ཤར་ཕྱོགས་ཁུག་རྟ།
དབུ་ཁྲིད་བཟང་པོ་ནི་དགེ་རྒན་ཚད་ལྡན་ཞིག་ཡིན་ཞེས་པའི་ཚིག་འདི་ནི་ཡུན་རིང་བསམ་བློ་བཏང་སྟེ་རྙེད་པ་ཞིག་ཡིན། དབུ་ཁྲིད་ཅིག་ལ་དགེ་རྒན་ཚན་ལྡན་ཞིག་གི་ཁྱད་ཆོས་འཛོམས་དགོས་དོན་གཙོ་བོ་ནི། དབུ་ཁྲིད་སུ་ཞིག་ཡིན་རུང་། དེ་ལ་ངེས་པར་དུ་དགོས་མཁོ་ཆེ་ཞིང་། མེད་དུ་མི་རུང་བའི་རྒྱབ་རྟེན་གཅིག་དགོས་པ་ནི་མི་མང་གི་ཡིད་ཆེས་རེད། དབུ་ཁྲིད་གང་དེ་ལ་དགེ་རྒན་ཚད་ལྡན་ཞིག་གི་ཁྱད་ཆོས་འཛོམས་ཚེ། དེས་འབད་མེད་ལྷུན་གྲུབ་ངང་མི་མང་གི་ཡིད་ཆེས་ལས་སླ་བོར་རེག་ཐུབ། མི་མང་གི་ཡིད་ཆེས་ལས་ལྷག་པའི་དབུ་ཁྲིད་ཀྱི་ལས་དོན་ལམ་ལྷོང་འགྲོ་བའི་རྒྱབ་སྣོན་གཞན་ད་སྔ་བྱུང་ཡོད་པ་མ་རེད་ལ། མ་འོངས་པར་ཡང་འབྱུང་བའི་གནས་སྟངས་ཡོད་མི་སྲིད།
འོ་ན་དབུ་ཁྲིད་བཟང་པོ་དེར་དགེ་རྒན་ཚན་ལྡན་གྱི་ཁྱད་ཆོས་གང་དག་འཛོམས་དགོས་སམ་ཞེ་ན། དེ་ནི་ཆེས་གོ་བདེ་བར་བསྡུས་ཚེ་ལྷན་སྦྱང་གཉིས་ལས་བྱུང་བའི་རྣམ་དཔྱོད་དང་། ལྷག་བསམ། བཟང་སྤྱོད་བཅས་འཛོམས་ཚེ་མི་མང་གི་ཡིད་ཆེས་རེག་ཐུབ་པ་མ་ཟད། མིག་དཔེར་འོས་པའི་དགེ་རྒན་ཚད་ལྡན་གྱི་བྱས་རྗེས་བུ་རབས་ཚ་བརྒྱུད་དུ་གནས་པ་ཇི་བཞིན། དབུ་ཁྲིད་བཟང་པོ་དེ་ཡང་མི་རིགས་དེ་དང་དེའི་ལོ་རྒྱུས་ནང་ཡུན་རིང་བརྩི་བཀུར་འོས་པ་དང་། སྤོབས་པར་འོས་པ། མིག་དཔེར་འོས་པའི་རྣམ་པར་གནས་རྒྱུ་ནི་གདོན་མི་ཟ་བ་ཞིག་རེད།
མཁས་མཆོག་ཟམ་གདོང་རིན་པོ་ཆེས་ཚོགས་གཙོ་དང་བཀའ་བློན་ཁྲི་པའི་ཐུགས་འགན་འཁྱུར་རྗེས། དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་མོར་གཞུང་འབྲེལ་མཛད་སྒོ་ཞིག་ཏུ་མཉམ་ཞུགས་གནང་། སྐབས་དེར་ཡང་མི་མང་གིས་མ་སྐུལ་དྭང་བླངས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་༸གོང་ས་མཆོག་དབུ་བཞུགས་ཐོག་ཕུལ། སྐབས་དེར་༸གོང་ས་མཆོག་གིས་སྡོམ་ཚིག་རང་བཞིན་གྱི་བཀའ་སློབ་ཅིག་བསྕལ་ཡོད། བཀའ་སློབ་དེའི་ནང་ད་བར་རིན་པོ་ཆེས་སྐུ་ཚེ་སྟོད་ཆོས་དང་རིག་གཞུང་གི་ཆེད་དུ་བཏང་ཡོད་པ་རེད་ལ། སྐུ་ཚེ་སྨད་སྒྲིག་འཛུགས་ནང་ཕྱག་ལས་གནང་སྐབས་མི་མང་གིས་ཡིད་ཆེས་བློས་འགེལ་བྱས་སོང་ལ། རིན་པོ་ཆེས་ཧུར་ཐག་འབད་ཐག་གནང་སོང་། ཐུགས་རྗེ་ཆེ་ཞེས་གསུངས་ཡོད།
བཀའ་སློབ་འདི་ལ་མཇལ་ཐེངས་རེ་རེར། གཞན་གྱི་ཡིད་ཆེས་ལས་ལྷག་པའི་རང་ལ་ཁྱད་ནོར་ཞིག་མེད་པར་ངེས་ཤེས་རྙེད་མྱོང་ལ། ཁ་སང་སྤྱི་ལོ་གསར་ཚེས་ཉིན་༸གོང་ས་མཆོག་དང་མཁས་མཆོག་ཟམ་གདོང་རིན་པོ་རྣམ་གཉིས་ལ་ཝར་ཎའི་སློབ་གྲྭའི་གཞུང་དང་སློབ་ཟུར་ཚོགས་པས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སྐབས་ཀྱི་བཅོས་མ་མིན་པའི་ཚོགས་རྭའི་ནང་གི་རྣམ་པ་དེས་ཀྱང་དབུ་ཁྲིད་ཅིག་ལ་མཚོན་ན་མི་མང་གི་ཡིད་ཆེས་ལས་ལྷག་པའི་རྩ་ཆེའི་དངོས་པོ་གང་ཡང་མེད་པའི་ངེས་ཤེས་བརྩེགས་མར་རྙེད། མཚམས་རེར་བདག་ནི་འདི་ལྟར་བསམས་ཏེ། ཟམ་གདོང་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་ཅིག་ཡོད་པའི་ཆ་ནས་༸གོང་ས་མཆོག་གིས་ ༢༠༠༢ ལོར་་ཕྱེད་བགྲེས་ཡོལ་དང་། ༢༠༡༡ ་ནས་རྒྱལ་སྲིད་ཀྱི་ཐུགས་འགན་མི་མང་ལ་གནང་རྒྱུའི་ཐུགས་གདེང་ཡང་ཆེས་ཆེར་རྙེད་པ་མིན་འགྲོ་སྙམ་ལ། ༸གོང་ས་ཆེན་པོས་ཀྱང་ཟམ་གདོང་རིན་པོ་ཆེས་ཆབ་སྲིད་དབུ་ཁྲིད་གནང་སྐབས་མི་མང་གི་ཡིད་ཆེས་ཐོབ་ཐབས་སུ་ཐབས་མཁས་ཐུགས་རྗེའི་རང་བཞིན་ཅན་གྱི་བསྟོད་བསྔགས་གང་ཡང་གནང་དགོས་ཐུག་མེད།
མཁས་མཆོག་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་གཙོ་དང་བཀའ་བློན་ཁྲི་པ་གནང་སྐབས་མི་མང་དང་ཐག་ཉེ་བའི་སྡིངས་ཆ་ཁག་ཏུ་གནད་འགག་གི་སྐབས་ཕུད་རྟག་ཏུ་བྱ་སྤུ་གནོན་གྱི་གོ་རིམ་ལྟར་འབྲེལ་ཡོད་འགན་ལྡན་ལས་བྱེད་སོ་སོར་རང་འགན་སྒྲུབ་བཅུག་པ་ལས། མི་མང་གི་མདུན་དུ་རྟག་ཏུ་བཅར་རྐྱང་། རང་གིས་གང་བྱས་དྲིལ་བསྒྲགས་གནང་རྐྱང་རྩ་ནས་མི་གནང་། ཐ་ན་བྱས་པའི་ལས་བསྡོམས་ཀྱང་ཁྲོམ་བསྒྲགས་བྱེད་པར་མཉེས་པོ་མེད་པ་ཡོངས་གྲགས་རེད། གྲོས་ཚོགས་ནང་ཆབ་སྲིད་སྐོར་གྱི་བཀའ་ཤག་གི་གསལ་བཤད་དང་། ལན་འདེབས། ལམ་སྟོན་གང་ཡིན་རུང་མཁས་པ་མགུ་བ་མི་བསྐྱེད་པ་གཅིག་ཀྱང་མེད་ཅེས་ཞུས་ཆོག་ལ། བཀའ་ཤག་གི་མཁྱེན་རླབས་དང་གཟི་བརྗིད་ནི་ཉི་ཤར་སྦར་མོས་མི་ཁེབས་པ་ཞིག་ཡིན་ཡང་། བཀའ་ཤག་གིས་ནམ་ཡང་ཐབ་ཆུང་ཆུང་མེ་ཚ་བོ་རང་གནང་གི་རེད། ཐབ་ཆུང་ཆུང་མེ་ཚ་བོ་དེའི་ནང་དུ། ལྷན་སྦྱང་གཉིས་ལས་བྱུང་བའི་རྣམ་དཔྱོད་དང་། ལྷག་བསམ། བཟང་སྤྱོད་བཅས་ཡོད་པས། མི་མང་གི་ཡིད་ཆེས་ནི་རྟག་ཏུ་ཟམ་གདོང་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་དག་གི་རྒྱབ་ཏུ་འཚང་ཁ་བརྒྱབ་ནས་ཡོང་གི་ཡོད་པ། དེང་སང་དེ་བས་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་པ་གསལ་པོ་རེད། བདག་ནི་༸མཁས་མཆོག་གང་ཉིད་གངས་ཅན་སྐྱིད་གཤོངས་སུ་བཞུགས་དུས་ཀྱང་ལས་ལ་ཞུགས་ཤིང་། མེད་དུས་ཀྱང་ལས་ལ་ཞུགས་པས། གཞུང་ཞབས་པའི་དཀྱིལ་འཁོར་ལ་གང་འཚམ་རྒྱུས་མངའ་ཡོད་ལ། དེ་རིང་གི་གངས་ཅན་སྐྱིད་གཤོངས་སུ་ཁྱབ་ཆེ་བའི་སྐད་ཆ་གཅིག་ཡོད་པ་ནི་’’ ཟམ་གདོང་རིན་པོ་ཆེ་དྲན་གྱི་འདུག’’་ཅེས་པ་འདི་རེད།
དྲན་གདུང་དེ་ནི་དོན་ལ་ཅིའི་ཕྱིར་མི་གནས་ཏེ། མི་མང་གི་ཡིད་ཆེས་གཅིག་ཏུ་སྤུངས་སའི་དབུ་ཁྲིད་ཅིག་དྲན་པ་ནི་དབུ་ཁྲིད་དེའི་འཛིན་སྐྱོང་རིགས་ལམ་དང་། མཁྱེན་རླབས་ཀྱི་གཟི་བརྗིད། མི་མང་གིས་དེ་ལ་གནང་བའི་ཡིད་ཆེས་བཅས་དྲན་པ་ཡིན་པས། མི་རིགས་དང་ཁྲིམས་སྒྲིག་གི་གནས་སྟངས་ཅི་ཙམ་ཉམས་ང་བ་ཆགས་ན་དེ་ཙམ་གྱིས་རླབས་ཆེན་དབུ་ཁྲིད་རྣམས་དྲན་ཡོང་བ་ནི་ཆོས་ཉིད་རེད།།
༢༠༡༨ ཟླ ༡ ཚེས ༡ ཉིན་ཝར་ཎ་མཐོ་སློབ་བཙུགས་ནས་ལོ་ ༥༠ ་འཁོར་བའི་མཛད་སྒོར་དྲྭ་ལམ་ནས་མཇལ་རྗེས་ཤར་མར་བགྱིས།།
དེང་སང་གངས་སྐྱིད་ཀྱི་ལས་བྱེད་ཚོས་ཟམ་གདོང་རིན་པོ་ཆེ་དྲན་གི་འདུག་ཟེར་བ་དེ། བོད་ཀྱི་གཏམ་དཔེ་ཞིག་ལ། ངན་པ་མ་མཐོང་ན།བཟང་པོ་མི་དྲན་ཟེར་བ་ལྟར་གྱི་གཏམ་དཔེ་འདིས་དེང་སང་གི་དབུ་ཁྲིད་ལ་སྡོམ་ཚིག་ཡག་པོ་འཇོག་ཐུབ་པས། ཁྱེད་ཀྱི་རྩོམ་ཐུང་འདིའི་མཇུག་ཏུ་གཏམ་དཔེ་འདི་བྲིས་ཡོད་ཚེ། བཙན་བྱོལ་བོད་མི་བསམ་བློ་ཡོད་མཁན་ཚོས་རྟོགས་སླ་བར་མ་ཟད།སྡོམ་ཚིག་ཡང་ཡག་པོ་འཇོག་ས་རེད།
ཡག་པོ་བྲིས་འདུག
ཁུག་རྟས་ཡག་པོ་བྲིས་འདུག འོན་ཀྱང་གངས་ཅན་སྐྱིད་གཤོངས་ནས་ཟམ་གདོང་རིན་པོ་དྲན་པ་ནི་རྫུན་མ་ཡིན། གལ་ཏེ་དྲན་ན་བློ་སེང་རྒྱང་ཕུད་ལ་བཏང་ནས་ཟམ་གདོང་སྲིད་སྐྱོང་ལ་འཇོག་རྒྱུ་དེ་ལས་སླ་བོ་ཞིག་རེད། བོད་མིས་བརྒྱ་ཆ་དྲུག་ཅུ་ཟིན་པའི་རྒྱབ་སྐྱོར་ཡོད་ན་དེས་ཆོག་པའོ། །
ད་དུང་བསྡོམས་ཚིག་གཅིག་ནི། ས་སྐྱ་ལེགས་བཤད་ལས།
རྒྱལ་ངན་གཞན་གྱིས་གཙེས་པ་ན།།
ལྷག་པར་ཆོས་རྒྱལ་དྲན་པར་འགྱུར།།
རིམས་ཀྱིས་བཏབ་པའི་སེམས་ཅན་རྣམས།།
གངས་ཆུ་འབའ་ཞིག་ཡིད་ལ་བྱེད།།ཅེས་གསུངས་ཡོད་དེ་རེད།
བློ་སེང་གིས་ལོ་འདི་དག་ལ་ངོམས་རྒྱུ་པེད་ཤག་རྐྱང་པ་དང་། ལས་རྒྱུ་ཁང་པ་གསར་རྒྱག་ཡིན་སྟབས། གངས་སྐྱིད་ནས་མི་ཁ་ཆོད་ཀྱི་མེད་པ་བདེན་པ་རེད། ཡིན་ནའང་། ཚོགས་གཙོ་ཟུར་པས་གསལ་བཤད་ལ་བལྟས་ན། ད་ལྐོག་ཟ་རུལ་སུངས་ཀྱི་དོགས་པ་ཇེ་ཆེར་འགྲོ་བཞིན་པ་དེ་རེད། དེ་ཆེས་ཐབས་སྐྱོ་ཤོས་དེ་རེད། བློ་སེང་དེ་སྔ་པེ་ཅིན་དུ་སོང་བ་དང་རྔན་པ་རེག་པ། དེ་ཙམ་དུ་མ་ཟད་ཐའེ་ཝན་ནས་ཀྱང་ལོ་བསྟུད་མར་པེད་ཤག་རེག ད་བོད་གཞུང་ལ་དབུ་སྐོར་ཞུས་ན་ཡག་པོ་མ་རེད་ཝ།
ཤར་ཕྱོགས་ཁུག་རྟ་ལགས།
་
རེག་ཐུབ་མ་རེད། རག་ཐུབ་རེད།
དྭང་བླངས་མ་རེད། དང་བླངས་རེད།
བཀའ་སློབ་ཅིག་བསྕལ་ཡོད་མ་རེད། བཀའ་སློབ་ཅིག་སྕལ་ཡོད་རེད།
་
སྐྱེས་སྦྱང་གི་ཡོན་ཏན་ལ། ལྷན་སྦྱང་གཉིས་ཞེས་གསར་གཏོད་བྱས་པ་འདིས་ཕན་པ་ལས། གནོད་ཆེ་བ་ཡོད་རེད་དོ།།
ད་དུང་བསྡོམས་ཚིག་གཅིག་ནི། ས་སྐྱ་ལེགས་བཤད་ལས།
རྒྱལ་ངན་གཞན་གྱིས་གཙེས་པ་ན།།
ལྷག་པར་ཆོས་རྒྱལ་དྲན་པར་འགྱུར།།
རིམས་ཀྱིས་བཏབ་པའི་སེམས་ཅན་རྣམས།།
གངས་ཆུ་འབའ་ཞིག་ཡིད་ལ་བྱེད།།ཅེས་གསུངས་ཡོད་པ་དེ་རེད།
༄༅། ཤར་ཕྱོགས་ཁུག་རྟས་དཔེ་ཡག་པོ་བྲིས་འདུག་ བཀྲིས་བདེ་ལེགས་ཡོད།
མཁས་དབང་དབང་ཟེར་ན་ཟབ་གདོང་རིན་པོ་ཆེ་ལྟ་བུ་ལ་ཟེར།
ཁོང་གི་བཀའ་སློབ་དེ་ཚོ་ཉན་སྐབས་ནམ་ཡང་ཉོབ་ཀྱི་མི་འདུག་
ཚིག་ཕྱུག་པོ། དོན་ཕྱུག་པོ། གཏིང་ཟབ་ཞིང་རྒྱས་པ་རྒྱ་མཚོ་ལྟ་བུ།། གཡས་གཡོན་གང་དུ་ཡང་མི་ཕྱོགས་པ་ཆོས་སྲིད་གཉིས་ལྡན་།
རྒྱལ་བ་དོན་གྱི་བདག་པོའི་བཀའ་བཞིན་མཛད་མཁན་བླ་མ་འདི་ལྟ་བུ་
ནམ་ཡང་བྲལ་བར་མ་གྱུར་ཅིག་ སྐུ་ཚེ་བརྟན་རོགས།
རྒྱུ་མཚན་དང་གནས་ལུགས་ལྡན་པའི་རྩོམ་ཡིག་ངོ་མ་རིན་ཐང་ལྡན་ཀི
བཀའ་སློབ་ཅིག་བསྕལ་ཡོད་མ་རེད། བཀའ་སློབ་ཅིག་སྕལ་ཡོད་རེད།
འདི།
བཀའ་སློབ་ཅིག་བསྕལ་ཡོད་མ་རེད། བཀའ་སློབ་ཅིག་སྕལ་ཡོད་མ་རེད།
ལ་བཅོས།
༄༅། ལྟོས་དང་ལྟོས་དང་ཁྲ་ཆུང་མིག་གིས་ཡར་ལ་ལྟོས།
ཨ་ཆེན་གངས་ཀྱི་རི་བོའི་འདབས་ནས་ཡར་ལ་ལྟོས།
བྲེ་སེར་འབྲོང་ཁྱུ་མཐུན་སྒྲིལ་དེ་ལྟོས་སྤུན་ཟླ་ཚོ།
དེ་འདྲ་མཐུན་ན་ཅི་འདྲའི་སྐྱིད་ཨང་སྤུན་ཟླ་ཚོ།
གངས་ཆན་མགོན་པོའི་བཀའ་བཞནི་སྒྲུབ་ལ་སྤུན་ཟླ་ཚོ།