ཞི་བདེའི་ལང་ཚོས།
མིག་ཆུ་ནི་དགའ་སྐྱོ་གི་གདུང་བ་ལས་གྲུབ་པའི་སྙིང་ཁྲག་དམར་པོ་ཞིག་རེད་ལ། མིག་ཆུ་ནི་སེམས་ནང་གི་བཅོས་མ་མིན་པའི་་ཚོར་བ་ངོ་མ་ཞིག་རེད། ཚོར་བ་དེ་ཡང་གཞན་ལ་བསྙད་མ་ནུས་པ་དང་། བསྙད་ཀྱང་རྫོགས་ཐབས་མེད་པའི་བཟོད་དུ་མེད་པའི་སེམས་ནང་གི་ཚོར་བ་རྣོན་པོ་ཞིག་རེད། མི་སུ་འདྲ་ཞིག་ཡིན་རུང་མིག་ནས་མིག་ཆུ་ཤོར་བར་མི་འདོད།
འོན་ཀྱང་སེམས་ནང་གི་ཚོར་བ་ལ་རང་དབང་མེད་ཙང་། ནང་སེམས་ཀྱི་ཚོར་བའི་རྐྱེན་གྱིས་མིག་ནས་མིག་ཆུ་དབང་མེད་དུ་ལྷུང་བཞིན་ཡོད། མ་ཟད་མིག་ཆུའི་ཐིགས་པ་རེ་རེ་ལའང་བཟོད་དུ་མེད་པའི་ལོ་ཟླ་མང་པོའི་སེམས་ནང་གི་ཚོར་བའི་སྲོག་རྩ་གནས་ཡོད་ལ། མིག་ཆུའི་ཐིགས་པ་རེ་རེ་ཡང་བརྩེ་དུང་གི་བསྐྲུན་པའི་སྐྱོ་སྣང་དང་ཕོག་ཐུག་གི་ཚོར་བ་ལས་གྲུབ་པ་ཞིག་རེད།
མིག་ཆུའི་རྣམ་པ་ནི་ཆུ་ཡིན་ཀྱང་། མིག་ཆུའི་ངོ་བོ་ནི་མི་ཡི་ཚེ་སྲོག་དང་འབྲེལ་བ་ཆེ་བའི་ཚོར་བ་རྣོན་པོ་ཞིག་རེད། མིག་ཆུ་ཡི་རྒྱུན་ལས་སེམས་ནང་གི་ཚོར་བ་ངོ་མ་མཚོན་ཐུབ་ཀྱི་ཡོད་ལ། མིག་ཆུས་ཁ་ནས་བཤད་མི་ཐུབ་པའི་སེམས་ནང་གི་ཚོར་བ་མང་པོ་ཞིག་གཞན་ལ་ལྐོག་བརྡ་ཡི་ཚུལ་དུ་ར་སྤྲོད་བྱེད་ཀྱི་ཡོད།
དེ་བས་ན། གཞན་གྱི་མིག་ཆུ་ལ་བསམ་ཤེས་དང་རྒྱུ་མཚན་དུ་མཐོང་སྟེ་དང་ལེན་བྱེད་དགོས་པ་ལས་གཞན་གྱི་མིག་ཆུ་ལ་སྣང་མེད་གཏོང་མི་རུང་ལ། འཁར་ར་དེ་བས་ཀྱང་བྱེད་མི་ཉེན། ཅི་སྟེ་ཁྱེད་རང་གིས་གཞན་གྱི་མིག་ཆུ་ལ་སྣང་མེད་དང་འཁང་ར་བྱས་པ་ན། རང་གིས་སྣང་མེད་དང་འཁར་ར་བྱས་པ་དེ་ཉིད། ཉིན་གཅིག་གཏན་གཏན་དོར་ཐབས་མེད་པའི་ཁྱེད་རང་གི་འགྱོད་སེམས་དང་མིག་ཆུ་རུ་འགྱུར་ངེས།