གསར་འགྱུར་མཁོ་སྤྲོད་པ་ཚངས་དབྱངས་རྒྱ་མཚོ།
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་མོན་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་པར་རིས་མེད་སྨོན་ལམ་ཆེན་མོ་ཟབ་རྒྱས་ངང་སྐོང་འཚོགས་གནང་འདུག་ལ། ཚོགས་མགོན་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ཆིབ་བསྒྱུར་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༥ ཉིན་ནས་དབུ་འཛུགས་ཀྱིས་མོན་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་པར་སྤྲུལ་གསུང་དབྱངས་རིན་པོ་ཆེས་གོ་སྒྲིག་འོག་རིས་མེད་སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་ཡོད་པ་དང་། སྨོན་ལམ་ཆེན་མོར་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་དང་། གྲྭ་བཙུན་སྔགས་གསུམ་བཅས་ཁྱོན་ ༡༥༠ ཙམ་དང་། མོན་རྡེ་རིང་ར་མ་གེམ་གྱི་ཡུལ་མི་ ༡༥༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། ཉིན་གསུམ་གྱི་སྨོན་ལམ་ཚོགས་མགོན་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ཆིབས་སྒྱུར་བསྐྱངས་ཡོད་འདུག
སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་དགོས་པའི་དམིགས་ཡུལ་སྐོར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གསལ་བསྒྲགས་སྤེལ་དོན། འཛམ་གླིང་ཡོངས་ལ་དུས་མིན་གྱི་ནད་རིམས་འཁྲུག་རྩོད་ཉེ་བར་ཞི་བ་དང་། ལྷག་པར་དུ་ཡངས་པའི་འཇིག་རྟེན་འདིར་འཕྲལ་ཕུགས་གཏན་བདེའི་ལམ་བཟང་ཉེ་བར་སྟོན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་རྒྱས་ཆེད་དུ་ཡིན་ཚུལ་སོགས་བཀོད་འདུག
སྨོན་ལམ་འཚོགས་ཡུན་ནི་ཉིན་གསུམ་ཡིན་འདུག་ལ། སྨོན་ལམ་སྐབས་ཇོ་ནང་བའི་ཆོས་བརྒྱུད་འཛིན་མཁན་གྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་རིས་མེད་གྲྭ་བཙུན་སྔགས་གསུམ་ ༡༥༠ ཙམ་ལ་བསྙེན་བཀུར་གནང་བཞིན་ཡོད་པ་དང་། སྐབས་དེའི་ཞལ་འདོན་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོ། དཔལ་ཇོ་ནང་བའི་ལུགས་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོ། བླ་མ་མཆོད་པ། འཇམ་དཔལ་མཚན་བརྗོད་དང་། བཟང་སྤྱོད་སྨོན་ལམ། མཇུག་ཏུ་རིས་མེད་བསྟན་རྒྱས་སྨོན་ལམ་དང་། དཔལ་ཇོ་ནང་བའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་དང་དུས་འཁོར་སྨོན་ལམ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་བྱིན་རླབས་ཅན་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་བཞིན་ཡོད་འདུག
སྨོན་ལམ་ཉིན་གསུམ་པའི་ཉིན་རྒྱབ་དུ་དཔལ་དུས་ཀྱི་འཁོར་ལའི་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་རྒྱས་པ་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། སྨན་བླའི་མདོ་ཆོག་གི་སྒོ་ནས་ཚེ་དབང་གནང་གྲུབ་རྗེས་ཐེངས་དང་པོའི་མོན་ཇོ་ནང་དགོན་པའི་རིས་མེད་སྨོན་ལམ་ཆེན་མོ་མཇུག་ལེགས་པར་གྲུབ་ཡོད་འདུག