དོལ་སྨྱོན།
༡༽
རླབས་ཀྱི་གཉེར་རིས་ཤིག་ཤིག་ཏུ་འདར་ཞིང་དགུན་གྱི་རླུང་དམར་འུར་འུར་དུ་གཡུགས་པའི་གནས་དེ་རུ། ངེད་གཉིས་ཐོག་མར་ངོ་ཤེས།
༢༽
སྐབས་དེར་ངེད་གཉིས་ཐུན་མོང་གི་མཐོང་ལམ་དུ་སྣང་བ་ནི། གཙང་པོ་དང་འདམ་བྱ། གྲུ་གཟིངས་དང་ལྕགས་ཟམ། རས་གུར་དང་སྨུག་སྤྲིན་བཅས་ཡིན།
༣༽
ངས་ཐོག་མར་ཁོ་ལ་དོ་སྣང་བྱུང་བ་ནི། ཁོ་རང་རས་གུར་ནང་འཛུལ་སྐབས་མདུན་གྱི་ལྕགས་རྭར་འཛེག་དུས་ཧ་ཅང་དཀའ་སྣང་ཆེ་བའི་རྣམ་འགྱུར་དེ་དང་། རས་གུར་ནང་འཛུལ་རྗེས་མདུན་ཕྱོགས་སུ་ཁ་གཏད་དེ་དཀྱིལ་ཀྲུང་བྱས་ནས་འདུག་སྟངས་དེ་རེད།
༤༽
ཁོ་རང་དུ་བ་འཐེན་རྒྱུར་དགའ་མཁན་ཞིག་ཡིན་པས་མི་ཚད། འབུམ་བཅུ་གཅིག་ཙམ་གྱི་མ་རྩ་ཡིན་པའི་ཡིག་ཆ་བླུགས་སའི་ཁུག་མ་ཆུང་ཆུང་དེ་རྒྱབ་ལ་འབྲལ་མེད་དུ་ཁུར་ནས་གཅིག་པུར་འགྲོ་མཁན་ཞིག་རེད།
༥༽
ཉིན་ཞིག་ཁེར་རྐྱང་ལ་སྐྱོད་རྒྱུར་དགའ་བའི་ངེད་གཉིས་ལྕགས་ཟམ་སྟེང་གདོང་ཐུག་དུས། ཁོས་”བཀྲ་ཤིས་བདེ་ལེགས་”ཟེར་རྒྱུའི་ཚབ་ལ་”ཙག་སྒྲ་”ཡོད་དམ་ཟེར། ངས་མགོ་བོ་གཡུགས་ནས་མདུན་ལ་ཕྱིན།
༦༽
དེ་ནས་ལས་དབང་ཞིག་གིས་མི་ཚོགས་མང་པོ་མང་པོ་ཞིག་གི་ཁྱུ་ནས་ངེད་ཅག་སྐོར་ཞིག་གྲུ་གཟིངས་ནས་ཅུང་ཐག་ཉེ་ཡིན་པའི་རི་རྩེ་ཞིག་ལ་བསྐྱལ་ཅིང་། དེའི་ཁྲོད་ན་ངོ་ལ་འཛུམ་མདངས་ཆགས་པའི་ཁོ་ཡང་ཚུད་འདུག
༧༽
རི་རྩེ་དེ་ནི་ནགས་དང་ཞིང་ཁའི་དཀྱིལ་ན་གནས་ཞིང་། ཁ་ཁུ་སིམ་ལ་བསིལ་རླུང་ལྡང་བ། བྱ་བྱིའུའི་སྐད་སྙན་བར་མེད་དུ་སྒྲོག་ཅིང་། རི་རྩེའི་མདུན་དུ་དལ་གྱིས་འབབ་པའི་གཙང་པོ་དང་། ལྟེམ་མེར་ཆགས་པའི་གྲོང་ཁྱེར་དག་ནི་ཁྲ་ཆུང་མིག་གི་སྟོན་མོར་བཤམས་ཡོད།
༨༽
སྐབས་དེར་ངེད་ཅག་མི་དྲུག་གིས་ཟ་མ་མཉམ་དུ་བཟོ་རྒྱུ་བྱས་པས་ཕྱིས་སུ་ངེད་ཅག་གི་མིང་ལ་”ཐབ་ཚང་གཅིག་”པ་ཞེས་ཐོགས། ངེད་ཅག་མི་དྲུག་གི་ཁྲོད་ནས་སྤྱོད་པ་ལྷོད་བག་ཅན་དང་ངོ་ལ་འཛུམ་མདངས་ཅན། ད་དུང་ནམ་ཡང་སྤྲོ་སྣང་ཅན་ཞིག་ཡོད་པ་ནི། ཁོ་རང་རེད།
༩༽
ཁོ་རང་ཞོགས་པ་སྔ་པོར་ལངས་ནས་ཕོ་ཁེབ་ཀྱིས་རྒྱབ་ནས་མདུན་དུ་གཡོགས་ཤིང་། འཕྲེང་བ་ལག་ཏུ་བཟུང་ནས་ཁ་ཏོན་བྱེད་རྒྱུར་ཧ་ཅང་དགའ་བས། ངས་ང་རང་ལ་བེད་སྤྱོད་མེད་པའི་”བྷོ་དྷི”འི་འཕྲེང་བ་དེའང་ཁོ་ལ་བྱིན།
༡༠༽
ཁོས་སྐད་འཕྲིན་ནང་གི་གཟུགས་མཐོང་འཕྲིན་ལམ་ནས། “རས་དཀར་པོ་དེ་མར་ཙམ་བྱོས་དང་”ཞེས་པའི་སྐད་ཆ་དེ་ནི་ངེད་ཅག་ཐབ་ཚང་གཅིག་པ་དག་ལ་མཚོན་ན་ནམ་ཡང་བརྗེད་ཐབས་བྲལ་བའི་སྐད་ཆ་ཐུང་ཐུང་ཞིག་རེད། སྐད་ཆ་ཐུང་ཐུང་དེས་ངེད་ཅག་གི་མིག་ཆུ་དང་སྣ་ཆུ་ལྷན་ཅིག་ཏུ་བཞུར་བཅུག་མྱོང་ཡོད།
༡༡༽
ཉིན་ཞིག་ངེད་གཉིས་རྐང་འཁོར་རེ་རེ་ཞོན་ནས་གྲུ་གཟིངས་ལ་འཆམ་འཆམ་འགྲོ་བར་ཐག་བཅད། འོན་ཀྱང་ངའི་རྐང་འཁོར་གྱི་ཁ་འགོག་བྱེད་ཀྱི་མ་ལག་ལ་སྐྱོན་ཤོར་ཡོད་པས། ངས་རྐང་པ་གཡས་པས་མདུན་གྱི་འཁོར་ལོར་མནན་ཏེ་མགྱོགས་བུལ་གྱི་ཚོད་འཛིན་བྱས། རི་རྩེ་ནས་ཐུར་ལ་འགྲོ་དུས་སྣ་ལམ་ལ་དྲི་ངན་ཞིག་ཁྱབ་ཡོང་བས་ཅི་ཡིན་མ་ཤེས་པར་མདུན་དུ་བསྐྱོད། གང་འཚམ་ནས་རྐང་མཐིལ་ལ་ཚ་སོབ་སོབ་ཀྱི་དྲོད་ཅིག་ཁྱབ་ཡོང་བས། རྐང་འཁོར་ལས་བབ་ཏེ་རྐང་མཐིལ་ལ་ལྟ་དུས། ལྷམ་མཐིལ་ཟད་ནས་རྐང་ཤུབ་བར་དུ་ཨི་ཁུང་བརྟོལ་འདུག ངེད་གཉིས་རྒྱུ་མ་ཆད་ཆད་བར་བགད་དེ་ལམ་ཕྱེད་ནས་ལོག་དགོས་ཐུག
༡༢༽
རྡ་སའི་ཆབ་སྲིད་པའི་ཁྲོད་ན་ཁོ་རང་དགའ་ས་གཅིག་རང་ཡོད་པ་ནི་ཤར་གླིང་ཟླ་སྒྲོན་རེད། ཁོ་རང་བཙན་བྱོལ་ལ་སླེབས་རྗེས་འོས་ཤོག་གི་ཕུད་དེའང་ཤར་གླིང་ལ་ཕུལ་བ་ཡིན་ཟེར། ཤར་གླིང་སྤྱི་འཐུས་དང་བཀའ་ཤག་གི་བར་ནས་སྟོང་བར་ལྷག་དུས་ཁོས་སེམས་ཁྲལ་ཚད་མེད་བྱས་ཡོད།
༡༣༽
ཁོ་རང་ནམ་རྒྱུན་སྣང་བ་སྐྱིད་ཅིང་དགོད་སྒྲ་ལྷང་ལྷང་ཅན་གྱི་མི་ཞིག་ཡིན་ལ། ད་དུང་རྒུན་ཆང་དང་ལྦུ་ཆང་ལ་རོལ་རྗེས་ལྷག་པར་དུ་དགོད་ཡོང་། དེ་དུས་ཁོའི་གདོང་པ་དང་གདོང་པ་དེའི་རྣམ་འགྱུར་ནི་ཧ་ཅང་སྙིང་རྗེ་བ་ཞིག་རེད།
༡༤༽
ངེད་གཉིས་ཐུན་མོང་ལ་ཐུན་མོང་གི་ཁྱད་ཆོས་འགའ་ཡོད་པ་ནི། བཟའ་ཟླ་དང་བུ་ཕྲུག་མེད་ཅིང་། མཐའ་ན་དགའ་རོགས་ཙམ་ཡང་མེད་ལ། ནམ་རྒྱུན་བུ་མོའི་རྗེས་སུ་སྤྱང་ཀི་ཤ་ལ་འདུར་བ་ལྟར་མི་བྱེད་ཅིང་། དེ་རིང་དང་ད་ལྟའི་དུས་ཚོད་ལ་སྣང་བ་སྐྱིད་སྐྱིད་ངང་སྡོད་པ་དེ་རེད།
༡༥༽
ཁོ་རང་མི་གཤིས་ལྷོད་བག་ཅན་དང་རྣམ་པ་རྫིག་ཉམས་ཅན་ཡིན་པས་ངེད་ཚོས་ཁོ་ལ་”སྐུ་ངོ་”དང་”སྐུ་ངོ་ཆེན་མོ་”ཞེས་རྩེད་མཚར་དུ་འབོད་པ་ཡིན།
༡༦༽
ལོ་ངོ་གསུམ་གྱི་རྗེས་ཀྱི་དེ་རིང་ཡང་། ངེད་གཉིས་སོ་སོའི་ཁང་ཆུང་རེ་ན་རྨི་ལམ་མག་མོག་གི་ཁྲོད་ནས་སོ་སོའི་ལས་དབང་ལ་ཁ་གཏད་གཅོག་གིན་ཡོད་ལ། དགུན་གསུམ་གྱི་གྲང་ངར་དང་ཟམ་ཟིམ་གྱི་ཆར་བའི་ཁྲོད་ན་ངེད་གཉིས་ཀྱི་རྐང་རྗེས་ཀྱང་རབ་རིབ་དང་མག་མོག་ངང་ནས། ཆ་མི་འཚལ་བའི་ལམ་བུ་གང་ཞིག་ལ་སྤོ་བཞིན་ཡོད་ཨང་།
༠༢-༠༡-༢༠༡༨