གཡག་རྫིས།
ལོ་བདུན་གྱི་རིང་ལ་ས་སྐྱའི་སྨོན་ལམ་ལ་བཅར་སྐལ་མ་བྱུང་བས་ད་ལོ་ས་སྐྱའི་སྨོན་ལམ་སྐབས་ཉེར་དྲུག་པ་རྡོ་རྗེ་གདན་དུ་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་མཐོང་བ་དང་ང་རང་ད་ལོ་དེར་བཅར་རྒྱུའི་འདུན་པ་བྱུང་། ཟླ་བ་གཉིས་ཀྱི་སྔོན་ནས་ང་ཚོ་མི་བཞིས་ཡར་མར་གཉིས་ཀའི་ལམ་རིན་མི་རེས་སྒོར་མོ་ཆིག་སྟོང་ཉིས་བརྒྱ་ལྷག་རེ་སྤྲད་ནས་མེ་འཁོར་འཛིན་བྱང་མཉམ་དུ་མངག་ཉོ་བྱས་པ་ཡིན། ཕྱི་ལོ་༢༠༡༧ཟླ་༡༢ཚེས་༢༣ཉིན་ས་གནས་སྡེ་ར་རྡུན་ནས་དངོས་སུ་ལམ་ལ་ཆས་འགོ་ཚུགས། ལམ་ལ་ཆས་ཁར་མེ་འཁོར་འཛིན་བྱང་ཉོ་སར་སོང་ནས་ཉལ་སའི་གནད་དོན་དྲིས་ཀྱང་འཛིན་བྱང་ཉོ་སའི་མི་དེས་ད་ལྟ་ཉལ་ཁྲི་གཅིག་ལས་ཐོབ་མེད་ཀྱང་ཅུང་ཙམ་རྗེས་ནས་ཚང་མ་ལ་ཉལ་ས་ཐོབ་རྒྱུ་ཡིན་པས་སེམས་ཁྲལ་མི་དགོས་ཚུལ་མང་དག་ཅིག་བཤད་སོང་། ཡིད་ཆེས་ཀྱིས་བསླུས་པའི་ང་ཚོ་མེ་འཁོར་འབབ་ཚུགས་སུ་ཕྱིན་ནས་མེ་འཁོར་ནང་དུ་འཛུལ་དུས་ང་ཚོ་མི་བཞི་ལ་ཉལ་ས་ཕྱེད་དང་གསུམ་ལས་རག་མི་འདུག་ནའང་ཅི་བྱ་མི་འདུག །དོན་ལ་ཉལ་ས་གཅིག་དང་རྐུབ་སྟེགས་གསུམ་རེད་འདུག །
ཉལ་ས་དེའི་སྟེང་དུ་ལས་རོགས་གཅིག་ཉལ་སོང་ལ་གྲོགས་པོ་གཞན་གཉིས་ཉལ་ས་གཅིག་གི་སྟེང་དུ་བསྡད། ང་དང་རྒྱ་གར་བ་ཞིག་ཉལ་ས་གཅིག་གི་སྟེང་དུ་ཁེལ་འདུག་པས་རྒྱ་གར་བ་རྒད་པོ་གཅིག་གིས་ཁོ་ཚོར་ནང་མི་མང་པོ་ཡོད་ཚུལ་སོགས་སྐད་ཆ་རབ་བེ་རིབ་བེ་མང་པོ་ཞིག་བཤད་ཀྱི་འདུག་ནའང་ཧིན་སྐད་ཐར་ཐོར་ལས་མི་གོ་བའི་ངས་ཨ་ཆ་ཟེར་བ་ཙམ་ལས་ལན་ཅི་ཡང་འདེབས་ཤེས་མ་སོང་། ཅུང་ཙམ་རྗེས་ནས་རྒྱ་གར་གྱི་བུད་མེད་སྦྲུམ་མ་ཞིག་སླེབས་སོང་ལ་བུད་མེད་དེ་ངའི་ཟུར་ནས་བསྡད་སོང་། དེ་ནས་ཁམས་མི་དྭངས་བའི་བུད་མེད་དེས་ང་ལ་བལྟས་ནས་ཉོག་གཏམ་བཤད་ཀྱིན་འདུག །དོན་དག་ལ་ཉལ་ས་ཕྱེད་དེས་འགྲིགས་ཀྱི་མེད་པའི་སྐོར་རེད་བསམ་པ་ཞིག་བཤད་ཀྱི་འདུག །ཡུན་རིང་མ་འགོར་བར་བུད་མེད་དེ་ལངས་ནས་བུད་སོང་ལ་ཤུལ་དུ་སྐྱེས་པ་ལོ་ཉུང་ཞིག་ཡོང་སོང་།
མེ་འཁོར་གྱིས་དུང་བརྡ་རིང་མོ་རྒྱང་ལ་འཐེན་ཞོར་ས་ཆེན་པོ་ཁད་ཀྱིས་གཤགས་ནས་ག་ལེར་ནུད་སོང་། མི་ཚེ་འདིར་རྒྱ་གར་བ་ཞིག་དང་ལྷན་དུ་ཉལ་ས་གཅིག་ནས་ཉལ་བ་ཐོག་མ་ཡིན་ལ་རྒྱ་གར་བ་དེ་ནི་གཟུགས་པོ་ཧ་ཅང་ཕྲ་བུ་ཅན་ཞིག་རེད། ཉལ་ས་ཕྱེད་ལྷག་ཅིག་ངས་ཟིན་ན་ཡང་མི་དེས་ང་ལ་རྙོག་དྲ་ཅི་ཡང་བཤད་མ་སོང་། མེ་འཁོར་གྱི་སྒེའུ་ཁུང་ཇི་ཙམ་གཏན་ན་ཡང་རྙིང་ཧྲུལ་དུ་སོང་བའི་མེ་འཁོར་གྱི་སྲུབ་མཚམས་དང་སྒེའུ་ཁུང་གི་བར་གསེང་ནས་དགུན་རླུང་རྣོན་པོ་ནང་ལ་ལྡང་ཡོང་གི་འདུག །སྟབས་མ་ལེགས་པའམ་སྟབས་ལེགས་པ་ཞིག་ལ་རྒྱ་གར་བ་དེར་རས་གོས་ཞིག་ལས་ཅི་ཡང་གོན་རྒྱུ་མི་འདུག་པས་དགུན་གྱི་གྲང་ངར་གྱིས་གདུངས་བའི་ཁོ་ངའི་ཀམ་པ་ལའི་ཐུ་འོག་ཏུ་འཛུལ་ཅི་ཐུབ་བྱེད་ཅིང་དྲང་བདེན་མེད་པའི་ངས་རྐང་རྐྱོང་ལག་རྐྱོང་བྱས་ཏེ་ཉལ་སའི་སུམ་ཆ་ཙམ་བཟུང་ནས་ཉལ་བ་ཡིན།
དེ་ལྟ་དེ་ལྟར་གྲོང་ཁྱེར་དང་གྲོང་རྡལ་རིམ་གྱིས་བརྒལ་ཞིང་ཆུ་བོ་དང་ནགས་ཚལ་ཁད་ཀྱིས་བཞག་ནས་སོང་མཐར་ཉིན་མཚན་གསུམ་གྱི་རྗེས་སུ་གནས་མཆོག་རྡོ་རྗེ་གདན་ལ་འབྱོར། ངོ་མ་བྱས་ན་ཉིན་མཚན་གཉིས་ཀྱིས་སླེབས་ཀྱི་ཡོད་ནའང་རྗེས་ལུས་ལ་ཅི་ཡང་མི་བརྩི་ཞིང་ག་ལེར་བྱས་ན་འགྲིགས་འགྲོ་ཟེར་བའི་རྒྱ་གར་བས་ལྷོད་དལ་བག་ཡངས་ཀྱིས་ཉིན་མཚན་གཉིས་ཀྱི་སར་ཉིན་མཚན་གསུམ་ཙམ་ཐོགས་སོང་། དེར་འབྱོར་འཕྲལ་སྡོད་གནས་སུ་སོང་བ་ཡིན་ལ་ང་ཚོ་བསྡད་ས་ནི་རྙིང་མའི་སྨོན་ལམ་གྱི་ཁང་པའི་ནང་རེད་འདུག །གཞི་རྒྱ་ཆེ་ཞིང་དཔངས་མཐོ་བའི་ཁང་པ་དེའི་ཁང་ཚན་གསུམ་པའི་ཐོག་བརྩེགས་གཉིས་པ་སྒོ་རྟགས་ཨང་༼༢༠༥༽པའི་ནང་ང་ཚོ་མི་སུམ་ཅུ་སོ་དྲུག་མཉམ་དུ་རེད་འདུག །ཏག་ཏག་མི་སུམ་ཅུ་སོ་དྲུག་ཡོད་མེད་མ་ཤེས་ཀྱང་གང་ལྟར་མི་མང་པོ་ཞིག་མཉམ་དུ་རེད་འདུག །ང་ཚོའི་སྔོན་དུ་ཚང་མ་འབྱོར་ཚར་འདུག་ལ་ང་ཚོ་ཁང་པ་དེར་ཡོང་མཁན་ཐ་མ་རེད་འདུག །ང་དང་རོགས་པ་དག་ཁོ་ཚོའི་འདབས་ནས་ཉལ་ས་བཟུང་ནས་བསྡད་པ་ཡིན།
དེར་ཡོད་པའི་མི་ཁ་ཤས་ལས་མང་ཆེ་བ་ངོ་ཤེས་ཀྱི་མི་འདུག་ལ་མཐོང་མྱོང་ཡང་མི་འདུག་པས་ཆ་མེད་རྒྱུས་མེད་མང་པོ་འདུག་ལ་མང་ཆེ་བ་ལོ་ཆུང་ཤ་སྟག་རེད། ང་རང་རྡོ་རྗེ་གདན་ལ་ཐེངས་མང་འགྲོ་མྱོང་ཡོད་པས་ས་དེའི་ཁོར་ཡུག་དང་གནམ་གཤིས་སོགས་ལ་རྒྱུས་མངའ་ཅུང་ཙམ་ཡོད། ང་ས་དེར་སླེབས་ཐེངས་མང་ཆེ་བ་དགུན་དུས་ཡིན་ཞིང་དེར་སླེབས་ཐེངས་རེར་མཁའ་དབུགས་དང་གནམ་གཤིས་ཀྱི་རྐྱེན་པས་ང་ལ་ཆམས་པ་རེ་ཕོགས་ཀྱི་ཡོད་པས་ད་ལན་ཡང་དེ་ལས་མ་འདས་པར་དེར་སླེབས་ནས་ཉིན་གསུམ་པར་ཏག་ཏག་ཆམས་པ་ཞིག་ཕོགས་སོང་།
ཉིན་རྟག་པར་ཞོགས་པ་སྔ་ལངས་ཀྱིས་ཁ་ཏོན་བཏོན་ཞིང་ཞོགས་ཇ་བཏུང་རྗེས་རོགས་པ་ཚོ་དང་མཉམ་དུ་མཆོད་རྟེན་ནང་ལ་སོང་བ་ཡིན། ལོ་སྔ་མ་དག་ཏུ་རྙིང་མ་དགོན་པ་ནས་མཆོད་རྟེན་བར་དུ་གླ་འཁོར་ནས་སོང་ན་མི་རེར་སྒོར་ལྔ་རེ་ལས་མི་དགོས་མོད་ད་ལོ་མི་རེར་སྒོར་བཅུ་རེ་མ་སྤྲད་མ་འགྲོ་རོགས་བྱེད་ཀྱི་མི་འདུག །བྲེལ་ཟིང་ཆེ་བའི་རྡོ་རྗེ་གདན་དུ་ནམ་རྒྱུན་ལྟར་མི་མང་ཞིང་འཚང་ཁ་ཆེ་བ་དང་སློང་མོ་བ་མོད་ལ་ལྷག་ཏུ་ལོ་རེ་ནས་འཕྲུལ་ཆས་རིགས་ཇེ་མང་ནས་ཇེ་མང་དུ་སོང་བས་ལམ་བར་ནས་འགྲོ་སྡོད་བྱེད་པ་ནི་དཀའ་ཁག་ཆེ་བའི་གནས་སུ་གྱུར་འདུག །
མཆོད་རྟེན་ཆེན་མོའི་ཕྱི་ལོགས་ཀྱི་སྒོ་ཐོད་ལ་ཆོས་བརྒྱུད་སུས་ལས་འགུལ་སྤེལ་བ་ཡིན་ན་སོ་སོའི་དར་ཆ་སྦྲེང་ཞིང་འཕྲེད་དར་ངོས་སུ་ཁ་གཡང་སྣ་ཚོགས་ཤིག་འབྲི་སྲོལ་ཡོད་པ་ལྟར་ད་ལྟ་ཡང་ས་སྐྱ་པའི་དར་ཆ་སྦྲེང་ཞིང་ས་སྐྱའི་སྨོན་ལམ་སྐབས་ཉེར་གཅིག་པའི་ཤིས་བརྗོད་དང་སྨོན་ཚིག་སོགས་ཀྱིས་ཕྱོགས་མཐའ་ཁག་ནས་ཕེབས་པ་དག་ལ་ཕེབས་བསུ་མཚོན་ཆེད་འཕྲེད་དར་དམར་པོ་ཞིག་གི་སྟེང་དུ་ཡིག་ཆེན་གྱིས་ཤིས་ཚིག་གང་མང་ཞིག་བྲིས་འདུག །སྒོ་ཆེན་གྱི་གཡས་གཡོན་ཡར་མར་ན་མེ་ཏོག་དང་ཕྲེང་བ། སྐུ་པར་དང་ཁ་རས། ཇ་དང་སྒོར་གསིལ་སོགས་འཚོང་མཁན་གྱིས་ལམ་འགྲོ་བ་ཚོ་སྔོན་ནས་འགོག་ཅིང་རྒྱབ་ནས་འདེད་ཀྱིན་བྲེལ་ཟིང་གི་སྟེང་དུ་བྲེལ་ཟིང་སྣོན་པར་བྱེད། མཆོད་རྟེན་གྱི་རྭ་སྐོར་ནང་ཁ་པར་དང་པར་ཆས་རིགས་ཆོག་མཆན་མེད་པར་གཏན་ནས་ཁྱེར་མི་ཆོག་ལ་སྒོ་ཆེན་འགྲམ་དུ་ཉེན་རྟོག་སྐོར་སྲུང་བས་ལུས་པོ་དང་རྒྱབ་ཁུག་སྔོག་བཤེར་བྱེད་ཅིང་དོ་དམ་ནན་པོ་བྱེད་ཀྱི་འདུག་ནའང་མཆོད་རྟེན་ནང་དུ་ཁ་པར་ཁུར་མཁན་མང་པོ་ཞིག་མཐོང་རྒྱུ་འདུག །
ཕྱི་ལོ་༢༠༡༧ཟླ་༡༢ཚེས་༢༦ནས་ཕྱི་ལོ་༢༠༡༨ཟླ་༠༡ཚེས་༠༤བར་ཉིན་བཅུའི་རིང་ས་སྐྱའི་སྨོན་ལམ་ལ་མཉམ་ཞུགས་བྱས་པ་ཡིན། ཉི་མ་འདི་ཚོར་ངའི་དུས་ཚོད་མང་ཆེ་བ་ཞིག་མ་ཁོམ་པའི་ངང་ནས་རྫོགས་སོང་ལ། རྙིང་མ་དགོན་པ་དང་མཆོད་རྟེན་རིན་པོ་ཆེའི་བར་དུ་ཡར་རྒྱུག་མར་འདུར་གྱིས་དུས་ཚོད་མང་ཆེ་བ་དེར་ཟད་སོང་བའི་སྣང་བ་ཤར་སོང་། འདི་ནི་ས་སྐྱའི་སྨོན་ལམ་སྐབས་ཉེར་དྲུག་པ་རེད་འདུག་ལ་འདི་ཡན་གྱི་སྐབས་ཉི་ཤུ་རྩ་ལྔ་ལུམྦི་ནིར་འཚོགས་ཡོད་འདུག་ལ་རྒྱུ་མཚན་ཅི་ཡིན་ངས་གསལ་བོ་ཞིག་མི་ཤེས་མོད་གང་ལྟར་ད་ལོ་རྡོ་རྗེ་གདན་ལ་ཐེངས་དང་པོ་འཚོགས་པ་རེད་ཟེར།
ཚོགས་པ་འཚོགས་དུས་ང་རང་རོགས་པ་ཚོ་དང་མཉམ་དུ་བྱང་ཆུབ་ལྗོན་ཤིང་ཡོད་སའི་ཕྱོགས་ཀྱི་དཀྱིལ་དེ་ཤེད་ནས་བསྡད་པ་ཡིན། ཡར་མར་ལ་བལྟ་དུས་གྲྭ་བ་མང་ཆེ་བ་མཐོང་མྱོང་མེད་པའི་ལོ་ཆུང་མང་པོ་རེད་འདུག་ལ་མདུན་གྲལ་རྒྱབ་གྲལ་གང་དུ་བལྟས་ན་ཆུང་བ་བཅའ་བཅུ་རེའི་མཚམས་སུ་ཆེ་བ་རེ་བཞུགས་འདུག་ལ། ཡང་ནི་ཆུང་བ་ཚོ་མདུན་གྲལ་དང་ཆེ་བ་ཚོ་རྒྱབ་ཕྱོགས་ན་ཡོད་པས་གྲལ་སྒྲིག་སྟངས་ཆ་སྙོམས་པོ་ཞིག་རེད་མི་འདུག་པའི་སྣང་བ་སྟེར་ཡང་སུ་ཞིག་གིས་ཅི་ཡང་བྱེད་ཀྱི་མི་འདུག །དེ་ལས་ཀྱང་ཆ་མི་སྙོམས་པ་ཞིག་ནི་གྲྭ་བཙུན་ཚོའི་ཆོས་གོས་ཀྱི་ཁ་དོག་རེད་འདུག །ཚོགས་པ་དེར་ཆོས་གོས་རིགས་གསུམ་སྟེ་སེར་པོ་དང་། དམར་སྨུག །དམར་ཆེན་གསུམ་མནབ་ནས་འདུག །རྒྱབ་ལོགས་དང་གྲལ་མཐའ་ནས་ཆ་མ་སྙོམས་པ་ཙམ་མིན་པར་གོང་ཁྲི་ཐོག་གི་བླ་མའི་ན་བཟའ་ནས་ཚང་མའི་ཆོས་གོས་ཀྱི་མདོག་ཆ་སྙོམས་ཤིག་མེད་པས་མིག་ལ་སྣ་ཚོགས་ཤིག་སྣང་གིན་འདུག །སྤྱིར་བཏང་ནས་ཆོས་གོས་ཀྱི་ཁ་དོག་རུང་བ་ངུར་སྨྲིག་གསུངས་ཡོད་ནའང་ངུར་སྨྲིག་ནི་དམར་སེར་ཐུན་མོང་གི་མིང་ཡིན་པ་ལས་ཆེད་དུ་དམར་པོ་དང་ཡང་ན་སེར་པོའི་མིང་མིན་པ་ཚིག་མཛོད་ལས་གསལ། བག་ཆགས་གང་ཞིག་གིས་ཡིན་མིན་མ་ངེས་ཀྱང་ངའི་སེམས་ངོར་ཆོས་གོས་ནི་སེར་པོ་ཡིན་དགོས་པའི་སྣང་བ་ཤར་གྱི་འདུག །ད་ཐེངས་སྨོན་ལམ་ལ་དགོན་ཁག་སོ་སོར་མཚན་ཐོ་བཀོད་ཡོད་པ་གཞིར་བཟུང་གིས་གྲྭ་བཙུན་རྣམས་ལ་ཆོས་གོས་རེ་གནང་སོང་ལ་ཆོས་གོས་ཀྱི་ཁ་དོག་དམར་ཆེན་རེད་འདུག །
མི་མང་པོ་ཞིག་གིས་ད་ལོ་༸ས་སྐྱ་གོང་མ་རིན་པོ་ཆེ་ཕེབས་མི་འདུག་ཟེར་གྱི་འདུག་ཅིང་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དབུ་བཞུགས་ཐོག་སྨོན་ལམ་འཚོག་བཞིན་པ་རེད། དུས་ཚོད་ཚེས་གྲངས་ཏག་ཏག་ཅིག་མ་ངེས་མོད་ན་ནིང་ད་ཚོད་ཅིག་ཡིན་བསམ་སོང་། ང་རང་མི་ལྔ་བརྒྱ་ཙམ་ཡོད་པའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་འཛུལ་བ་ཡིན། དེར་མི་མང་པོ་ཞིག་གིས་ཆ་ཤས་བླངས་ནས་སྐད་ཆ་མང་པོ་བཤད་ཀྱི་འདུག །མི་ཚོས་ཟེར་ན་ས་སྐྱ་གོང་མ་ཞེས་པའི་མཚན་དེ་དེང་སང་མི་སྣ་ཆེ་གེ་མོ་དང་། ཚོགས་པ་ག་གེ་མོས་བེད་སྤྱོད་བྱེད་ཀྱི་མི་འདུག་པར་དེའི་ཚབ་ཏུ་ས་སྐྱ་བདག་ཁྲི་དང་ས་སྐྱ་ཁྲི་འཛིན་ཙམ་ལས་མཚན་ཡོངས་རྫོགས་འབོད་ཀྱི་མི་འདུག་ཟེར། དེ་ནི་སུ་ཞིག་གིས་ཆེད་དུ་བྱས་ནས་ང་ཚོར་མཐོང་ཆུང་ངམ་ཡང་ན་མ་གུས་པ་བྱས་པ་ཡིན་པས་ང་ཚོས་ནམ་ཡང་ཁས་ལེན་བྱ་ཐབས་མེད་ཟེར། རྗེས་སུ་གཞུང་དང་གཞུང་འབྲེལ་མ་ཡིན་པ་སུས་ཀྱང་ཡིག་ངག་གཉིས་ཐོག་ནས་མཚན་གྱི་ཟུར་ཙམ་ཡང་མ་ཉམས་པར་བེད་སྤྱོད་མ་བྱས་ན་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་རབས་སོགས་མང་དག་ཅིག་བཤད་སོང་། ད་ཐེངས་ཁོ་ཚོའམ་ཡང་ན་ང་ཚོ་སྟེ་ས་སྐྱ་པའི་མི་དག་གི་ངག་ལམ་ན་ས་སྐྱ་མི་འདུག་ལ་གོང་མ་ཡང་མེད་པར་ཅིག་ཡོད་པ་ནི་ཁྲི་འཛིན་རིན་པོ་ཆེ། ཁྲི་འཛིན་རིན་པོ་ཆེ་ཞེས་པ་ཁོ་ན་རེད་འདུག །
མཆོད་རྟེན་ཆེན་མོའི་རྭ་བའི་ནང་དུ་གནས་སྐོར་བ་དང་། མཆོད་མཇལ་བ། ཕྱག་མཆོད་མཎྜལ་ལ་བརྩོན་མཁན། དགེ་སྒྲུབ་སྡིག་སྤོང་ལ་འབུངས་མཁན་སོགས་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས་ཁེངས་བསྡད་འདུག །ལོ་སྔོན་མ་དང་མི་འདྲ་བར་ད་ལོ་ནི་བོད་ནས་ཡོང་བའི་གསར་འབྱོར་བ་གང་འཚམས་མང་པོ་རིག་རྒྱུ་འདུག །དགུན་ཟླ་བར་མའི་ཞོགས་དུས་ཀྱི་རྡོ་རྗེ་གདན་ནི་བཤད་ན་ཡིད་མི་ཆེས་པའི་གྲང་ངར་ཅན་གྱི་ས་གནས་ཤིག་རེད། ཞོགས་པ་རེ་རེར་ཁོར་ཡུག་ཡོངས་རྫོགས་སྨུག་པས་བཏུམས་ཤིང་དགུན་རླུང་གྲང་མོ་ཞིག་གིས་ལྗོན་ཤིང་དང་ལྗོན་ཤིང་གི་ཡལ་འདབ་སྒུལ་ཡོང་ལ། མགྲོན་པོ་ཚོའི་ཁ་རླངས་སྐྱ་ཐོལ་ཐོལ་དུ་ལྡང་བ་མཐོང་རྒྱུ་ཡོད། སྨོན་ལམ་ཉིན་དྲུག་པའམ་བདུན་པ་གང་ཡིན་མ་ཤེས་མོད་ཉིན་ཞིག་གི་ཞོགས་པར་རྡ་ས་ནས་”ས་སྐྱའི་སྤྱི་འཐུས་”ཏེ་སྐུ་ངོ་ལགས་ཕེབས་འདུག །”སྤྲུལ་ལུས་ལོན་ཚད་”དང་། “མཁན་མིང་ཐོགས་ཚད་”ལ་དམིགས་བསལ་”བཞུགས་གནས་གདན་ཐོབ་”དང་། “སྐུ་འགྱེད་འཕར་འབུལ་”ལེན་པའི་ཐོབ་ཐང་ཡོད་སྲོལ་འདུག་ནའང་སྐུ་ངོ་ལགས་ནི་རྒྱབ་གྲལ་གཉིས་ཀྱི་མཐུད་མཚམས་ཀྱི་རྡོ་བཅལ་སྟེང་ན་བཞུགས་འདུག །ང་རང་གམ་དུ་བཅར་ནས་ཁམས་བདེ་འཚམས་འདྲི་ཞུས་ཏེ་ལག་འཇུ་ཞིག་བྱས་པ་ཡིན་ལ་སྐུ་ངོའི་ཕྱག་ལག་ཀྱང་གྲང་མོ་རེད་འདུག །དེ་ནས་བཟུང་སྨོན་ལམ་མ་རྫོགས་བར་དུ་སྐུ་ངོ་ལགས་དེར་བཞུགས་གདན་འཇགས་སོང་།
ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་འདོན་པ་དབུ་འཛུགས་ཀྱི་འདུག་ལ་སྤྱིར་བཏང་ནས་འདོན་པ་སྣ་ཁ་མང་པོ་ཞིག་གསུང་གི་མི་འདུག །གང་ཡོད་པ་དེ་ལས་ཕལ་ཆེ་བ་ཞིག་ངས་བློ་ཐོག་ནས་སྐྱོར་ཤེས་པ་ཏག་ཏག་རེད་འདུག །གང་ཐུབ་ཅི་ཐུབ་ཅིག་འདོན་ཁུལ་བྱས་པ་ཡིན་ནའང་སྐབས་རེར་གཉིད་དུ་ཡུར་འགྲོ་ལ་ཡང་མཚམས་རེར་ཁ་ཡེངས་མིག་ཡེངས་ཀྱིས་འདོན་པ་འདོན་རྒྱུ་བརྗེད་འགྲོ་གི་འདུག །འདོན་པ་ལ་ལ་ཞིག་ངས་འདོན་ཤེས་ཀྱི་མི་འདུག་ལ་འདོན་པ་ཁ་ཤས་ཤིག་དབུ་མཛད་གཅིག་པུ་ལས་གཞན་སུས་ཀྱང་གསུང་ཤེས་ཀྱི་མི་འདུག་བསམ་བསམ་དེ་འདྲ་ཡང་འདུག །དེར་བརྟེན་སྨོན་ལམ་འཚོགས་སྐབས་ཀྱི་འདོན་པ་གཅིག་འགྱུར་བྱས་ནས་ཚང་མར་ཕྱག་དེབ་འདང་ངེས་རེ་ཕུལ་ཐུབ་ན་དགེ་མཚན་ཅི་བས་ཆེ་ཨང་།
རང་དང་རང་གི་ཕྱོགས་གཏོགས་ཀྱི་མ་འདང་བའི་ཆ་ནི་རང་ཕྱོགས་ཀྱིས་མཐོང་གི་མ་རེད་ཅེས་མང་པོ་ཐོས་མྱོང་ཡོད་ལ་དོན་ལ་ཡང་དེ་ལྟར་ཡིན་ཚོད་གདའ། བར་ཅིག་སྐོར་ལམ་དུ་ཕྱིན་སྐབས་ངོ་ཤེས་ཤིག་དང་ཐུག་ངོ་ཤེས་དེས་ཟེར་ན་ཁྱོད་ཚོའི་སྨོན་ལམ་གྱི་དབུ་མཛད་འགྲིགས་ཀྱི་མི་འདུག་ཚུལ་དང་། སྐྱབས་ཐོ་ཀློག་མཁན་གྱིས་ཡོང་གི་མེད་རབས། ཁྱོད་ཚོ་ལ་དེ་ལས་དྲག་ཅིག་མེད་པ་རེད་དམ་སོགས་ཟེར་ནས་དྲི་བ་སྣ་ཚོགས་ཤིག་འདོན་ཞོར་ཁ་མཚར་རྩེད་མོ་མང་པོ་བཤད་སོང་། དོན་ངོ་མར་ཁོང་གིས་ང་ལ་སྨོན་ལམ་ཆེན་མོ་འཚོགས་སྐབས་ཀྱི་དབུ་མཛད་ནི་འདོན་བཟང་སྐད་བཟང་ཞིག་དགོས་ལ་སྐྱབས་ཐོ་ཀློག་མཁན་ནི་སྒྲ་དག་སྒྲོས་གཙང་ཀློག་ཐུབ་མཁན་ཞིག་དགོས་ངེས་རེད་ཅེས་པའི་སློབ་གསོ་གནང་གི་འདུག་ནའང་། བསླབ་བྱ་དེ་གནང་ས་ང་མིན་པར་དགོན་སྡེ་དང་ཚོགས་པ་ག་གེ་མོའི་དབང་འཛིན་པ་ཚོ་ཡིན་ན་ཅི་མ་རུང་ཨང་སྙམ།
༸གོང་ས་མཆོག་གི་གསུང་ཆོས་ཀྱི་དུས་ཚོད་དང་ཉེ་བར་སོང་བས་ཉིན་རེ་ནས་ཉིན་རེར་ཕྱོགས་མཐའ་ཁག་ནས་ཡོང་བའི་མི་ཚོགས་ཇེ་མང་ནས་ཇེ་མང་རེད་འདུག །གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མའི་གསེར་ཞལ་དངོས་སུ་མཇལ་ཞིང་། ༸ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག་དབུ་བཞུགས་ཐོག་དཔལ་ས་སྐྱའི་སྨོན་ལམ་ཆེན་མོར་ཉིན་བཅུའི་རིང་འཚོགས་སྐལ་ལྡན་ཞིང་། ༸གོང་ས་མཆོག་གི་གསུང་ཆོས་ཉིན་གསུམ་རིང་ཞུ་སྐལ་ཐོབ་ནི་མི་ཚེ་འདིའི་བྱ་བཟང་དོན་ཆེན་ཞིག་ཏུ་བརྩི་འོས་ན་ཡང་། ད་དུང་ངའི་སེམས་ན་འདང་ཆེན་ཞིག་ཡོད་པ་ནི་དུས་ཡུན་རིང་པོའི་རྗེས་ནས་མདོག་མ་འགྱུར་བའི་གྲོགས་པོ་འགའ་དང་ཐུག་འཕྲད་བྱུང་བ་དེ་གཅིག་ཡིན། གཉིས་ནས་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་གིས་ཀློག་ན་འདོད་པའི་བོད་ནང་གི་དེབ་གསར་རིན་ཐང་ཅན་ཞིག་གནང་བ་ནི་ཐེངས་འདིའི་ལག་འོང་ཆེས་དགའ་ཤོས་དེ་ཡིན།
རྒྱང་རིང་རྒྱང་རིང་ཞིག་ནས་སྙིང་ཉེ་བའི་གྲོགས་པོས་ང་ལ་ད་ལམ་རྡོ་རྗེ་གདན་དུ་ཁོང་གི་དཔེ་དེབ་ཅིག་འགྲེམས་སྤེལ་བྱེད་ཀྱི་ཡོད་པས་མི་ཞིག་ལ་མངག་གཏོང་བྱས་ཡོད་པ་དེར་ཁྱོད་ཀྱིས་རོགས་དན་རེ་བྱེད་ཐུབ་ན་མ་འཕྱུག་ཅེས་ཡིད་ཆེས་བློ་གཏད་ཀྱིས་རེ་སྐུལ་གནང་སོང་ན་ཡང་འཇོན་ཐང་མེད་ཅིང་འཁོས་ཀ་ཞན་པའི་ངས་ཁོང་གི་རེ་བ་ཇི་བཞིན་སྒྲུབ་མ་ཐུབ་པ་ནི་ཇི་འདྲའི་ཕངས་སེམས་ཤིག་ཏུ་གྱུར་སོང་། མི་ཁོམ་པའི་བར་གསེང་ནས་དུས་ཚོད་ནན་གྱིས་བཙལ་ཏེ་ཐེངས་གཉིས་ལ་དེབ་བཙོང་རོགས་བྱས་པ་ཡིན། ཐེངས་རྗེས་མ་གསུང་ཆོས་རྭ་བའི་སྒོ་ནས་ཉིན་ཕྱེད་རིང་བསྡད་པ་ཡིན་ཡང་བོད་ཡིག་གི་དཔེ་དེབ་བཙོང་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་རེད་མི་འདུག །ཕར་བལྟས་ཚོད་ལ་འབྲོག་པ་ཞིག་ཡིན་ས་རེད་བསམ་པའི་གྲྭ་བ་ཞིག་ཟུར་དུ་བཅར་སོང་ངེད་གཉིས་སྐད་ཆ་བཤད་པ་ཡིན། ཁོང་གྲྭ་ས་རྣམ་གྲོལ་གླིང་ནས་ཡིན་ཞིང་ཕ་ཡུལ་ཁམས་ནས་ཡིན་ཟེར། ཡར་འཕྲོས་མར་འཕྲོས་བྱས་ནས་སྐད་ཆ་འགའ་བཤད་མཐར་སྨོན་ལམ་གྱི་སྐོར་ནས་གླེང་། ངས་ཁོང་ལ་རྙིང་མའི་སྨོན་ལམ་ལ་སྒྲིག་གཞི་གཏན་འབེབས་ཀྱི་ཡིག་ཆ་ཡོད་མེད་དྲིས་སྐབས་ཁོང་གིས་སྨོན་ལམ་ཚོགས་པ་སྤྱིའི་སྒྲིག་གཞིའི་ཡིག་ཆ་ཞིག་ཡོད་མེད་མི་ཤེས་ཀྱང་དགོན་སྡེ་སོ་སོར་རྙིང་མའི་སྨོན་ལམ་ལ་མ་ཕེབས་ན་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབས་ཡོད་ཟེར། དཔེར་ན་རྣམ་གྲོལ་གླིང་ལ་མཚོན་ན་སྨོན་ལམ་སྐབས་མཁན་ཆེན་རྣམ་པ་ངེས་པར་ཕེབས་དགོས་ལ་གྲྭ་བཙུན་ཚོ་ཆད་ན་སྒོར་སུམ་སྟོང་ནས་བཞི་སྟོང་བར་གྱི་ཉེས་ཆད་འཇལ་དགོས་པའི་སྒྲིག་གཞི་ཡོད་ཟེར། དེ་མུར་ངའི་སེམས་ལ་ང་ཚོའི་མཁན་ཆེན་དང་སྤྲུལ་ཆེན་སྐད་པའི་རི་ཤོར་བ་དག་དང་། གདན་ས་དང་བཤད་གྲྭའི་རྒན་རིམ་པ་དང་སློབ་ཐོན་པ་ཡིན་ཟེར་བའི་རྒོད་པོ་མཐུར་མེད་ཚོས་རྒྱུན་དུ་ཁ་ནས་ཆོས་ཞེན་ལུགས་འཐེན་གྱིས་ཉོག་གཏམ་སྨྲ་ནའང་དོན་ལ་སྨོན་ལམ་ཆེན་མོ་ཉིན་བཅུ་བོར་གཡོར་ཅི་ཐུབ་བྱེད་འགྲོ་བས་སྒྲིག་ཁྲིམས་གཏན་འབེབས་ཤིག་ཡོད་ཚེ་སྐྱ་མདངས་ཆགས་པའི་དེ་རིང་ང་ཚོའི་ངོ་གདོང་ལ་ནེམ་ཐིགས་རེ་འབབ་མི་ཡོང་ངམ་སྙམ་པའི་རེ་དང་བཅས་སྡེ་བའི་ལུགས་སྲོལ་ལ་ཡིད་སྨོན་ཞིག་ངང་གིས་ཤོར་སོང་།
སྐར་ཆ་ཙམ་ཡང་མི་སྡོད་པར་དུས་ཚོད་ཀྱི་རྟ་མཆོག་བང་གིས་རྒྱུག་ཅིང་ཚེ་སྲོག་གི་ལམ་ཐག་ངང་གིས་བསྟུང་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་པས་ང་རང་ཕྱིར་རང་གནས་སུ་ལོག་པའི་དུས་ཚོད་ལ་ཉེ་སོང་། ཕྱི་ལོ་༢༠༡༨ཟླ་༠༡ཚེས་༠༧གྱི་ཕྱི་དྲོར་མ་ཧཱ་བྷོ་དྷིའི་ཚོགས་ཁང་དུ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་འབྱུང་རྩིས་མཉེན་ཆས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་པ་དེར་མཉམ་ཞུགས་བྱས་ཏེ། ནུབ་མོར་ག་ཡ་བརྒྱུད་དེ་ཡང་བསྐྱར་མེ་འཁོར་ནས་ཉིན་མཚན་གཉིས་ཀྱི་ལམ་ཐག་ཉིན་མཚན་གསུམ་གྱིས་འཇལ་ནས་ཕྱིར་རང་གནས་སུ་འབྱོར་བས་ད་རེབས་ཀྱི་འགྲུལ་བཞུད་རེ་ཞིག་མཇུག་གྲུབ་པ་ཡིན་ནོ།།
༢༠༡༨ ༠༡ ༡༤ཉིན་གྲུབ། གཡག་རྫིས།
ས་སྐྱའི་སྨོན་ལམ་དབུ་མཛད་ཡིན་ན་ཁོང་གིས་གསུངས་བ་ལྟར་ང་ལ་ཡང་སེམས་ནང་དེ་འདྲ་ཞིག་དྲན་བྱུང་། སྨོན་ལམ་ལ་ཉིན་་ཕྱེད་ལས་མེད་པའི་སྐྱབས་མཐོ་ཀློག་པ་གོ་མ་སོང་། ཆོས་གོས་དམར་པོ་མཇལ་བ་ཡང་ཐེངས་དང་པོ་ཡིན།
ཡག་པོ་བྲིས་འདུག སྡིག་པ་ཁུར། དགེ་བ་ཞོན།
ངོ་མ་ཡག་མོ་ཞིག་འབྲི་འགེ། སྙན་མོ་ཙམ་མ་ཟད་དོན་སྙིང་དང་གནས་ལུགས་ལས་གཏན་ནས་མ་བརྒལ་བའི་རང་བཞིན་སྲོང་པོའི་གཏམ་ངོ་མ་དེ་རེད་འདུག
སྙན་པོ་ཞེ་དྲགས་བྲིས་འདུག ཡིན་ན་ཡང་། བོད་རིགས་སྤྱི་སྐད་ལ། བྱུས་གཏོགས་ཞིག་བྱས་ན། ་་་་་་ཤུལ་དུ་སྐྱེས་པ་ལོ་ཉུང་ཞིག་ཡོང་སོང་། ་་་་་ ལོ་ཆུང་ལ་ལོ་ཉུང་དང་། ་་་་་་་་་ད་རེབས་ཀྱི་འགྲུལ་བཞུད་་་་ ད་རེས་ལ་ད་རེབས་ཞེས་པ་འདི་ཀློག་མི་བདེ་བ་ཞིག་བྱུང་སོང་ཡང་། ཆེ་རྩོམ་འདི་ཡང་ལོ་རྒྱུས་ཀྱི་ཡིག་ཆར་གྲལ་འཁོད་ཐུབ་པ་འདུག་གོ། །།
ཡག་པོ་བྲིས་མེད་ན། ཙི་ཙིའི་སྐེ།
བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡིད་རངས་ངོ་།
དགེ་བ་ཐམས་ཅད་ཀུན་ལ་བརྔོ་།
སྡིག་པ་ཐམས་བཅས་སོ་སོར་བཤགས་།
བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡིད་རངས་ངོ་།
དགེ་བ་ཐམས་ཅད་ཀུན་ལ་བརྔོ་།
སྡིག་པ་ཐམས་བཅས་སོ་སོར་བཤགས་།
འདི།
བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་།
དགེ་བ་ཐམས་ཅད་ཀུན་ལ་བསྔོའོ།
སྡིག་པ་ཐམས་ཅད་སོ་སོར་བཤགས་།
ལ་དག་ཆ་བཅོས་པའོ།།
བོད་ཡིག་དག་ཆ་དང་། བོད་སྐད་ལ་བྱུས་གཏོགས་བྱས་ནས། ཡར་རྒྱས་གཏོང་རྒྱུ་དེ་བོད་མི་ཀུན་གྱི་འགན་འཁུར་དགོས་རེད་དོ།།
ཡག་མི་མ་ཡག་ནི་ངས་ལྟ་མི་ཤེས།གང་ལྟར་སྙན་མོ་ངོ་མ་ཞིག་ནི་བྲིས་འདུག།་བཀའ་དྲིན་ཆེ་ཞུ།
གཞུང་པ་ཚེ་དབང་བསོད་ནམས་ལེགས།
་
བོད་པའི་ཡི་གེ་འབྲི་སྲོལ་དུ་ང་ཡིག་རྐྱང་པ་དང་ཤད་ཀྱི་བར་ཚེག་རྒྱབ་་དགོས་པ་ནི། ང་ཡིག་དང་ཤད་གཉིས་འགྲེལ་ན། པ་རུ་འགྱུར་དོགས་ཡོད་པས་དེ་ལྟར་བྱེད་དགོས་བྱུང་། ཁྱེད་རང་ལ་ཡི་གེ་ཡིན་ནོ་ཅོག་ཤད་དང་འབྲེལ་ན། འཇིགས་པ་ཆེན་པོ་ཞིག་ཁྱེད་རང་ལ་ཡོད་ངེས་སོ།
་
བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡིད་རངས་ངོ་།
དགེ་བ་ཐམས་ཅད་ཀུན་ལ་བརྔོ་།
སྡིག་པ་ཐམས་བཅས་སོ་སོར་བཤགས་།
རོགས་། བདེན་པ་རྫུན་པ་ཁྲིམས་ཀྱི་དབྱེ་། ཆུ་དང་འོ་མ་རུས་སྦལ་དབྱེ་། དཀར་ནག་འབྲས་བུ་ཤིན་རྗེའི་དབྱེ་།
དབུ་རྐྱང་རོ་གསུམ་གནས་ལུགས་ངོ་སྤྲོད་འདིའི་། ལོང་བར་མིག་སྦྱིན་ལྟབུའི་ཕན་པ་བྱུང་། ཤེས་བྱ་མཐའ་མེད་རིག་པའི་རྩལ་སྒོ་ཕྱེ་། ཤེས་བྱའི་མ་རིག་མུན་པ་སེལ་། ཤེས་བྱའི་མ་ནོར་ལམ་སྟོན་ཐུབ་། ཤེས་བྱ་རིག་པ་བདག་མེད་སྤྱི་ནོར་ལ་། བརྩོན་འགྲུས་འབད་བརྩོན་ཅན་གྱི་བདག་ཏུ་འཛིན་།
ང་ཡིག་དང་ཤད་གཉིས་འགྲེལ་ན། ཞེས་པ། ནོར་འདུག ང་ཡིག་དང་ཤད་གཉིས་འབྲེལ་ན། ༷ཞེས་བཅོས།
༡༩༥༠་མགོ་སྟོད་ཙམ་ལ། མདོ་སྨད་པ་ཚེ་ཏན་མཆོག་གིས། ང་ཡིག་དང་ཡིག་ཤད་བར་ཚེག་རྒྱབ་དགོས་ན། ན་སོསོགས་ཡི་གེ་ཁ་ཤས་རྗེས་ལ་ཡང་ཡིག་ཤད་བར་དུ་ཚེག་རྒྱབ་དགོས། བིས་པ་བཀླགས་མྱོང་བ་དྲན། ཡི་གེ་གཞན་གང་གང་ཡིན་ཚུང་མ་ཡིད་དུ་མེད་དོ།