསུམ་གྱི་འཆར་འགོད་ལ་འོད་སྟོང་འབར་བའི་བྱས་རྗེས་བསྐྲུན་པ་དེ་རེད། ལས་འགན་དེ་ནི་བོད་མི་གཙོ་བོར་གྱུར་པའི་སྐྱེ་བོ་གྲངས་མེད་པའི་འདི་ཕྱིའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཡིན་ངེས་པས། ང་ཚོས་ལྷག་པར་ཡང་དོ་སྣང་བྱེད་འོས་པ་ཞིག་ཡིན། ༧རྒྱལ་བ་ཀརྨ་པ་བཙན་བྱོལ་དུ་ཕེབས་དགོས་པའི་རྒྱུ་མཚན་ནས། ༧རྒྱལ་བ་རྣམ་གཉིས་བཞུགས་སྒར་ཕོ་བྲང་དུ་ཞལ་འཛོམས་པའི་བར་གྱི་གསང་བའི་འགྲུལ་བཞུད་རིང་མོ་འདིར། ཕལ་བས་མཐོང་མི་ཐུབ་པའི་ཐུགས་བསྐྱེད་དང་སྨོན་ལམ། རྟེན་འབྲེལ་དང་རྒྱུ་ཚོགས་བསམ་ཡུལ་ལས་འདས་པ་ཞིག་ཡོད་ངེས་པ་དང་། ཐུན་མོང་སྣང་ཚུལ་དུའང་དཔའ་མཛངས་སྤོབས་པ་ལྡན་པའི་བླ་སློབ་འདི་དག་གིས། སྤྲིན་དཀར་པོ་ཐོད་དུ་བཅིངས། ས་ནག་པོ་འདོམ་གྱིས་འཇལ་ཏེ་བོད་མིའི་ལས་དབང་ལ་བཅིངས་པའི་ཐུགས་བསྐྱེད་ཀྱི་གོམ་ཁ་རེ་རེར། དགའ་དད་ཀྱིས་མིག་ཆུ་འབབ་པ། དངངས་སྐྲག་གིས་ཉྭ་འཁུམ་པ། ལྟོགས་སྐོམ་གྱིས་ལུས་ཟུངས་འཆོར་བ། དཀའ་སྡུག་གིས་བླ་སྲོག་འདོར་བ་སོགས། དངོས་བྱུང་ལོ་རྒྱུས་གང་ཡིན་གསང་རྒྱ་ཡོངས་སུ་བཀྲོལ་ནས་གསུངས་འདུག་པ་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་འདུག་སྙམ། དེབ་འདིའི་དབུ་མཇུག་ཚང་མ་ཞིབ་ཀློག་བྱས་པའི་མྱོང་ཚོར་ནི། རྗོད་བྱེད་ཀྱི་ཆ་ནས་དོ་གལ་མི་ཆེ་བའི་ཚིག་གི་རྒྱན་ཆ་སྣ་ཚོགས་སྤེལ་ནས་སྙན་ཆ་གདོན་ཐབས་གཙོ་བོར་བཟུང་མེད་པ་དང་། བརྗོད་བྱའི་ཆ་ནས་སེམས་ཤུགས་དང་། ལག་ལེན། ཉམས་མྱོང་། ཕན་སེམས་ཀྱི་ཚོར་བ་དྲོན་མོ་ཞིག་ཕྱོགས་གང་སར་ཁྱབ་ཅིང་། སྒེར་བའི་ལོ་རྒྱུས་སྤྱི་དོན་དང་འབྲེལ་བ་དམ་པོ་ཡོད་བསྡད་པ་ཞིག་རེད། དཀའ་སྡུག་གང་གིས་ཀྱང་མ་ཐུབ་པའི་སྐྱེས་བུ་དམ་པ། གནས་ནང་བླ་མ་ཚེ་དབང་རིན་པོ་ཆེ་མཆོག་ལ་བཀའ་དྲིན་ཐུགས་རྗེ་བླ་མེད་ཆེ་བྱུང་ཞུ་བ་ལགས། དེབ་འདིར་ཤོག་ངོས༤༢༠དང་། ས་བཅད༥༨ཀྱིས་ཡོངས་སུ་གྲུབ་པར་བྱས་འདུག་གོ། ༢༠༡༧ལོས་ཟླ༡༢ཚེས༩དགོང་མོར་ཤར་མར་བྲིས།
དེབ་འདི་དགོས་མཁན་ཡོད་ན་ང་འབྲེལ་བ་བྱེད་རོགས
ངའི་ཁ་པར་ཨང་9882342888
བསྡོད་གནས་ནོར་གླིང་ཡིན།
་་་་་་་ སྒེར་བའི་ལོ་རྒྱུས་སྤྱི་དོན་དང་འབྲེལ་བ་དམ་པོ་ཡོད་བསྡད་པ་ཞིག་རེད། ་་་་་་་
ལོ་རྒྱུས་སྨྲ་བའི་ལོ་རྒྱུས་ལ་འགན་འཁུར་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ཞོག་འདེགས་དང་གཟི་བརྗིད་བསྐྲུན་དགོས་པ་དེ་དུས་རབས་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།
༄༅། རྔ་བ་རྒྱལ་ཁམས་ལགས་ཀྱི་བྲིས་པའི་(ཞེ་སྲོག་དང་ངལ་དུབ་ཀྱི་འགྲུལ་བཞུད་) ཅེས་པ་གང་
ལེགས་སུ་འདུག་ ཐུགས་རྗེ་ཆེ། དེབ་དེ་བདག་ལ་ངེས་པར་དགོས་པ་འདུག་ཀྱང་་་ཁྱེད་ནི་ཕ་ཡུལ་གངས་ལྗོངས་ལ་གནས།
ང་ནི་ཕྱི་ཡུལ་ལ་གནས་པར་བརྟེན་འབྲེལ་ཐག་རིང་བས་ཅི་བྱེད་།
བཀྲིས་བདེ་ལེགས་ཞུ།
རྣམ་པ་ཚོ་ཕེབས་པར་དགའ་བསུ་ཞུ། ཨ་འབར་འཇིགས་དབང་ལགས། གོང་དུ་གསལ་བོར་ཞུས་ཡོད་པ་ལྟར།དེབ་དེ་རྩོམ་པ་པོ་ནི་གནས་ནང་བླ་མ་ཚེ་དབང་མཆོག་རེད། ང་མིན། ཉེ་ཆར་སྟེས་དབང་ཞིག་གིས་དེབ་དེ་ལག་སོན་བྱུང་། བམ་པོ་མང་བས་ཆ་ཚང་ཞིག་ཀློག་འདོད་མ་བྱུང་མོད། དབུ་ནས་མར་ཀློག་གིན་ཀློག་གིན་ལྟ་བྲོ་བའི་གློག་བརྙན་ལེའུ་མང་བོ་ཅན་ཞིག་ལ་བལྟ་བ་ལྟར། ས་བཅད་སྔ་མ་རེ་རེས། ས་བཅད་རྗེས་མ་ཀློག་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་དྲངས་ཏེ། ཉིན་ཞག་གཅིག་གི་ནང་ཆ་ཚང་བཀླགས་གྲུབ་སོང་། དོན་སྙིང་ཤིན་ཏུ་ཆེན་པོ་འདུག རྩོམ་པ་པོས་སྐུ་ངལ་ཁྱད་བསད་ཁ་ཡོད་ལག་ཡོད་ཀྱིས་ཕྱག་ལས་རིན་ཐང་ཅན་མང་བོ་གནང་འདུག ཁོང་གི་ཐུགས་སྟོབས་དང་། བློ་གྲོས། གཞན་ཕན་ཁུར་འཁྱེར་གྱི་བསམ་བློ་དེ་དག་གིས། ང་ཚོའི་ཚེ་སྲོག་འཚོ་གནས་ལ་བླང་དོར་གྱི་ལམ་ཁ་ཞིག་བསྟན་འདུག་སྙམ། ང་ཡོད་ས་བོད་ནང་མིན། ཨ་རི་ཡིན། སྐུ་ཉིད་ལ་དེབ་དེ་ཀློག་འདུན་ཡོད་ན། ཁོང་དུ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱི་ཞལ་པར་ཨང་གྲངས་བརྒྱུད་འབྲེལ་ལམ་ཞུས་ན་ཐུགས་ཕན་སོས་ངེས་རེད་ལགས།
དེབ་དེ་ཡག་པོ་ཡོད་པ་འདྲ།
གནས་ནང་བླ་མས་བྲིས་པའི་དེབ་དེའི་མིང་ལ་ཞེ་སྲོག་མ་རེད་ཚེ་སྲོག་དང་ངལ་དུབ་ཀྱི་འགྲུལ་བཞུད་རེད་།
རྩོམ་པ་པོས་སྐུ་ངལ་ཆད་བསད་ཁ་ཡོད་ལག་ཡོད་ཀྱིས
འདི།
རྩོམ་པ་པོས་སྐུ་ངལ་ཁྱད་བསད་ཁ་ཡོད་ལག་ཡོད་ཀྱིས