ཞོ་ར་བསྟན་དར།
སྤྱིར་རང་རེའི་བོད་མིའི་མིང་འདོགས་ཚུལ་འདི་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལྡན་ཞིང་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་དཔྱད་བབས་གལ་ཆེན་ཞིག་སྟེ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ནམ་ཡང་ཁ་འབྲལ་ཐབས་མེད་པའི་སྲོལ་རྒྱུན་རིག་པའི་མ་ལག་གི་གཞི་རྩ་ཆེན་པོ་ཞིག་ཀྱང་ཡིན། དེས་ན་བོད་པའི་མི་འདོགས་ཚུལ་འདི་ཡང་དུས་རབས་གང་ཞིག་ཚུལ་ཅི་ལྟ་བུའི་སྒོ་ནས་བཏགས་པའི་ཐ་སྙད་ཀྱི་ཐོག་མ་ངོས་འཛིན་བྱེད་པར་དཀའ་ཡང་། སྤྲ་དང་སྤྲེའུའི་རིགས་རྒྱུད་མིར་ཆགས་པར་སྨྲ་བའི་དུས་རབས་ལ་གཞིགས་ན་སྔར་མེད་པ་ནས་ཡོད་པ་དང་། ཡོད་པ་དར་སྤེལ་དུ་སོང་བའི་དུས་རིམ་ཁྲོད་འགྱུར་ལྡོག་སྣ་ཚོགས་ཀྱི་ཆོས་ཉིད་དང་འགྲོགས་ནས་རང་རེའི་བོད་མིའི་མིང་འདོགས་སྟངས་འདིས་ཀྱང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་གྱི་གོམ་སྟབས་ཆེས་ཆེར་བཅད་ཡོད།
བོད་ཡུལ་དུ་རུས་མིང་བྱུང་ཚུལ།
དེ་ཡང་འཇིག་རྟེན་འདིར་མི་དང་དུད་འགྲོའི་རིགས་སོགས་མང་པོ་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་ལའང་སོ་སོའི་རིགས་རྒྱུད་དང་། གདུང་རྒྱུད་ལས་མཆེད་པའི་རིགས་རུས་ཀྱི་རྣམ་གྲངས་མང་པོ་ཡོད་ལ། རྒྱུད་པ་དང་། ཆོ་འབྲང་། གདུང་། སྣག་ལས་སྐྱེས། བྱུང་རིགས། རྩ་ཁྲིད། རིགས། རིགས་བྱུང་། རུས། ཤ་ཉེ། ས་བོན་ལས་བྱུང་སོགས་རིགས་རུས་ཆོ་འབྲང་ཐད་ཀྱི་མིང་གི་རྣམ་གྲངས་མང་པོ་ཡོད། ཐ་སྙད་འདི་དག་གི་དབྱེ་སྒོ་མདོར་བསྡུས་ན་རིགས་ཞེས་པ་སྟེ་གནས་རིས་སྡེ་ཚན་ཕྱོགས་གཏོགས་ཀྱི་ས་བ་སྤྱི་དང་། རུས་ཞེས་པ་སྟེ་ཆོ་རིགས་ཕའི་གདུང་རྒྱུད་གཙོར་བཟུང་གིས་འཛིན་པ། ཆོ་འབྲང་སྟེ་མའི་ཕྱོགས་ཀྱི་སྣག་གི་གཉེན་མཚམས་དང་སྣག་ཚ་སོགས་མའི་ཕྱོགས་གཏོགས་ཀྱི་གཉེན་ཚན་དག་ཏུ་འདུ་ལ། ཁ་ཅིག་གིས་བོད་ལ་མིང་རྐྱང་ལས་རུས་མིང་མ་བྱུང་བར་འདོད་ཀྱང་། འཐད་པར་མ་མཐོང་སྟེ། རིགས་སྤྱིའི་གྱེས་ཚུལ་ལ་ཡང་སྔར་གྱི་ལོ་རྒྱུས་ཁག་ན་ལྷ་དགའ་ལྡན་དང་དགའ་ལ་རོག་ལས་ཤར་ལུས་འཕགས་པོའི་མི་ཆད། ལྷ་བདེ་ལྡན་དང་བདེ་ལ་རོག་ལས་བྱང་སྒྲ་མི་སྙན་པ་ཆད། དམུ་ལྡན་དང་དམུ་ལ་རོག་ལས་ནུབ་བ་གླང་སྤྱོད་པ་ཆད། ལྷ་བྱེད་བུ་དང་བྱེད་ལ་རོག་ལས་འཛམ་བུ་གླིང་པ་ཆད། ཨོ་རྒྱན་པ་ཀླུ་ལས་ཆད། བལ་པོ་ཐུགས་ཁྱོམ་ལས་ཆད་པར་བཤད་ཅིང་། འཛམ་བུ་གླིང་པ་ལ་ཡང་མི་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་པ་བདུན་བརྒྱ་ཉི་ཤུ། ལུས་ཀྱི་རྣམ་འགྱུར་མི་གཅིག་པ་བཅུ་བདུན་ཙམ་ཡོད་པ་ལས། དེ་ལ་རྒྱལ་རིགས་རྣམས་ཆེ་བ། རྗེ་རིགས་རྣམས་བཙུན་པ། བྲམ་ཟེའི་རིགས་རྣམས་གཙང་བ། དམངས་རིགས་རྣམས་མང་བ་དང་བཞི་ལ་ཕྱིའི་རིགས་བཞི་ཟེར་ཏེ། འཛམ་བུ་གླིང་པའི་མི་རིགས་ཐམས་ཅད་འདིའི་ཁོངས་སུ་འདུའོ།།
བར་གྱི་རིགས་བཞི་ནི་རྒྱ་གར་བ་ལྷ་ལས་ཆད་པས་སམ་ཀྲི་ཏ་ལྷའི་སྐད་དུ་སྨྲ། རྒྱ་ནག་པ་ཀླུ་ལས་ཆད་པས་ན་ག་ཏྲི་ཏ་ཀླུའི་སྐད་དུ་སྨྲ། ཧོར་ལྷ་མ་ཡིན་ལས་ཆད་པས་ཨུ་པུ་ངྷ་ར་ལྷ་མིན་གྱིན་སྐད་དུ་སྨྲ། བོད་སྤྲེའུ་དང་བྲག་སིན་ལས་ཆད་པས་ཨ་ཝ་བྲག་ཀྲི་ཏ་འདྲེའི་སྐད་དུ་སྨྲ་བ་དང་བཞིའོ།།
ནང་གི་རིགས་བཞི་ནི། སྟོད་པ་དང་། ལྡོང་དང་། སེ་དང་། རྨུ་སྟེ་དེ་རྣམས་ལ་རུས་ཀྱི་ཕྱི་མོ་བཅུ་གཉིས་སུ་བཤད་པ་ཡིན་ཟེར། རུས་དང་ཆོ་འབྲང་གི་ཕྱི་མོའི་རིགས་ལའང་བོན་ལུགས་ལྟར་ན་སྲིད་པའི་མོན་བུ་ལུམ་ལུམ་དང་། ཡུམ་ཆུའི་རྒྱལ་མོ་འབུམ་གཉིས་ཀྱི་བརྒྱུད་པར། ཕྱ་དམུ་གཙུག་གསུམ་རྒོས་དང་བཞི་ནས་རིམ་པར་བརྒྱུད་ནས་སྲིད་པའི་རྒྱལ་བུ་མཐིང་གི་བར་མཆེད་ཚུལ་བཤད་ལ། རང་རེའི་ལོ་རྒྱུས་ཡོངས་གྲགས་སུ་སྤྲ་དང་སྤྲེའུའི་རིགས་རྒྱུད་ལས་མཆེད་པར་འདོད། དེ་ཡང་སྤྲེའུ་བྱང་ཆུབ་སེམས་དཔའ་རང་གི་བུ་དང་ཚ་རིགས་རྣམས་ལ་ཟང་ཟིང་གི་སྦྱིན་པའི་སྐབས་སུ་བཞི་བརྒྱ་བོ་རྣམས་ཚན་བཞིར་བཅད་དེ་སོ་སོར། བསེ་དང་། དམུ་དང་། ལྡོང་དང་། སྟོང་སྟེ་མིང་བཞི་བཏགས་ནས་རང་ཚན་ཕན་ཚུན་མ་འདྲེས་པར་བྱུང་ཚུལ་གསལ་ལ། བོད་མི་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས། “བཞི་ཚན་གྱི་ནང་ནས་མི་ཡ་རབས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཀུན་ལྡན་བྱང་ཆུབ་སེམས་དཔའ་བློ་ཆེན་ལྡན་གྱི་རིགས་རྣམས་གཅོ་བྱས་ཏེ། དེ་ཡི་མིང་ལ་ལྡོང་དང་། འབྲུ་དང་། སྦྲ་དང་། སྒ་བཞི་ནི་གཙོ་བའི་རིགས་རྣམས་ལ་ཐོགས་ཤིང་རུས་ཆེན་དུ་གྲགས་པ་ཡིན་ལ། དེའི་འཕྲོའི་རིགས་ཆེན་བཞི་གའི་ལྷག་མ་དམངས་རིགས་ཐམས་ཅད་པོ་བསྡུས་ཤིང་ཚན་གཉིས་སུ་བགིས་ཏེ། གཅིག་ལ་དཔའ་འམ་དབའ་དང་། གཅིག་ལ་འདའ་འམ་ཟླ་ཞེས་བཏགས”ཞེས་སྔར་གྱི་རིགས་ལ་མཐོ་དམན་གྱི་དབྱེ་འབྱེད་བྱས་ཚུལ་བཀོད་ཡོད་པ་མ་ཟད། མི་དབང་རྟོགས་བརྗོད་ལས། “རིགས་ཆེན་པོ་བགྲང་བ་བཞི་སྟེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། མངའ་རོལ་ལས་དཔྱ་ཁྲལ་གྱི་སྐྱེས་བསྡུ་བར་བྱེད་པ་རྗེ་བོའི་རིགས་དང་། སོ་ནམ་ཞིང་ལས་ཀྱི་འདུ་འགོད་མཁན་དམངས་ཀྱི་རིགས་དང་། སེམས་ཅན་གྱི་སྲོག་ལ་རྒོལ་བའི་བཤན་པ་སོགས་གདོལ་བའི་རིགས་སུ་སྒྲོགས་པ་ལས” ཞེས་རྒྱ་གར་གྱི་རིགས་བཞིའི་ཐ་སྙད་དང་སྒོ་བསྟུན་ནས་རང་རེའི་བོད་ལའང་རིགས་བཞིར་ཕྱེ་ཚུལ་ཀྱང་གསུངས་ཡོད་ལ། དེ་ལ་རྩ་བའི་རིགས་བཞི་འམ་རིགས་དྲུག་གི་རུས་ཁམས་ལས་མང་དུ་གྱེས་ཏེ་རུས་མིང་གི་དར་སྲོལ་ཤུགས་ཆེར་ཕྱིན་ཡོད། སྤྲུལ་བའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ལས་མཆེད་པའི་ཕྲུ་གུ་དྲུག་འདས་པ་ལས་མི་མིན་སྤྲེའུ་མིན་ཕྲུ་གུ་བཞི་བརྒྱ་འཕེལ་ཏེ་བསེ་དང་དམུ། ལྡོང་དང་སྟོང་བཅས་རུས་ཆེན་དྲུག་ཅེས་ཡོངས་སུ་གྲགས་པ་ཆོས་རྒྱལ་བཀའ་འབུམ་དང་། བཀའ་ཆེམས་ཀ་ཁོལ་མ་སོགས་སྔར་གྱི་ཡིག་ཚང་མང་བོར་རྒྱས་པར་གསུངས་ཡོད་ལ། དེ་ཡང་རྩ་བའི་རུས་ཆེན་དྲུག་པོ་རིམ་པར་གྱེས་པ་ལས། ལྡོང་ལས་ཟི་ན་དང་རྔོག དབྲ་དང་འབྲུ་ལས་གྭ་ཟི་དང་སྐྱུ་ར། གྭ་ཟི་ལས་ཀྱི་ཀླུ་དགེ་སོགས་དང་། དེ་བཞིན་ཟི་ན་ལས་ཀྱང་འབེ་སོགས་མང་དུ་བྱུང་བ་ལྟ་བུས་མཚོན་རུས་མིང་རིམ་བཞིན་འཕེལ་བའི་དཔེ་མཚོན་འགའ་ཞིག་འདིར་བཀོད་ན། སྐ་བ། འཁོན། མགར། དགྱེར། རྡོག རྡེགས། ཅོག་རོ། མཆིམས། གཉགས། གཉོས། ཉང་། འདན། གནུབས། རྨེའུ། མི་ལ། རོམ། མཚུར། རླངས། རོག སྤང་། སོ། རྒྱུས། ཟུར། སྐྱོ། མགོན་ཤུལ། ཕན་ཤུལ། བདུད་ཤུལ་སོགས་ཤུལ་ཆེན་བཅོ་བརྒྱད་དང་། གཡི་ཚ། ཟངས་ཚ། རེབ་ཚ་སོགས་ཚ་ཆེན་བཅོ་བརྒྱད། མདོར་ན་གྱེས་པའི་རུས་མིང་ལ་ད་ལྟ་མི་འདྲ་བ་ཉིས་བརྒྱར་ཉེ་ཚུལ་བཤད་ལ། དེ་དག་གི་ཚིག་དོན་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ནི། དཔེར་ན། ལྷ་གཟིགས་རླངས་ལྟ་བུ་ལ་མཚོན་ན། <<རླངས་ཀྱི་པོ་ཏི་བསེ་རུ་>> ལས། མང་སྡོམ་སྟག་བཙན་གྱི་བུ་མས་རི་རྩེར་བསྐྱལ་བ་མང་སྡོམ་གྱིས་མཁྱེན་ནས་གཟིགས་པར་བྱོན་པས་ཁྱེའུ་དེ་ཉིད་གཅན་གཟན་རི་དྭགས་གང་གིས་ཀྱང་གནོད་པ་མེད་པར་སྤྱི་གཙུག་ནས་རླངས་པ་ཐོན་བཞིན་མཆིས་པར་རླངས་སོ་རླངས་སོ་གསུངས་པས་རགས་རུས་ལ་རླངས་ཐོགས་ཚུལ་རྒྱས་པར་འབྱུང་ཞིང་། ས་སྐྱའི་འཁོན་ཞེས་པའང་ལྷའི་གདུང་རྒྱུད་གཡའ་སྤང་སྐྱེས་དང་སྲིན་པོ་སྐྱ་རེངས་ཁྲག་མེད་འཁོན་པའི་བར་དུ་སྲས་ཤིག་བྱུང་བར་འཁོན་བར་སྐྱེས་སུ་བཏགས་པ། དེའི་རྒྱུད་ལས་ས་སྐྱའི་འཁོན་གྱི་གདུང་རྒྱུད་འཕེལ་ཚུལ་<<ས་སྐྱའི་གདུང་རབས་>>སུ་གསལ་ལ། དེ་བཞིན་<<རྗེ་མི་ལའི་རྣམ་འགུར་>>ལས་ཀྱང་ཁོང་གི་རུང་མིང་མི་ལ་ཞེས་པ་དེ་ཡབ་མེས་ཇོ་སྲས་སུ་འབོད་པ་དེ་མཐུ་ཆེ་བ་ལ་བརྟེན་ནས་ཐོགས་ཚུལ་ཀྱང་གསལ་བར་འབྱུང་བ་དག་གིས་ཀྱང་མཚོན་ནོ།།
དེ་ལྟར་རང་རེའི་བོད་ལ་གདོད་མའི་དུས་ནས་རུས་མིང་ཡོད་ཅིང་། འདས་པའི་ལོ་རྒྱུས་ཀྱི་ཁྲོད་ལ་ཕྱི་མིག་གིས་བལྟས་ན་སྔར་གྱི་བཙན་པོ་རིམ་བྱོན་གྱི་བློན་ཆེན་དང་། མཛངས་མི། བྱས་པ་རྗེས་འབྲེལ་ཅན། གཞན་འབངས་མི་དཀྱུས་མ་ཚུན་་ཆད་ཀྱི་མིང་ལ་མིང་རྐྱང་ལས་རུས་མིང་གཙོ་ཆེར་བཟུང་ཡོད་ལ། ཕྱིས་སུ་ནང་བའི་བསྟན་པ་རིན་པོ་ཆེ་བོད་ཁམས་སུ་དར་ཏེ་རིམ་བཞིན་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་བླ་མ་
དང་མཁན་པོའི་མཚན་ཟུར་ཆགས་པ་དང་། མིང་འདོགས་པའི་བདག་དབང་ཀྱང་ཕ་མ་ལས་བླ་སྤྲུལ་མཁན་སློབ་དག་ལ་རང་བཞིན་གྱིས་ཐོབ་པས་སོ་སོའི་རུས་མིང་ལས་མིང་རྐྱང་གི་ཐ་སྙད་དར་སྲོལ་ཤུགས་ཆེར་བྱུང་སྟེ། ད་ལྟ་བོད་བྱང་རྒྱུད་ཀྱིས་གཙོས་བའི་ཡུལ་ལུང་རེ་འགའ་མ་གཏོགས་རུས་མིང་སྤྱོད་པའི་སྲོལ་ག་ཉམས་པ་ལྟ་བུར་གྱུར་ཡོད།
མིང་འདོགས་ཚུལ་གྱི་བྱུང་སྟངས་དང་འཕེལ་རིམ།
དེ་ཡང་ཐོག་མའི་མིའུ་རིགས་དྲུག་ཅེས་པ་དག་ནི་བོད་མིའི་ཕྱི་མོའི་གཙོ་བོར་ངེས་ཀྱང་སྐབས་དེའི་དབང་བསྒྱུར་ནི་མི་མ་ཡིན་པ་བཅུས་བྱས་ཚུལ་ཡང་། བསམ་ཡས་ལོ་རྒྱུས་ཆེན་མོ་ལས། དང་པོར་གནོད་སྦྱིན་ནག་པོ་དང་། གཉིས་པ་རེ་ཏེ་མགོ་གཡག་བདུད་དང་། གསུམ་པ་སྲིན་པོ་གཉའ་རེངས་ཁྲག་མིག བཞི་བ་དམར་འཇམ་ལྷ། ལྔ་བ་རྨུ་རྒྱལ་ཁོ་རྗེ། དྲུག་པ་ཀྲོག་ཀྲོག་འདྲ། བདུན་པ་མ་སངས་སྤུན་དགུ། བརྒྱད་པ་ཀླུ། དགུ་བ་རྒྱལ་བོ། བཅུ་བ་འགོང་པོ་སྤུན་དགུ་སོགས་ཀྱིས་མདོ་ཁམས་བཅས་སྟོང་སྡེ་བཅོ་བརྒྱད་ཀྱི་ཡུལ་ལ་དབང་བྱས་ཚུལ་གསལ་བོར་གསུངས་ཤིང་། ཐོག་མའི་མ་སངས་སྤུན་དགུ་ལྟ་བུའི་མིང་འདོགས་སྟངས་ཀྱང་དཔེར་ན། གཉའ་གཡའ་སྤང་སྐྱེས། གར་ཏིང་ནམ་ཚ། གླེ་ངན་ལམ་ཙང་སྐྱེས། རུ་ཐོ་གར་སྐྱེས། ཤེ་དོ་ཀེར་ཏིང་ནམ། མེ་པདྨ་སྐྱེས། གསང་གི་འཕྲུལ་བོ་ཆེ། དྲང་དྲངས་མ་མགུར་། བཀོང་སྟོན་ནམ་ཚ་སོགས་གང་དུ་སྐྱེས་པའི་ཡུལ་གཙོར་བཟུང་གི་སྒོ་ནས་བཏགས་པ་ནི་རང་རེའི་མིང་འདོགས་སྟངས་ཀྱི་གྲས་སྔ་ཤོས་ཀྱི་རིགས་ཡིན། དེ་རྗེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱིས་དབང་བྱས་པའི་སྐབས་སུ་མངའ་རིས་ཀྱི་ས་མིང་རྗེ་བོའི་མཚན་འགོར་བཞག་སྟེ། དཔེར་ན། མཆིམས་རྗེ་གུ་ཡོད། རྒྱལ་བོ་ལིག་སྙ་ཤུར། གཙང་རྗེ་ཐོད་དཀར། སྣུབས་རྗེ་དམིགས་པ། ལོ་རྔམ་རྫི་འབྲོམ། ཀྱི་རྗེ་རྨང་པོ། ཟིངས་རྗེ་ཁྲི་འཕྲང་གསུམ། ཟིང་རྗེ་ཐོད་ཕྲེང་། བྲང་རྗེ་གོང་ན་མ། ཀོང་རྗེ་དཀར་པོ། ཉང་བཙུན་གླང་རྒྱལ། དགའ་རྗེ་མང་པོ་རྒྱལ་སོགས་དང་། དེ་དག་གི་བློན་པོ་རྣམས་ཀྱི་མཚན་ཀྱང་། སྣང་དང་དིང་། སྨ་དབང་སང་བློན། དམ་དམ། འགར། ཏུག ཐུག ངོ་རྗེ། རླངས། སྐམ་སོགས་ཡིན་ཚུལ་སྔོན་གྱི་ཡིག་ཚང་དག་ན་ཡོད་པ་མ་ཟད། ད་དུང་རྗེས་སུ་སིལ་མ་བཅུ་བཞི་རུ་གྱེས་པ་དང་། དེའང་རྒྱལ་ཕྲན་ཉེར་ལྔ་དང་བཞི་བཅུར་གྱེས་ཏེ་སྡེ་ཁོལ་བུར་བསྐྱངས་པ་ལོ་རྒྱུས་རྣམས་སུ་རྒྱས་པར་འབྱུང་བ་ལྟར་རོ། །
དེ་ཡང་བོད་རྒྱལ་གཉའ་ཁྲི་བཙན་པོའི་ཡར་སྔོན་ལ་བན་བོན་གྱི་བསྟན་འབྱུང་སོགས་ལོ་རྒྱུས་ཡོངས་གྲགས་ཀྱི་གཞུང་ཕལ་མོ་ཆེར་བོད་ཀྱི་ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོ་མ་བྱོན་པའི་གོང་དེར་བོད་དུ་འབྲས་བུའི་བོན་ད་གྲགས་པ་དེ་རིགས་དར་མྱོང་མེད་པར་བཤད་ནའང་། རྒྱལ་རབས་བོན་གྱི་འབྱུང་གནས་ལས། ”འཛམ་བུ་གླིང་ན་མང་ཞིང་ཆེ་བར་གྲགས་པའི་མེས་པོ་སེང་གེ་འགྲམ་གྱི་རྒྱུད་པ་ནི་བོད་ན་མེད། རྒྱལ་ཁྲིམས་མེད་ཀྱང་བོན་ཁྲིམས་དར་ལ་རྒྱས་པས། བོད་ཁམས་བདེ་ཞིང་སྐྱིད། གཤེན་ནམ་མཁའི་མདོག་ཅན་བོད་ན་བཞུགས་པའི་དུས་སོ།།” ཞེས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་པའི་གོང་དེར་བོད་དུ་རྒྱལ་ཁྲིམས་མེད་ནའང་། གཤེན་ནམ་མཁའི་སྣང་བའི་མདོག་ཅན་བཞུགས་ཡོད་པས་བོད་ཀྱི་ཡུལ་ཁམས་བདེ་ཚུལ་གསལ་བར་བཀོད་ཡོད་པ་མ་ཟད། ད་དུང་བཙན་པ་ལྷོ་དང་། གཉགས། བཙུན་པ་ཁྱུང་། སྣུབས། གཉན་པ་སེ། སྤོ་སྟེ། ཡབ་འབངས་རུས་དྲུག་དང་། ལྷ་བོ་ལྷ་སྲས། སེ་བོན། རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་རྒྱལ་གཉའ་ཁྲི་བཙན་པོར་གཏམ་དྲིས་པ་དང་། ཀུན་གྱིས་རྗེ་བོར་འོས་པར་ཐག་བཅད་ནས་རྒྱལ་སར་བཀོད་པའི་ལོ་རྒྱུས་ལ་བལྟས་ན། བོད་རྒྱལ་འདིའི་ཡར་སྔོན་ནས་བོན་ཆོས་བོད་ཡུལ་དུ་དར་ཡོད་ལ། ད་དུང་བོད་ཡུལ་འདིར་རུས་མིང་གིས་འབོད་པའི་སྲོལ་ག་དར་ཁྱབ་ཆེ་བའང་མངོན་ཡོད།
བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་བཟུང་བཙན་པོའི་སྐུ་གཤེན་གྱིས་ཞང་ཞུང་གི་སྐད་ལས་དྲངས་པའི་མཚན་གསོལ་བའི་སྲོལ་བྱུང་བ་ནི། མཁས་དབང་ནམ་མཁའི་ནོར་བུས། <<སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ>>ཞེས་པ་ལས། “གནའ་དུས་སུ་བོད་ཀྱི་བཙན་པོ་རྣམས་ཀྱི་སྲས་འཁྲུངས་པའི་ཚེ། བཙན་པོའི་སྐུ་གཤེན་བོན་པོ་དེས་འཁྲུངས་བསང་བཏང་ནས། ཚན་ཁྲུས་ཞེས་པའི་ཆབ་ཀྱིས་སྐུ་ཁྲུས་གསོལ་ཏེ་རྒྱལ་སྲས་དེ་ལ་ཞང་ཞུང་གི་སྐད་ལས་དྲངས་པའི་མཚན་ཁྱད་པར་ཅན་རེ་གསོའ་བའི་སྲོལ་བྱུང་། དེ་ནི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་བྱུང་བའི་གནའ་སྲོལ་ཞིག་སྟེ།” ཞེས་པ་ལྟར། རིམ་བཞིན་བོད་རྗེ་བཙན་པོ་དག་གི་མཚན་ལ། གཉའ་ཁྲི་བཙན་པོ་དང་། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ་སོགས་དང་། གྲི་གུམ་བཙན་པོ། སྤུ་དེ་གུང་རྒྱལ། ཨེ་ཤོ་ལེགས། དེ་ཤོ་ལེགས། ཐི་ཤོ་ལེགས་སོགས་དང་། ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན་སོགས་དང་། ཏོ་རེ་ལོང་བཙན། ཁྲི་བཙན་ནམ། ཁྲི་སྒྲ་སྤུངས་བཙན། ཁྲི་ཐོག་རྗེ་བཙན། ལྷ་ཐོ་ཐོ་རི་གཉན་བཙན། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ། གུང་རི་གུང་བཙན། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེ། ཁྲི་ལྡེ་གཙུག་བརྟན། མེས་ཨག་ཚོམ་ཅན། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། མུ་རུག་བཙན་པོ། མུ་ཏིག་བཙན་པོ། ཁྲི་རལ་བ་ཅན། འུ་དམ་བཙན་པོ་སོགས་ཞང་ཞུང་གི་སྐད་ཀྱི་བརྡ་དོན་ཁྱད་པར་བ་རེ་ཚིག་དོན་དང་སྦྱར་ཏེ་སྔར་གྱི་བཙན་པོ་དག་ལ་མཚན་གསོལ་བའི་ལུགས་སྲོལ་བྱུང་འདུག
དེར་ཨེན་སྒེན་སི་( Engels) <<མི་རིགས་དང་སྒེར་ལ་དབང་བའི་ལམ་ལུགས། རྒྱལ་ཁབ་བཅས་ཀྱི་འབྱུང་ཁུངས>> ཞེས་པའི་ནང་། “གནའ་རབས་ཀྱི་མི་རིགས་ཁ་ཤས་དང་། རུས་རྒྱུད་དེ་ཕ་ཡི་གདུང་རུས་མ་ཡིན་པར། མ་རུས་ཆོ་འབྲང་འདེད་སྲོལ་དང་། མ་རྒྱུད་ནི་གཙོ་བོར་འཛིན་པ་ཡིན། དེའི་རྒྱུ་མཚན་ནི་གནའ་རབས་ཀྱི་མི་རྣམས་ཁྱོ་གཅིག་ལམ་ལུགས་མིན་པར་འདྲེས་སྤྱོད་ཀྱི་ལམ་ལ་བརྟེན་ཕྱིར། ཕྱིས་འབྱུང་གི་ཕྲུ་གུ་རྣམས་ཕ་རུས་འདེད་ཐབས་བྲལ་ནས་ཆོ་འབྲང་གཙོ་བོར་འདེད་སྲོལ་ཡང་འདུག དེ་ནས་བུད་མེད་རྣམས་སྐྱེད་མར་ངོས་བཟུང་སྟེ། སྐབས་དེར་མ་ཡིས་སྐྱོང་བཞིན་པའི་སྐྱེ་བོ་དེ་དག་ལ་བུད་མེད་ནི་རང་གི་བྱམས་བརྩེའི་སྐྱེད་མ་གཅིག་པུ་ཡིན་པའི་འཆར་སྒོ་བྱུང་སྟེ། ཁོང་ཚོར་བརྩི་བཀུར་བྱེད་པ་དང་། སྙན་གྲགས་ཆེ་བར་བརྟེན། རིམ་བཞིན་བུད་མེད་ཀྱིས་དབང་བསྒྱུར་བ་དང་། ཆབ་སྲིད་གཉེར་བའི་ལམ་ལུགས་ཤིག་ཆགས་པ་རེད།“ ཅེས་བཤད་པ་བཞིན་ཐོག་མར་བུ་ཕྲུག་གི་བདག་དབང་སྐྱེད་མ་ལ་དབང་བས་སམ་གང་ལྟར། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་སྲས་མུ་ཁྲི་བཙན་པོ་ནས་གདགས་ཁྲི་བཙན་པོའི་བར་ཏེ་གནམ་གྱི་ཁྲི་བདུན་དུ་གྲགས་པ་དག་གི་མཚན་ཡང་། རྒྱལ་བོའི་མཚན་ལས་མ་དྲངས་པར་བཙུན་མོའི་མཚན་ལས་དྲངས་ཏེ། དཔེར་ན། ཡུམ་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ་དང་། ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ་ལ་སོགས་པ་སྔ་མོའི་བོད་རྒྱལ་བཙན་པོ་དག་གིས་མཚན་ཡང་མའི་ཆོ་འབྲང་གི་རིགས་རྒྱུད་གཙོར་བཟུང་གིས་མཚན་གསོལ་པ་ལ་བལྟས་ན། གཉའ་ཁྲིའི་ཡར་སྔོན་གྱི་རང་རེའི་གནའ་བོའི་སྲོལ་རྒྱུན་གྱི་གནས་བབས་གལ་ཆེན་ཞིག་སྟོན་པས་ཀྱང་ཆེ་ལ། བླ་མ་མཁས་བཙུན་བཟང་བོས་ཏུན་ཧོང་གཏེར་ཡིག་ཕྱོགས་བསྒྲིགས་ལས། “འོན་ཀྱང་དེ་རྣམས་ཟག་མེད་ཀྱི་རྫུ་འཕྲུལ་མི་མངའ་ཡང་། ཟག་བཅས་མི་མ་ཡིན་གྱི་རྫུ་འཕྲུལ་ཡོད་པ་ལ་བརྟེན་བཙུན་མོ་ཕལ་བའི་བུ་མོ་མ་ཡིན་པ་ལྷ་མོ་ཁོ་ན་བཞེས་ཏེ། དེ་རྣམས་གནས་ཡུལ་གནམ་མུག་མུག་སྨུག་སྤྲིན་ཅན་དང་། ས་དོག་ལ་ནགས་ཚལ་ཅན་དང་རིའི་སྲིབས། གངས་ཀྱི་རིའི་སོགས་སུ་གནས་པ་དེ་རྣམས་བཙུན་མོའི་ལས་ཐབས་ལ་བརྟེན་ནས་སྲས་བསྐྲུན་པ་དེ་དག་མིའི་རྒྱལ་བོ་མཛད་པ་ཙམ་ལས། ད་ལྟ་རང་སྙིགས་མ་ལྔ་བདོའི་མིའི་ངང་ཚུལ་ཇི་བཞིན་པ་ནི་མ་ཡིན་ཚོད་འདུག“ ཞེས་པ་ལྟར་སྔར་གྱི་རྒྱལ་རབས་ལོ་རྒྱུས་རྣམས་སུའང་གནམ་གྱི་ཁྲི་བདུན་དུ་གྲགས་པའི་སྲས་འདི་དག་ནི། ནམ་མཁའ་ལ་གཤེགས་བཞུད་མཛད་པའི་རྫུ་འཕྲུལ་ལྡན་ཞིང་། གཤེགས་དུས་ཀྱང་པུར་མེད་མཁའ་ལ་འཇའ་ལྟར་ཡལ་བས་བང་སོ་གནམ་ལ་བཏབ་པ་ཞེས་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡོངས་གྲགས་སུ་ཁྱབ་ཡོད། གང་ལྟར་བཙན་པོ་འདི་དག་གི་མཚན་ནི་སྐྱེད་མ་སོ་སོར་རང་གི་མཚན་ཟུར་ལས་དྲས་ཏེ་མཚན་གསོལ་ཡོད་པས་བོད་ཀྱི་ལོ་རྒྱུས་སྟེང་མིང་དུ་བཏགས་པའི་སྲོལ་རྒྱུན་གྱི་གྲུབ་ཆ་གལ་ཆེན་ཞིག་བཟུང་ཡོད། དེས་ན་སྔར་གྱི་བཙན་པོ་ལྡེ་ཕྲུ་བོ་གནམ་གཞུང་བཙན་གྱི་རིང་ལ་སྔོན་ཆད་བློན་པོ་བགྱིས་པའི་མི་རབས་བདག་གི་མཚན་ལ། གནའ་ཐོག་འདར་གྱི་བུ། སྟོང་དང་རྗེ། རྡེགས་དུད་ཀྱི་རྗེ། ཁུ་ལྷ་བོ་མགོ་གར། ལྷོ་ཐང་འབྲིང་བ་སྟེང་། རྡེགས་ཐ་ང་ཡོང་ཐང་རྗེ། གནུབས་སྨོན་ཏོ་རེ་སྲུང་བཙན། འཐོན་མི་འབྲིང་བོ་རྒྱལ་བཙན་ནུ། སྣ་ནམ་འབྲིང་ཏོག་རྗེ། གནུབས་ཁྲི་དོ་རེ་མཐོང་པོ། གནུབས་ཁྲི་དོག་རྗེ་གཙུག་བློན། གནུབས་གཉེན་ཏོ་རེ་ང་སྣང་། ཤུད་བུ་རྒྱལ་ཏོ་རེ་ང་མི། མོང་ཁྲི་དོ་རེ་སྣང་ཚབ། མགར་ཁྲི་སྒྲ་འཛི་རྨུན། མྱང་མང་པོ་རྗེ་ཞང་སྣང་སོགས་ཀྱིས་རིམ་བཞིན་བཀའ་བློན་བྱས་ཚུལ་མཁས་བཙུན་གྱིས་ཕྱོགས་བསྡུའི་ཏུན་ཧོང་གཏེར་ཡིག་ལས་གསལ་བས། འདི་དག་གིས་སྐབས་དེའི་བོད་པའི་མིང་འདོགས་སྟངས་ཀྱི་རྣམ་པ་རོབ་ཙམ་ངེས་ཐུབ་པ་ཡིན།
ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ནང་བའི་ཆོས་དང་ཡི་གེ་ལ་སོགས་པས་གཙོས་ལེགས་པའི་བྱ་བ་ཐམས་ཅད་ཀྱི་སྲོལ་བཏོད། སྐབས་དེར་ཕྱི་བློན་དྲུག་དང་། ནང་བློན་དྲུག མེད་ཐབས་མེད་པའི་བློན་པོ་བཞི། ཞང་བློན་བདུན་སོགས་ཀྱིས་ཕྱི་ནང་གི་ལས་དོན་མཐའ་དག་ལེགས་བསྒྲུབས་མཛད་ཅིང་། ཁྱད་པར་དུ་ཕྱི་བློན་དྲུག་གི་འོག་ཏུའང་བློན་ཆེན་བརྒྱ་རྩས་ཕྱི་སྲིད་ཀྱིས་མཐའ་རྒྱ་བསྐྱེད་དེ། བོད་ལ་མཁོ་བའི་ཤེས་རིག་ཤར་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་གསོ་དང་། ནག་རྩིས་སོགས་ཀྱི་དཔེ་སྲོལ་བླངས། ལྷོ་ཕྱོགས་རྒྱ་གར་ཡུལ་ནས་དམ་པའི་ཆོས་བསྒྱུར། ནུབ་ཕྱོགས་སོག་བལ་ཡུལ་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་ཁ་ཕྱེས། བྱང་ཕྱོགས་ཧོར་དང་ཡུ་གུར་ནས་དྲག་པོའི་ཁྲིམས་དང་ལས་ཀྱ་ིདཔེ་སྲོལ་བླངས་ཏེ་ཆོས་རྒྱལ་འདིའི་སྐུ་རིང་ལ་ལུགས་གཉིས་ཀྱི་རྒྱ་བསྐྱེད་ཆེན་པོ་མཛད། དུས་ཐོག་འདིར་བོད་པའི་མིང་འདོགས་སྟངས་ཀྱི་དཔེར་མཚོན་ཙམ་འགོད་། ནང་བློན་དྲུག་ནི། འཕྲུལ་གྱི་མནའ་ཆེན་རིག་བཟང་དང་། ཞང་བོ་རྒྱལ་གྱི་ཁྲོམ་བཟང་། ཅོག་རོ་རིག་པའི་ཀོང་བཟང་། ལྷ་གཟིགས་ཤོག་པོ་བསྟན་བཟང་། ཀ་ཡི་སྙག་སྟོན་འཕེལ་བཟང་། སྦས་ཅང་དཔལ་གྱི་ལེགས་བཟང་བཅས་དང་། ཕྱི་བློན་དྲུག་ནི། བྱང་གི་ཁྱུང་བོ་སྤུང་ཟད་ཟུ་རྩེ་དང་། ལམ་ཁྲི་བདེ་བླག་ཁྲི་བཙན། མུ་ཁྲི་རྡོ་རྗེ་རྣམ་བཙན། ཐིང་གི་བྱང་ཆུབ་མཆོག་བཙན། ཐར་པ་ཀླུ་ཡི་དཔལ་བཙན། རོང་པོ་འཕྲུལ་གྱི་ལྡེ་བཙན་བཅས། མེད་ཐབས་མེད་པའི་བློན་པོ་བཞི་ནི། ཐོན་མི་སམབྷོཊ་དང་། མགར་སྟོང་བཙན་ཡུལ་བཟུང་། འབྲི་ཡི་སི་རུ་གུང་སྟོན། ཉང་གི་ཁྲི་བཟང་ཡང་སྟོན་སོགས་ཀྱི་མཚན་ལས་སྐབས་དེའི་གནས་བབས་ཀྱི་འགྱུར་ལྡོག་རགས་ཙམ་མཚོན་ཐུབ་པ་མ་ཟད། བོད་ཁམས་ཡོངས་ལ་ཡར་རྒྱས་དང་འཕོ་འགྱུར་ཐེབས་པའི་དུས་ཚིགས་ཀྱི་བར་མཚམས་ལྟ་བུ་ཡིན། ཕྱིས་སུ་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བན་བོན་གཉིས་ཀྱིས་བསྟན་པ་དཔང་བཞག་གིས་བརྩད་མཐར་བན་ཆོས་ལ་ཁྲིམས་མཐུན་གྱི་གོ་ས་ཐོབ་སྟེ། བོད་ཁམས་ཡོངས་ལ་ནང་བའི་བསྟན་པ་དར་རྒྱས་སུ་སོང་བའི་བབས་དང་བསྟུན་ནས་མིང་འདོགས་སྟངས་ཀྱི་ཐད་ལའང་འགྱུར་བ་ཤུགས་ར་ཕྱིན་ཡོད། དཔེར་ན། རོགས་བན་ནམ་མཁའ་ཡེ་ཤེས་། ཉང་དེ་བཞིན་གཤེགས་པ་། འབྲེ་ཤེས་རབ་གྲགས། རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག གཙང་ལེགས་གྲུབ་ལ་སོགས་མཚན་འདོགས་སྲོལ་ལ་འགྱུར་བ་ཤུགས་ཆེར་ཕྱིན་ཡོད་པ་མ་ཟད། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གསེར་གྱི་མཎཊལ་ཕུལ་ནས་གསང་སྔགས་རྡོ་རྫེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་རྣམས་སྩོལ་བར་གསོལ་བ་བཏབ་པར། སློབ་དཔོན་ཆེན་པོས། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས། རྗེ་འབངས་ཉི་ཤུ་རྩ་ལྔར་དབང་བསྐུར་བའི་ཚེ་མངའ་བདག་གི་མེ་ཏོག་དབུས་སུ་བབས་པས། གསང་མཚན་ཚངས་པ་ལྷ་ཡི་མེ་ཏོག་རྩལ་དུ་གནང་ཞིང་། ད་དུང་ཡེར་བའི་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་རྩ་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉེར་ལྔ། རྣལ་འབྱོར་བ་བདུན་ལ་སོགས་པའི་འཕགས་པའི་གང་ཟག་རྣམས་ལ་རིགས་ལྔའི་ལས་ཀྱི་མཚན་ལས་དྲངས་ཏེ་གསང་མཚན་གསོལ་བའི་དབུ་ཡང་བརྙེས། སྐབས་འདིར་བན་བོན་གཉིས་ཀྱི་གྲུབ་མཐའི་རྩོད་གླེང་གི་ཕྱོགས་འཛིན་རིས་གཅོད་བྱེད་པའི་སྒང་ཡིན་པས། བློན་འབངས་མི་སེར་དག་གི་མིང་ལ། དབའས་བཙན་བཞེད་མདོ་ལོད་དང་། སྣང་བཞེར་ཟླ་བརྩན། ཞང་མཆིམས་རྒྱལ་གཟིགས་ཤུ་ཐེང་། ངན་ལ་མ་ཀླུ་ཁོང་། ཏ་ར་ཀླུ་ཁོང་། སྟག་སྒྲ་ཀླུ་ཁོང་། སྦྲང་རྒྱལ་སྒྲ་ལེགས་གཟིགས། གཞན་བུད་མེད་ཀྱང་ཚེ་སྤོང་བཟའ། དམར་རྒྱན་བཟའ། མཁར་ཆེན་བཟའ། མཆིམས་བཟའ་སོགས་བོད་མིའི་སྔར་སྲོལ་གྱི་ལུགས་ལས་འདའ་མེད་ནའང་། བན་བོན་གྲུབ་མཐའ་ལ་གནས་པའི་བྱེད་པོ་དག་གིས་ལུགས་གཉིས་ཀྱི་ལ་རྒྱ་མཐོན་པོར་མཚོན་ཆེད་སོ་སོའི་སྐྱབས་ཡུལ་དང་། བསྟན་པའི་ཟུར་ལས་དྲས་ཏེ་མིང་འདོགས་སྟངས་ལ་ཆེས་མངོན་གསལ་དོད་པོའི་འགྱུར་བ་བྱུང་བ་ནི། དཔེར་ན་བོན་གྱི་མཁས་པ་ཐང་ནག་དང་། སྟོང་རྒྱུས་སོགས་བོན་མཁས་པ་མི་དགུས་ལོ་པཎ་དག་ལ་བརྩད་ཚུལ་དང་། བུད་མེད་ཀྱི་ཁྲོད་ལས་ཀྱང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་གཡུང་དྲུང་བོན་མོ་མཚོ་གཉིས་ཀྱིས་སོ་སོའི་གྲུབ་མཐའི་བདེན་པ་བདར་ཚུལ་སོགས་ལས་ཀྱང་གསལ་བོར་མཚོན་ཐུབ།
ཕྱིས་སུ་འུ་དུམ་བཙན་པོའམ་གླང་དར་མས་བསྟན་པ་བསྣུབས་ཏེ་རྗེས་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ། སྔར་གྱི་བན་བོན་སྔོན་སྲོལ་གསུམ་ཆ་སྐྱའཐབ་པའི་མིང་འདོགས་སྟངས་ཀྱི་ཐད་ལའང་ཧེ་བག་ཆེན་པོ་བྱུང་། བོད་མཁས་པ་མི་གསུམ་མདོ་སྨད་རྨ་ལུང་རྡོ་རྗེ་ཏན་ཏིག་ཏུ་བྱོན་ནས་བླ་ཆེན་པོ་དགོངས་པ་རབ་གསལ་བསྙེན་པར་རྫོགས་ཤིང་། ཕྱིས་དབུས་གཙང་ཕྱོགས་ཀྱི་མི་བཅུ་སྟེ། ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་། སུམ་པ་ཡེ་ཤེས་བློ་གྲོས། འབྲིང་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། རྨ་བན་རིན་པོ་ཆེ། རྦ་ཚུལ་ཁྲིམས་བློ་གྲོས། འོལ་བ་རྡོ་རྗེ་དབང་ཕྱུག ཚོང་བཙུན་ཤེས་རབ་སེང་གེ མངའ་རིས་པ་འོ་བརྒྱུད་སྤུན་གཉིས་སོགས་ཀྱིས་མདོ་སྨད་ནས་སྡོམ་རྒྱུན་བླངས་ཏེ་དབུས་གཙང་དུ་ཕེབས་ཚུལ་གསུངས་པས། སྐབས་འདིའི་མིང་འདོགས་སྟངས་ལས་སྔ་ཕྱིའི་མིང་གི་ཁྱད་པར་གསལ་བོར་འབྱེད་ནུས་པ་མ་ཟད། བོན་གྱི་བསྟན་པ་འཛིན་པའི་གང་ཟག་གི་མཚན་ལའང་འཕྲུལ་གཤེན་སྣང་ལྡན་དང་། བཟའ་ཟ་རིང་བཙུན། འཆི་མེད་གཙུག་ཕུད། སྣང་བ་མདོག་ཅན། རྨེའུ་ལྷ་རི་གཉན་པོ། བྲུ་ཆེན་ནམ་མཁའ་གཡུང་དྲུང་། གཡོར་བོ་མེད་དབལ། དཔོན་གསས་ཁྱུང་རྒོད་རྩལ་སོགས་ཀྱང་བོན་པོའི་རིང་ལུགས་ཀྱི་ཁྱད་ཆོས་གསལ་ཐོན་བྱུང་ཡོད་ལ། ད་དུང་རྗེ་དཔའ་འཁོར་བཙན་གྱི་ཆེན་མའི་སྲས། སྐྱིད་ལྡེ་ཉི་མ་མགོན། དེའི་སྲས་དཔལ་གྱི་མགོན། བཀྲ་ཤིས་མགོན། ལྡེ་བཙུན་མགོན་སོགས་འུ་དུམ་བཙན་པོའི་གདུང་རྒྱུད་ཀྱི་སྲས་དག་གི་མཚན་ཡང་སྔར་གྱི་བཙན་པོ་རྣམས་ཀྱི་མཚན་དང་ཁྱད་ཆེ་བ་བྱུང་ཡོད། ཕྱི་ལོ་ཆིག་སྟོང་ཉེར་གཅིག་ཙམ་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐུགས་དགོངས་ལྟར་ནག་ཚོ་ལོ་ཙ་བས་རྒྱ་གར་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས་ཏེ་བོད་ཡུལ་དུ་སླར་ཡང་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ཅིང་། ཐུགས་སྲས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བྱང་རྭ་སྒྲེང་དགོན་པ་ཕྱག་འདེབས་མཛད་པ་ལ་བརྟན་ནས་ཇོ་བོ་བཀའ་གདམས་པའི་ལུགས་ཀྱི་སྲོལ་ཕྱེས་ཏེ། གཏུམ་སྟོན་བློ་གྲོས་གྲགས་པ། རྔོག་ལེགས་པའི་ཤེས་རབ། གྲོ་ལུང་བ་བློ་གྲོས་འབྱུང་གནས། འབྲེ་ཆེན་པོ་ཤེས་རབ་འབར། ཁྱུང་རིན་ཆེན་གྲགས། གཉན་བན་ཆོས་འབར། འབན་གུང་རྒྱལ། གཙང་རིན་ཆེན། ཞང་ཚེ་སྤོང་སོགས་བསྟན་པ་འཛིན་པ་དག་གི་མཚན་དང་ཡུལ་ལུང་རུས་ཚན་སོགས་གསལ་བོར་གནས་པ་དང་། གཞན་པོ་ཏོ་བ། སྤྱན་སྔ་བ། ཕུ་ཆུང་བ། ཁམས་ལུང་བ། གླང་རི་ཐང་བ། ཤ་ར་བ། ཡ་གད་པ། བྱ་ཡུལ་བ་རྣམས་ཀྱི་མཚན་དངོས་མ་དྲངས་པར་འཁྲུངས་སའི་ཡུལ་ལུང་གི་ས་མིང་འཛིན་པའང་སྐབས་འདིར་དར་སྲོལ་ཆེ་བར་བྱུང་འདུག དེ་ལྟར་བུད་མེད་ཀྱི་མིང་འདོགས་ཚུལ་ཀྱང་ལོ་ཆུང་མ་དང་། བཙུན་ནེ། སྒང་ལུམ་མིག་འདྲེན། མང་སྐྱིད། དགེ་གསུམ་ཁྲོ་མོ། ལྷ་གཅིག་གཟུས་མོ་དར་ཆུང་། མཚན་ཉིད་ལྡན་མ། བཙུན་མ་སྒྲོན་ཡང་སོགས་སྔར་གྱི་མིང་ཚབ་“བཟའ” ཞེས་པ་ལས་མིང་རྐྱང་གི་ཐ་སྙད་ལ་གསལ་ཁ་ཆེ་བ་བྱུང་ཡོད། ཡང་ཇོ་བོས་འབྲོམ་ལ་མ་འོངས་ལུང་བསྟན་ལས། “ཀྱེ་རྒྱལ་བའི་འབྱུང་གནས། ཁྱོད་ཀྱིས་དགོན་པ་དེ་བཞེངས། ཁྱོད་ཀྱི་གདུལ་བྱ་རྣམས་ཀྱང་དེར་འདུ། ཆོས་ཉིད་ཀྱི་རྣམ་འབྱོར་བ་གཉིས་ཀྱིས་དབུ་མཛད། ལ་ལ་ནི་བྱང་ཆུང་སེམས་དཔའི་མཚན་དུ་གྲགས་པ། ལ་ལ་ནི་དགྲ་བཅོམ་པའི་མཚན་དུ་གྲགས་པ། ལ་ལ་ནི་བྱམས་པའི་མཚན་དུ་གྲགས་པ། ལ་ལ་ནི་ཤཱཀྱའི་མཚན་དུ་གྲགས་པ། ལ་ལ་ནི་དབང་ཕྱུག་གི་མཚན་དུ་གྲགས་པ། ལ་ལ་ནི་ཤེས་རབ་ཀྱི་མཚན་དུ་གྲགས་པ། ལ་ལ་ནི་བསམ་གཏན་གྱི་མཚན་དུ་གྲགས་པ། མཚན་དོན་དང་ལྡན་པ་མང་པོ་འདུ་བར་འགྱུར་ལ།” ཞེས་གསུངས་པས་ཆོས་ཕྱོགས་དང་འབྲེལ་བའི་སངས་རྒྱས་བྱང་སེམས་མང་པོའི་ཐ་སྙད་ལས་མཚན་གསོལ་བའི་རྣམ་གཞག་ཀྱང་སྐབས་འདི་ག་ལས་འཕེལ་རྒྱས་བྱུང་བར་མངོན་ཞིང་། རབ་བྱུང་དང་པོའི་སྔོན་གྱི་ཆུ་བྱི་ཕྱི་ལོ་ཆིག་སྟོང་བཅུ་གཉིས་ལ་བྱོན་པའི་བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་སྒྲ་སྒྱུར་མར་བ་ལོ་ཙའི་སྐུ་རིང་ལ། བཀའ་བརྒྱུད་ཆེ་བཞི་དང་། ཆུང་བརྒྱད།
ཟུར་གཉིས་སོགས་ཀྱི་སློབ་མ་སློབ་བརྒྱུད་དག་གི་མཚན་ལ། མི་ལ་རས་པ་དང་། ཏི་ཤྲི་རས་པ། རས་པ་དཀར་པོ། རས་པ་བློ་གྲོས་རྡོ་རྗེ། གླང་རས་གྲགས་པ་རྒྱལ་མཚན། རས་ཆུང་རྡོ་རྗེ་གྲགས། རས་པ་ཞི་བ་འོད། ཁྱི་ར་རས་པ་སོགས་རས་རྐྱང་ཁོ་ནར་བརྟེན་པའི་ཀུན་སྤང་བརྟུལ་ཞུགས་ཀྱི་རྣལ་འབྱོར་བ་མང་བས་དང་། ཀརྨ་དུས་གསུམ་མཁྱེན་པ་དང་། ཀརྨ་རང་བྱུང་རྡོ་རྗེ། ཀརྨ་རོལ་བའི་རྡོ་རྗེ། ཀརྨ་སྐུ་ཕྲེང་རིམ་བྱོན། གཞན་ཡང་ལུས་མེད་རྡོ་རྗེ། རིན་ཆེན་རྡོ་རྗེ། རྡོ་རྗེ་མགོན་པོ། ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་རྡོ་རྗེ། མཁའ་ཁྱབ་རྡོ་རྗེ། བདུད་འདུལ་རྡོ་རྗེ། པདྨ་རྡོ་རྗེ། སངས་རྒྱས་རྡོ་རྗེ་སོགས་བཀའ་བརྒྱུད་པའི་བསྟན་འཛིན་སྐྱེས་བུའི་ཁྲོད་ན་བླ་མེད་རྒྱུད་སྡེའི་ཐ་སྙད་ཅི་བས་མང་བ་ནི་ཐབས་ལམ་ནཱ་རོ་ཆོས་དྲུག་སོགས་རྡོ་རྗེ་ཐེག་པའི་ཟབ་ལམ་སྒྲུབ་བརྒྱུད་ཀྱི་བཀའ་བབས་ལས་བྱུང་བས་ཁྱད་ཆོས་སུ་མངོན་ལ། རབ་བྱུང་དང་པོའི་ཤིང་ཁྱི་ལོར་འཁྲུངས་བའི་འཁོན་དཀོན་མཆོག་རྒྱལ་བོའི་སྐུ་རིང་ལ་དཔལ་ས་སྐྱ་བའི་གྲུབ་མཐའི་སྲོལ་བྱུང་བ་ནས་བཟུང་། དེར་འཛིན་གྱི་སྐྱེས་བུ་དག་གི་མཚན་ལའང་ཀུན་དགའ་སྙིང་པོ་དང་། ཀུན་དགའ་འབར། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། གྲགས་པ་རྒྱལ་མཚན། དཔལ་ཆེན་འོད་པོ། ཀུན་དགའ་རྒྱལ་མཚན། བསོད་ནམས་རྒྱལ་མཚན། ཆོས་རྒྱལ་འཕགས་པ་སོགས་དང་། དེ་བཞིན་བུད་མེད་ཀྱི་མིང་ལའང་མ་གཅིག་ཞང་མོ་དང་། གར་ཕུ་མ་ཉི་ཁྲི་ལྕམ་། མ་གཅིག་ཀུན་སྐྱིད། སྨན་རྩེ་མ། མ་གཅིག་ངང་མོ། ཀུན་དགའ་ནམ་མཁའ་རྒྱལ་མཚན་མ། མ་ཅིག་ཉི་མ་རིན་ཆེན་མ་རྣམས་ཀྱིས་མཚོན་མཚན་ལ་ཀུན་དགའ་དང་། རྒྱལ་མཚན། གྲགས་པ། སྙིང་པོ། རྩེ་མོ་མ་ཅིག་སོགས་རྨད་བྱུང་ཡོན་ཏན་གྱི་གཞི་ལ་སྦྱར་བའི་བཤད་པའི་བཀའ་བབས་ཀྱི་ཁྱད་ཆོས་མཚོན་པ་མ་ཟད། བཀའ་བཅུ་བ་དང་རབ་འབྱམས་པའི་མཚན་གྱི་གོ་ཐོབ་ཀྱང་ས་སྐྱའི་ལུགས་ལས་བྱུང་ཡོད།
རྒྱ་གར་ཕ་དམ་པས་ཞི་བྱེད་ཀྱི་གྲུབ་མཐའ་བོད་ཡུལ་དུ་དར་སྤེལ་མཛད་ཅིང་། དེའི་ཡ་གྱལ་གཅོད་ཡུལ་གྱི་གདམས་པ་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་། ཡར་ཀླུང་གི་སྨྲ་ར་སེར་པོ་གཉིས་ལ་གནང་བ་རིམ་འཕེལ་གྱིས། རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ཆིག་སྟོང་ང་ལྔ་ལ་འཁྲུངས་པའི་མ་གཅིག་ལབ་སྒྲོན་གྱི་གདམས་པ་བརྒྱུད་པ་དྲུག་ལྡན་གྱི་སྒོ་ནས་བོད་ཡུལ་དུ་ཟབ་མོ་བདུད་ཀྱི་གཅོད་ཡུལ་འདིའི་ལྟ་སྒོམ་གྱི་སྲོལ་ཕྱེས་པས། གཅོད་པ་དོན་འགྲུབ་དང་། མཁའ་འགྲོ་སྐྱབས། ཡུམ་སྐྱབས་རྒྱལ། ཤེས་རབ་སྒྲོལ་མ། མཁའ་འགྲོ་བདེ་ཆེན་སོགས་ལུགས་འདི་དང་འབྲེལ་བའི་མིང་གི་ཐ་སྙད་ཀྱང་གསར་དུ་དར། ཕྱིས་སུ་རབ་བྱུང་དྲུག་པའི་མེ་བྱ་(ཕྱི་ལོ་༡༣༥༧)་ལོར་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་པ་ནས་དགེ་ལུགས་པའི་གྲུབ་མཐའི་སྲལ་བྱུང་། དེའི་གྲུབ་མཐའ་འཛིན་པའི་སྐྱེས་བུ་རིམ་བྱོན་གྱི་མཚན་ལ། དགེ་འདུན་གྲུབ་པ་དང་། དགེ་ལེགས་དཔལ་བཟང་། དགེ་འདུན་རྒྱ་མཚོ། བློ་བཟང་དོན་འགྲུབ། ཡོན་ཏན་རྒྱ་མཚོ། བློ་བཟང་ཡེ་ཤེས། ཚངས་དབྱངས་རྒྱ་མཚོ། བློ་བཟང་རྒྱ་མཚོ་ལ་སོགས་པས་མཚོན། དེ་དག་གི་རྗེས་འཇུག་གྲྭ་བ་དང་བཙུན་མ་རྣམས་ལའང་བློ་བཟང་བསྟན་འཛིན་དང་། ཤེས་རབ་རྒྱ་མཚོ། དགེ་འདུན་བཟང་བོ། དགེ་འདུན་བཟང་མོ། བློ་བཟང་སྒྲོལ་མ། དགེ་འདུན་བཟང་མོ་སོགས་མདོ་མཚན་ཉིད་ཐེག་པའི་བཀའ་བབས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད་པ་མ་ཟད།
ད་དུང་བཀའ་རམས་པ་དང་རྡོ་རམས་པ། སྔགས་རམས་པ་སོགས་གྲྭ་ས་སོ་སོའི་ཐོབ་ཁོངས་ལས་བཏགས་པའི་མཚན་གནས་གནང་སྲོལ་ཀྱང་རྒྱ་ཆེར་དར་ཡོད། དེ་ཡང་སྔར་ནང་བའི་བསྟན་པ་བོད་ཡུལ་དུ་རིམ་གྱིས་དར་ཏེ་སྔར་གྱི་རུང་མིང་སྤྱོད་པའི་ཚབ་ཏུ་བླ་མ་མཁན་སློབ་དག་གི་མཚན་ཟུར་འདྲེས་ཤིང་། དེ་མཚུངས་སུ་བཀའ་གདམས་པའི་བཤེས་གཉེན་དག་གི་མཚན་ལ། སྤྱན་སྔ་བ་དང་། པོ་ཏོ་བ། ཁམས་ལུང་བ། ཕུ་ཆུང་བ་། ཤ་ར་བ་སོགས་ཡུལ་ལུང་གི་ཟུར་གྱིས་བརྒྱན་པ་མ་ཟད། བོད་ཁམས་སིལ་བུར་འཐོར་ནས་ལོ་སུམ་བརྒྱ་ལྔ་བཅུ་ཙམ་གྱི་རྗེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་གཞུང་ས་དགའ་ལྡན་ཕོ་བྲང་བར་རང་རེའི་སྲིད་སྐྱོང་རྣམས་ཀྱི་མཚན་ལའང་། ཕག་གྲུ་བ་དང་། རིན་སྤུངས་བ་། སྡེ་བ་གཙང་པ་སོགས་དང་། གཞན་ཡང་། ཨོ་རོང་པ་དང་། མདོ་མཁར་བ། ཟུར་ཁང་བ། བཀྲ་ཤིས་རྩེ་བ། ཆང་ཁྱིམ་པ། ཕ་ལྷ་བ། ཞྭ་སྒབ་པ། ང་ཕོད་པ་སོགས་སྐྱེ་ཡུལ་དང་ཁྱིམ་མིང་ལ་བདག་པོའི་སྒྲ་སྦྱར་གྱི་སྒོ་ནས་འབོད་པ་དག་ཀྱང་སྔར་གྱི་རུས་མིང་གི་ཚབ་མཚོན་ལྟ་བུར་སྤྱོད་སྲོལ་ཆགས་ཡོད།
སྙན་པོ་འདུག་དེང་སང་ང་ཚོའི་སྤྱི་ཚོགས་ནང་ཚང་མང་པོ་འདུག་པ་དེ་ཚོ་དོན་དངོས་དང་མཐུན་པ་བོད་ཀྱི་ལོ་རྒྱུས་དང་མཐུན་པ་ཞིག་རེད་དམ་ཡང་ན་རང་གི་རང་ལ་ཆེ་སྟོད་ཞུས་ནས་སྟག་ཚང་དང་གཟིག་ཚང་སོགས་ཁྱིམ་མིང་ལ་སྦྱར་བ་ཡིན་གསལ་བཤད་བཀྲིན་ཆེ་བ་ཞུ་།
ཡག་བྱུང་། མ་གཞི་རྩོམ་ཡིག་འདི་ལོ་མང་སྔོན་ནས་དུས་དེབ་ཅིག་ལས་བཀླགས་མྱོང་། ཕལ་ཆེར་ནོར་གླིང་གི་ནོར་མཛོད་ནོར་འོད་གང་ཞིག་མིན་ནམ།
གཞན་བོད་ཀྱི་མི་ངའདོགས་སྟངས་སྐོར་ཀྱི་དཔྱད་རྩོམ་ཡག་པོ་ཞིག་༼ཞིབ་འཇུག་སློབ་མའི་ཐར་ཕྱིན་དཔྱད་རྩོམ་ཡིན་སྙམ་༽འདུག་པ་ཡག་ཁྱེད་ཀྱི་འདི་དང་རྒྱས་བསྡུས་ཙམ་ལས་ནང་དོན་འདྲ་སེ་འདུག་སྙམ་སྐབས་དེ་དུས་ཚོར་མྱོང་།
གང་ལྟར་དཔྱད་རྩོམ་ཡག་བྱུང་ཞུ། དེང་སང་བཙན་བྱོལ་ནང་གི་རྙོག་དྲ་ལས་རིག་གཞུང་དཔྱད་རྩོམ་ཀློག་མཁན་ཡོད་མེད་གང་ཤེས།
ཆེད་རྩོམ་འདི་ནི། ཤིན་ཏུ་ལེགས། འདིའི་སྨད་ཆ་ཡང་བསྒུག་ནས་བསྡད་ཡོད་གདའ།