སྙན་བཟང་གཡུང་དྲུང་ཚེ་རིང་།
ཁ་སང་དེ་རིང་ཕྲན་གྱིས་རྩོམ་ཡིག་གསར་པ་ཞིག་འབྲི་བཞིན་ཡོད་པས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་ཟུར་ལྟ་བྱེད་ཀྱིན་ཡོད། ཡིག་ཆ་ཞིག་ཏུ་དུས་རབས་བཅུ་བཞི་པའི་ནང་སོག་པོ་ཡོན་གོང་མ་ཡེ་ཏི་པ་ལ་ཁྲིར་བཞུགས་སྐབས་སོག་པོས་ཁོ་རེ་ཡའི་རྒྱལ་པོ་ཞིག་བོད་དུ་རྒྱང་ཕུད་བཏང་རྗེས། ཁོང་ས་སྐྱར་ཕེབས་ནས་ལོ་གཉིས་བཞུགས་པའི་ལོ་རྒྱུས་བྲིས་འདུག
སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་རྒྱལ་པོ་འདིའི་མིང་ལ Chan Zuan Wang ཞེས་བྲིས་པ་མཐོང་མོད། ཕྲན་གྱིས་དུས་རབས་བཅུ་གསུམ་དང་། བཅུ་བཞི། བཅོ་ལྔའི་ནང་བྱོན་པའི་ཀོ་རེ་ཡའི་རྒྱལ་པོ་རིམ་བྱོན་གྱི་མཚན་དང་ལོ་རྒྱུས་བཀླགས་རྗེས། བོད་དུ་ཕེབས་མྱོང་བའི་ཀོ་རེ་ཡའི་རྒྱལ་པོ་ནི་ Chungseon of Goryeo ཞེས་པ་འདི་ཡིན་པ་ཤེས་སོང་།རྒྱལ་པོ་འདི་ནི་Goryeo ཞེས་པའི་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་ཡིན་ཅིང་། སོག་སྐད་དུ་Iǰirbuqa ཞེས་འབོད་ཅིང་། དེའི་དོན་ནི་གླང་གོག་ཆུང་ཆུང་ཞེས་པ་ཡིན་སྐད། ཁོང་གི་འཁྲུངས་འདས་ལོ་ཚིགས་ནི་1275-1325 ཡིན་པ་དང་། ཁོང་གིས་སྤྱི་ལོ་1308ལོར་སྲིད་དབང་བཞེས་འདུག་ནའང་། ལོ་ལྔའི་རྗེས་སུ་རྒྱལ་པོའི་གོ་ཐོབ་ཤོར་ཡོད་པ་འདྲ། ཁོང་བོད་དུ་ཕེབས་པའི་ལོ་ཚིགས་དེ་ཕལ་ཆེར་སྤྱི་ལོ་1313མིན་ནམ་སྙམ། ཡིག་ཆ་ཞིག་ཏུ། རྒྱལ་པོ་འདིའི་རྒྱུན་བཞུགས་གནང་བའི་ཡུལ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཡིན་པ་དང་། ཁོང་ནི་ཡིག་གཟུགས་དང་རི་མོ། སྲིད་དོན་གྱི་ཕྱོགས་ལ་ཧ་ཅང་མཁས་པ་ཞིག་ཡིན་ཚུལ་བྲིས་པ་མཐོང་ལ། ད་དུང་རྒྱལ་པོ་འདིའི་ཁྲག་རྒྱུད་ཡར་དེད་ཕྱིན་ན་ཁོང་གི་སྤོ་བོ་ནི་སོག་རིགས་ཀྱི་གོང་མ་དང་པོ་ཀུབ་ལི་ཁཱང་ (Kublai Khan)རེད། སྐབས་དེའི་ཁོ་རེ་ཡའི་ལོ་རྒྱུས་ལ་བལྟས་ན་ཡུ་རོབ་ཀྱི་རྒྱབ་ཁབ་ཁག་གི་རྒྱལ་པོ་རིམ་བྱོན་གྱི་རྒྱུད་པ་ལྟར་ཁོང་ཚོའི་ཁྲག་རྒྱུད་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕར་འདྲེས་ཚུར་འདྲེས་རེད།
ཕངས་པ་ཞིག་ལ། རྒྱལ་པོ་འདིས་ས་སྐྱ་ནས་ཕྱག་ལས་ཇི་གནང་གི་ལོ་རྒྱུས་མཐོང་འདོད་ཀྱིས་གང་ས་གང་དུ་བཙལ་མོད་རེ་བ་འབྲས་མེད་དུ་གྱུར། སྐབས་རེར་དཔེ་ཀློག་བྱེད་སྐབས་འདི་འདྲའི་ལོ་རྒྱུས་ཡ་མཚན་རེ་མཐོང་རྒྱུ་ཡོད་ནའང་། ཞིབ་ཕྲའི་ལོ་རྒྱུས་ཤེས་དཀའ་སེ་འདུག དཔེར་ན། ལོ་ཤས་ཀྱི་སྔོན་ལ་ཕྲན་གྱིས་དེབ་ཅིག་བཀླགས་པ་དེའི་ནང་དུ། ཅན་རྒྱལ་རབས་རྗེས་མའི་སྐབས་སུ། བོད་ཀྱི་བླ་མ་ལུའུ་ཏཱ་ཧན་ནང་སོ་སློབ་དཔོན་ཞུ་བ་ཞིག་མན་ཇུའི་རྒྱལ་པོ་ཐའི་ཛུའི་ཝུ་ཧན་ལ་མཇལ། མན་ཇུའི་རྒྱལ་པོས་ཆོས་ཞུས་ཏེ་དབུ་བླར་བཀུར། ཁོང་གི་འཁྲུངས་ཡུལ་ནི་དབུས་གཙང་གི་ཕྱོགས་ཡིན་པ་དང་། སོག་ཡུལ་ཤར་ཕྱོགས་ཡུལ་གྲུ་ཁག་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་གཏོང་མཁན་ཞིག་རེད། མན་ཇུའི་རྒྱལ་པོ་གཉིས་པ་ཐའི་ཙུང་གིས་ཁོང་གི་གདུང་རྟེན་ལྷ་ཁང་བཞེངས་ཤིང་། ནང་སོ་སློབ་དཔོན་གྱི་ལོ་རྒྱུས་རྡོ་རིང་ལ་བརྐོས་ཚུལ་བཤད་འདུག་ཀྱང་། ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ནང་སོ་སློབ་དཔོན་གྱི་སྐོར་མཇལ་རྒྱུ་མེད་པ་ལྟ་བུ་རེད།
གང་ལྟར། ཡོན་གོང་མ་ཐེ་མི་འཇམ་ཡ་ཏུའུ་ཡི་སྐབས་སུ་རྒྱལ་པོ་འདི་ཕྱིར་རང་གི་རྒྱལ་ཁབ་ཏུ་ཕེབས་ཆོག་པའི་བཀའ་འཁྲོལ་ཐོབ་པའི་ལོ་རྒྱུས་ཡོད་པར་སྐད་མོད། འོན་ཀྱང་ཁོང་བོད་དུ་ཕེབས་པའི་ཁོ་རེ་ཡའི་མི་དང་པོ་མ་རེད། ཁོ་རེ་ཡའི་བཙུན་པ་ཞིག་དུས་རབས་བཅུ་གསུམ་པའི་ནང་ཕེབས་འདུག་ཅིང་། ས་སྐྱའི་བླ་མ་འཕགས་པའི་མདུན་ནས་དགེ་སློང་བསྒྲུབས་ཡོད་པ་དང་། བཙུན་པ་དེའི་ཤུགས་རྐྱེན་ལ་བརྟེན་ནས་ཁོ་རེ་ཡའི་རྒྱལ་ཁབ་ཏུ་བོད་ཀྱི་ནང་ཆོས་དར་ཞིང་། ནང་ཆོས་སྤེལ་མཁན་ཇི་སྙེད་ཅིག་བྱུང་བའི་ལོ་རྒྱུས་ཁོ་རེ་ཡའི་དེབ་ཐེར་དུ་འཁོད་འདུག་པར་བཤད།
ས་སྐྱ་པའི་སྐབས་སུ་བོད་དུ་རྒྱལ་ཁབ་གཞན་གྱི་རྒྱལ་པོའང་སྐྱབས་བཅོལ་དུ་ཕེབས་ཡོད། བོད་མིང་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན(宋恭帝1271-1323)ཞུ་བ་ནི་རྒྱའི་རྒྱལ་རབས་སུང་ལྷོ་མ་ཡི་ཆེས་མཐའ་མཇུག་གི་རྒྱལ་པོ་དེ་ཡིན་པར་གྲགས་ཤིང་། སྤྱི་ལོ་1289ལོར་ཡོན་གོང་མ་སེ་ཆེན་རྒྱལ་པོས་སུང་ལྷོ་མ་དབང་དུ་བསྒྱུར་རྗེས་རྒྱལ་པོ་འདི་བོད་ཡུལ་དུ་ཆོས་བསླབ་པར་བཏང་། ཁོང་ས་སྐྱ་དགོན་པར་འབྱོར་ནས་བོད་ཀྱི་སྐད་ཡིག་ལ་སྦྱངས་པ་མཛད་དེ་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་བགྱིས་པའི་ལོ་རྒྱུས་ཡོད་ཅིང་། ཁོང་གིས་རྒྱའི་སྐད་དུ་བཞུགས་པའི་བཀའ་བསྟན་ཁྲོད་ཀྱི་བསྟན་བཅོས་རེ་ཟུང་བོད་དུ་བསྒྱུར་ཡོད་པ་རེད།
རྒྱལ་པོ་འདིས་སུང་ལྷོ་མ་དྲན་པའི་སྙན་ངག་ཅིག་བྲིས་ཡོད་པ་དེའི་ཤུགས་བསྟན་དུ་སུང་ལྷོ་མའི་རྒྱལ་རབས་དྲན་པའི་གདུང་བ་བརྗོད་ཡོད་པ་སོགས་ལ་རྐྱེན་བྱས་ཏེ། ཡོན་རྒྱལ་རབས་ཀྱི་སྲིད་དབང་འཛིན་མཁན་གྱིས་སྙན་ངག་འདིའི་རྒྱབ་ཏུ་གྱེན་ལོག་གི་ལྟ་བ་ཡོད་པར་དགོངས་ནས་ཁོང་ལྐོག་གསོད་བགྱིས་པའི་ལོ་རྒྱུས་དེ་ཡོངས་གྲགས་ལྟ་བུ་ཆགས་ཡོད། ན་ནིང་ཕྲན་གྱིས་ལྷ་བཙུན་ཆོས་ཀྱི་རིན་ཆེན་དང་ཁོང་གི་སྙན་ངག་གི་འགྱུར་ཞིག་ཅེས་པའི་རྩོམ་ཐུང་ཞིག་ཀྱང་བྲིས་ཡོད།
ང་ཚོས་གོང་གསལ་ལོ་རྒྱུས་ལ་བལྟས་ན་དུས་རབས་བཅུ་གསུམ་པའི་སྐབས་སུ་བོད་དུ་ཁོ་རེ་ཡའི་མི་འབྱོར་ཡོད་ཤེས་ཐུབ་མོད། འོན་ཀྱང་མཁྱེན་དགོས་པ་ནི་ཁོ་རེ་ཡའི་མིས་བོད་ཡིག་སྤྱད་པའི་ལོ་རྒྱུས་དེ་དུས་རབས་བརྒྱད་པའི་ནང་རེད། དུས་རབས་དེའི་ནང་ཁོ་རེ་ཡའི་བཙུན་པ་ཝན་ཚེག་ཞུ་བ་ཞིག་དང་། བོད་མིང་ལ་ཆོས་སྐྱབས་ཞུ་བ་གཉིས་ཀྱིས་རྒྱལ་ས་ཁྲང་ཨན་གྱི་ཤི་མིན་ལྷ་ཁང་དུ་བོད་ཡིག་ཐོག་ཡོད་པའི་རྒྱལ་བའི་བཀའ་འགྱུར(ཕལ་ཆེར་བོད་ཡིག་ཏུ་ཡོད་པའི་བསྟན་བཅོས་ཤིག་རྒྱ་ཡིག་ཏུ་བསྒྱུར་ཡོད་ཚོད།)རྒྱ་ཡིག་ཏུ་བསྒྱུར་པའི་ལོ་རྒྱུས་ཡོད་པར་སྣང་། སྐབས་དེར་ཁོ་རེ་ཡར( རྒྱལ་ཁབ་འདིར་ཡི་གེ་བྱུང་ནས་ལོ་བཞི་བརྒྱ་ཙམ་ལས་འགོར་མེད་པ་འདྲ)ཡི་གེ་མེད་རྐྱེན་རྒྱ་ཡིག་ཏུ་བསྒྱུར་པ་དང་། སྐབས་དེར་མི་རིགས་འདིས་རྒྱ་ཡིག་སྤྱོད་པར་བཤད།
ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། དེང་སང་རྒྱ་ཡིག་ཏུ་བཞུགས་པའི་བཀའ་བསྟན་ཁྲོད་དུ་བོད་ཡིག་ནས་ཕར་བསྒྱུར་པའི་བསྟན་བཅོས་རེ་ཟུང་ཡོད་སྲིད། གལ་སྲིད་ཡོད་ན་དེ་ནི་གོང་གི་ཁོ་རེ་ཡའི་བཙུན་པ་གཉིས་ལའང་འབྲེལ་བ་ཡོད་པ་མ་རེད་ཅེས་ཞུ་ནུས་བྲལ། ཕྲན་ལ་འཛད་དུ་མེད་པའི་དུས་ཚོད་མེད་ནའང་རྒྱའི་བཀའ་བསྟན་བོད་ཡིག་ཏུ་ཡོད་ཚེ། ཁོམ་སྐབས་དང་བསྟུན་ནས་བཙལ་འཚོལ་གྱི་ལམ་དུ་ཞུགས་པར་འདོད་མོད། འོན་ཀྱང་ལས་འདི་ནི་ཕྲན་གྱིས་ལྕོགས་པ་ཞིག་མིན་པ་རེད།
མཐར་ཞུ་འདོད་པ་ནི། ཁོ་རེ་ཡའི་རྒྱལ་པོ་འདི་ཕྲན་གྱིས་འབྲི་བཞིན་པའི་རྩོམ་ཡིག་གི་བརྗོད་བྱ་དང་འབྲེལ་བ་མེད་ནའང་། འདིར་རང་ཉིད་ཀྱི་བརྗེད་ཐོར་བཀོད་པ་ཙམ་མོ། །
༢༠༡༨ལོའི་ཟླ་༠༡པའི་ཚེས་༡༧ཉིན་བྲིས།
༢༠༡༨ལོའི་ཟླ་༠༡པའི་ཚེས་༡༨དགོང་མོར་སྣོན་འཕྲི་ཅུང་ཙམ་བྱས།
བོད་པས་ཀོ་རི་ཡའི་སྐོར་ཐོས་པ་དུས་རབས་དྲུག་པའི་སྐབས་ནས་བྱུང་ཡོད། དཔེར་ན་སྲོང་བཙན་སྒམ་པོས་ཐང་ཐེ་ཙུང་ལ་བསྐུར་པའི་ཡི་གེའི་ནང་གོང་མ་མཆོག་གིས་ཀོ་ལི་རྣམས་བཏུལ་ནས་རྒྱལ་སར་བདེ་འབྱོར་བྱུང་ལུགས་ཐོས་ནས་དགའ་ཡོད་ལྟ་བུ་ང་ཚོས་དྲན་པར་འོས།
རྒྱལ་རབས་ལོ་རྒྱུས་སྤྱི་ཚོགས་འཕེལ་རིམ་དང་།
འཇིག་རྟེན་སྲིོག་ཆགས་སྐྱེ་བ་བརྗེ་ལེན་སོགས་།
འཁོར་བའི་གནས་ལུགས་རིག་པས་ཟིན་པ་དཀའ་།
འཇིག་རྟེན་ཧྲིལ་པོ་གཅིག་ལ་གཅིག་བསྟེན་ལ་།
དུས་ཚོད་བཏང་ནས་ཆ་ཚང་བསྔོགས་པ་ལ་།
མི་དང་རྒྱུ་དང་དཔལ་འབྱོར་དུས་ཚོད་སོགས་།
ཆ་ཚང་འཛོམས་ན་ལོ་རྒྱུས་ཁ་ཕྱེ་སླ་།
ཆ་ཚང་མ་འཛོམས་རང་ཉིད་ངལ་བའི་རྒྱུ་།
་་་་་་་་་ ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། དེང་སང་རྒྱ་ཡིག་ཏུ་བཞུགས་པའི་བཀའ་བསྟན་ཁྲོད་དུ་བོད་ཡིག་ནས་ཕར་བསྒྱུར་པའི་བསྟན་བཅོས་རེ་ཟུང་ཡོད་སྲིད། གལ་སྲིད་ཡོད་ན་དེ་ནི་གོང་གི་ཁོ་རེ་ཡའི་བཙུན་པ་གཉིས་ལའང་འབྲེལ་བ་ཡོད་པ་མ་རེད་ཅེས་ཞུ་ནུས་བྲལ། ཕྲན་ལ་འཛད་དུ་མེད་པའི་དུས་ཚོད་མེད་ནའང་རྒྱའི་བཀའ་བསྟན་བོད་ཡིག་ཏུ་ཡོད་ཚེ་། ཁོམ་སྐབས་དང་བསྟུན་ནས་བཙལ་འཚོལ་གྱི་ལམ་དུ་ཞུགས་པར་འདོད་མོད། འོན་ཀྱང་ལས་འདི་ནི་ཕྲན་གྱིས་ལྕོགས་པ་ཞིག་མིན་པ་རེད། ་་་་་་་་་