སྐྱོ་བྲག་དགའ་དབང་།
རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཀུ་ཐང་ཕུག་རོན་ཕུག་མཇལ་བ་བཞུགས་སོ། །
སྒྲུབ་པའི་རྒྱལ་མཚན་གངས་རིའི་ཁྲོད་ན་བཙུགས། །
སྙན་པའི་གྲགས་པ་ཕྱོགས་རྣམས་ཀུན་ཏུ་གཡོ། །
མཛད་པའི་ཕྲིན་ལས་བསྟན་འགྲོའི་དཔལ་དུ་ཤར། །
མི་ལ་རས་པ་ཚངས་དབང་གཙུག་གི་རྒྱན། །
༈ གནས་མཇལ་གྲ་སྒྲིག །
དཔལ་རྒྱལ་དབང་ཀརྨ་པ་དང་། མཚུར་སྒར་བླ་བྲང་གི་བཀའ་བཞིན། བན་ཆེན་བསྟན་དགའ་རིན་པོ་ཆེའི་ཡང་སྲིད་འཚོལ་བར། ཧི་མ་ལ་ཡའི་ལྷོ་ངོས་ཀྱི་རི་སུལ། ནུབ་རི་བྱ་བའི་ལུང་པར་འགྲོ་བ་ན། གྲུབ་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཀུ་ཐང་ཕུག་རོན་ཕུག་ཙུམ་གྱི་ལུང་པར་ཡོད་པ་མཇལ་བར་ཆེས་སྤྲོ་ནའང་། ལ་ཐུར་སྦྲེལ་ནས་རྐང་ཐང་ཉི་མ་གསུམ་བཞི་ཞིག་བསྐྱོད་དགོས་འདུག་པས་ཁོམ་པ་མ་བྱུང་།
ངའི་ལས་རོགས་བལ་ཡུལ་བན་ཆེན་དགོན་པའི་ལས་བྱེད་ཆེན་མོ་བ་དག་གིས། རྗེས་མ་བལ་ཡུལ་རྒྱལ་ས་ཡམ་བུ་ནས་ཐད་འཕུར་གནམ་གྲུས་སོང་ན་གྲ་སྒྲིག་ཆ་ཚང་ང་ཚོའི་དགོན་པས་བྱེད་ཀྱི་ཡིན། གནམ་གྲུར་མྱི་ལྔ་དྲུག་ཤོང་བས་གྲྭ་རོགས་གྲོགས་མཆེད་འགའ་ཡང་ཁྲིད་ཡོང་ན་ཡག་པོ་ཡོད་པ་ཡང་ནས་ཡང་དུ་གསུང་གནང་གི་གདའ་བས། ལགས་སོ། །ཞུས་པ་ཡིན་ཏེ། གནམ་གྲུའི་གླ་ཆ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ཕྱིར་བློ་བདེ་བོ་རང་མི་འདུག །
ང་རང་འབྲས་ལྗོངས་སུ་བསླེབས་རྗེས། ཆུང་ཆོས་སྒོར་ཞུགས་པ་ནས་ཆེ་སྐྲ་དཀར་གྱི་བར་དུ་མཆེད་གྲོགས་ཡག་ཤོས་ཡིན་པ། གཉོམ་སྐྱོང་བ་མཁན་པོ་དཔའ་བརྟན་དང། སྙན་ངག་པ་ལྷ་རྩེའི་ཁུ་བྱུག་ཟུང་ལ་འབྱོན་འདོད་ཡོད་མེད་དྲིས་པ་ན། ཁོང་རྣམ་གཉིས་ཀྱི་ཕྱག་ལས་ནི་ཆེས་མང་པོ་ཡིན་ནའང་། ཀུ་ཐང་ཕུག་རོན་ཕུག་ལན་གཅིག་མཇལ་བ་ཙམ་བྱུང་ནའང་མྱི་ཚེ་དོན་ཡོད་ཡིན་ཕྱིར་ངེས་པར་དུ་ཡོང་གི་ཡིན་ཞེས་གསུང་གི་གདའ།
ཡིན་ནའང་། ང་ཚོ་འགྲོ་ཤེས་པ་ཙམ་གྱིས་མི་ཆོག་པར་ད་དུང་འགྲོ་སོང་གཏོང་བྱེད་ཀྱི་སྒོར་མོ་ཡང་ཡོད་དགོས་ལ། དེ་ཡང་གནས་ཡུལ་གྱི་ཁྱད་པར་གྱིས་བབས་འོས་ང་ལ་ཡོད་མོད་དེ། ང་ནི་བསོད་ནམས་ཀྱི་བསགས་རྒྱབ་ཆུང་བའི་སྟབས་ཀས་མྱི་ཚེ་ལ་ཡོད་དུས་ཤིག་མེད་ཅིང་། རྒྱ་རིགས་ཆོས་མ་ཀོ་ཀོ་ཏཱ་ར་ནི། (CoCo Tara) གང་ཡོད་མཆོད་སྦྱིན་ལ་དགའ་བའི་རིགས་ཅན་ཡིན་པ་ཙམ་དུ་མ་ཟད། དྲུང་གོ་ཤྲི་རྒྱལ་ཚབ་པས། སེམས་ཀྱི་ངོ་སྤྲོད་གནང་བའི་ཞལ་སློབ་ཉམས་ལེན་ཅན་ཞིག་ཡིན་ཐོག །སྔོན་གྱི་བག་ཆགས་ལྟ་བུས་དབེན་པ་བསྟེན་འདོད་ནི། སྐོམ་པ་ཆུ་འདོད་ཀྱི་དཔེ་བཞིན་མྱི་ཚེའི་རེ་སྨོན་བྱ་ཡུལ་ཡིན་ནའང་། འགྲོ་རོགས་བློ་ཁེལ་ཞིག་མེད་ན། རྟེན་བུད་མེད་ཡིན་སྟབས། གཅིག་པུའི་འགྲོ་འདུག་ལ་དཀའ་ངལ་ཡོད་པས། རྣམ་ཀུན་ཁྱོད་རི་ཁྲོད་དུ་འགྲོ་བ་ཞིག་བྱུང་ན། ང་ཡང་ཡིན་གཅིག་མིན་གཉིས་ཁྲིད་རོགས་གྱིས། ཞེས་པའི་རེ་སྐུལ་བྱ་བཞིན་ཡོད་ཕྱིར། ངས་ཁྱོད་ཀྱང་ང་ཚོའི་མཉམ་པོར་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་མཇལ་སྐོར་དུ་འགྲོ་ན་སྟབས་བདེ་བ་འདུག་ལ། འགྲོ་སོང་གི་རོགས་པ་ཡང་གང་ཐུབ་བྱ་རོགས་གྱིས་ཞེས་ལབ་པ་ཡིན།
ཀོ་ཀོ་ཏཱ་རས་དྲ་བའི་བརྙན་ལམ་ནས་གཅོད་ལུས་སྦྱིན་གྱི་རིམ་གྲོ་སེང་ག་པུར་གྱི་ཁྱིམ་ཚང་ཞིག་ལ་བྱེད་ཀྱི་ཡོད་པ་མཐོང་བ་ཙམ་ལས་འབྲེལ་བ་ཅང་མེད་པ་མ་ལེ་ཤི་ཡའི་རིགས་རྒྱུད་བུད་མེད། རྒྱལ་ཁུངས་ཨོ་སི་ཁྲི་ལི་ཡ་ཡིན་པ། (Poh Poh Tan) ཕའོ་ཕའོ་ཏན་གྱིས། ནམ་ཞིག་ཁྱོད་རི་ཁྲོད་ལ་འགྲོ་བའི་རོགས་པ་ཡིན་ཟེར་ཏེ། ཀོ་ཀོ་ཏཱ་རའི་སྐེ་འདོགས་གཡང་ཊི་རྒྱ་ལུགས་སྤྱན་རས་གཟིགས་གོང་ཆེན་གྱིས་ཉོ་རོགས་བྱས་པའི་སྒོར་མོ་ང་ཚོའི་འགྲོ་སོང་འདང་ངེས་ཡོད་པ་དེ། བལ་ཡུལ་ཡམ་བུ་ལ་སྔོན་ཚུད་ནས་བསྐུར་གདའ་བས་བསམ་དོན་ལེགས་གྲུབ་ཡོང་རེས་དཔེ་མེད་དགའ་བྱུང་།
གནས་དེ་དྲན་པ་ཙམ་གྱི་བདེ་ཆེན་ཐོབ་།
གནས་དེ་མཇལ་བ་ཙམ་གྱི་བསོད་ནམས་འཕེལ་།
གནས་བཟང་པོ་སེམས་ཅན་བསོད་ནམས་ཡུལ་།
གནས་བཟང་སྐོར་ན་ཚོགས་བཟང་ཐོབ་།