ཧོར་གཙང་འཇིགས་མེད།
———————–
གཅིག སྤྱི་བཤད།
ང་ཚོས་ནམ་རྒྱུན་སྐད་ཆ་བཤད་སྐབས་དང་། གཞན་ལ་སློབ་ཁྲིད་བྱེད་སྐབས། རྩོམ་ཡིག་འབྲི་སྐབས་བཅས་སུ་མིང་དང་ཚིག་གིས་མ་འདང་བའི་དཀའ་ངལ་དང་། ཁ་སྐད་དང་ཡིག་སྐད་གཉིས་ལ་བར་ཁྱད་ཆེ་བའི་དབང་གིས་དཀའ་ངལ་མང་བོ་ཞིག་ཡང་ཡང་འཕྲད་ཀྱིན་འདུག ཡིན་རྒྱུ་ནི། ད་ཡོད་ཀྱི་བརྡ་སྤྲོད་གཞུང་ལུགས་སམ། བརྡ་སྤྲོད་ཀྱི་ཁྲིམས་ཡིག་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པ་འདི་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་སྐད་ཆ་དང་ཡི་གེ་གཉིས་ཆ་ཁེབས་ཐུབ་ཀྱིན་ཡོད་མེད་དང་། དེ་ལ་ལེགས་བཅོས་ཇི་ལྟར་བྱེད་དགོས་མིན་སོགས་རྩ་བ་ནས་གླེང་དགོས་པ་ཞིག་ཡིན་ཀྱང་། དེ་ནི་བརྗོད་གཞི་རྒྱ་ཆེན་པོ་ཡིན་པས་རེ་ཞིག་བསྐྱུངས་ཏེ། འདིར་ནམ་རྒྱུན་ང་རང་གིས་ཡི་གེ་འབྲི་སྐབས་འཕྲད་བཞིན་པའི་ཡིག་རྡོག་གཅིག་རང་གི་སྐོར་ལ་གླེང་མོལ་ཐུང་ངུ་ཞིག་བྱ་རྩིས་ཡིན།
དཀའ་བའི་ལྡོག་ཟླ་སླ་ཞེས་པའི་ཡི་གེ་འདི་མདོ་སྨད་པ་དག་ལ་མཚོན་ན་ཤེས་ཡོན་ཅན་ཁོ་ནས་མ་གཏོགས་ཡུལ་མི་བྱིངས་ཀྱིས་མི་གོ་བའི་ཡི་གེ་ཞིག་ཡིན། ཁོང་རྣམ་པས་སླ་ཞེས་པའི་ཡིག་འབྲུ་འདིའི་ཚབ་ལ་སྩ་ཡིག་འདི་ཉིད་བེད་སྤྱོད་བྱེད། དེར་བརྟེན་དབུས་སྐད་དུ། ལས་སླ་བོ་རེད། ཅེས་པ་འདིའི་དོད་ཨ་མདོའི་ཁ་སྐད་དུ། སྩ་མོ་རེད་ཟེར། ངས་སྨྱུ་གུ་བཟུང་བ་ནས་དེ་རིང་བར་སྩ་མོ་ཞེས་པའི་ཡི་གེ་འདི་བེད་སྤྱོད་བཏང་བ་ཞིག་དྲན་གྱིན་མི་འདུག ང་ཚ◌ོར་ཁ་སྐད་མང་བོ་ཞིག་ངག་ནས་བརྗོད་པ་ཙམ་ལས་ཡིག་ཐོག་ཏུ་དབབ་རྒྱུ་མེད་པ་ལྟ་བུའི་གོམས་གཤིས་རྒྱུན་འབྱམས་པ་ཡོད་སྟབས། སྩ་ཞེས་པའི་ཡི་གེ་འདི་ཡང་ཕལ་ཆེར་དེའི་ཁོངས་སུ་གཡུགས་པར་སྣང་། ཡིན་ནའང་ངས་སླ་ཞེས་པའི་ཡི་གེ་འདི་འབྲི་ཐེངས་རེ་རེ་བཞིན་སེམས་ངོར་ཐོག་མར་འཆར་བ་ནི་སླ་ཡིག་འདི་ཉིད་མ་ཡིན་པར་སྩ་ཞེས་པའི་ཡིག་འབྲུ་འདི་རེད། ཡི་གེ་བརྗོད་འདོད་ཀྱི་ཀུན་སློང་གིས་སྩ་ཡིག་འདི་བསྐུལ་ནས། བསམ་བློའི་སྐད་ཅིག་གཉིས་པ་དེ་ལ་དྲན་ཤེས་ཀྱིས་སྩ་ཡིག་འདི་ཉིད་ཡིག་བསྒྱུར་བྱས་ཏེ་སྨུག་རྩེ་ལ་ཐོན་འོངས་པ་ནི་སླ་ཡིག་འདི་ཡིན་དགོས་པ་འབྱུང་གིན་ཡོད། ངས་སྩ་ཡིག་འདི་ཉིད་འབྲི་མི་དགོས་པ་དང་བཤད་མི་དགོས་པའི་རྒྱང་སྐོར་ཅི་ཙམ་བྱས་ཀྱང་། ཨ་མས་བསླབས་པའི་ཡི་གེའི་རྩ་བ་འདི་དག་རང་ཤུགས་ཀྱིས་སེམས་ངོས་ནས་ཡལ་བསུབ་ཏུ་མི་འགྲོ་ཞིང་། གཏན་བརྗེད་དུ་གཏོང་བའི་ཐབས་ཤེས་གཞན་ཀྱང་མ་རག ལར་འདི་ཉིད་ང་ལྟ་བུ་མི་ཆུང་གཅིག་ལ་འཕྲད་པའི་དཀའ་ངལ་ཞིག་ཀྱང་མ་ཡིན་པར་མི་གྲངས་ས་ཡ་དུ་མ་ཐུན་མོང་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་སྟབས། གླེང་སློང་བྱེད་རིན་མེད་པ་ཞིག་ཀྱང་མ་ཡིན་པར། སླ་ཡིག་གི་དོད་དུ་སྩ་ཡིག་རྗོད་མཁན་གྱི་མི་གྲངས་ས་ཡ་དུ་མས་རྩ་སྐྱུར་མ་བྱས་ཀྱི་བར་དུ་མུ་མཐུད་གནས་རྒྱུ་ཡིན་པའི་གནད་དོན་ཞིག་ཅི་ལ་མིན།
སྩ་ཡིག་འདི་སྤྱིར་བཏང་གི་འཇུག་ཡུལ་དུ་མ་ཞིག་ཡོད་པ་ནི། བརྡ་རྙིང་འགའ་ཞིག་ཏུ་བསུ་བ་ལ་བསྩུ་བ་དང་། བརྩེ་བ་ལ་བསྩེ་བ། བསགས་པ་ལ་བསྩགས་པ། བསང་བ་ལ་བསྩང་བ། བཙན་པོ་ལ་བསྩན་ཕོ། བསལ་བ་ལ་བསྩལ་བ་ལྟ་བུ་དང་། དེང་སང་ཡོངས་གྲགས་བེད་སྤྱོད་བྱེད་བཞིན་པ་ནི། གནང་བ་སྩལ་པ་དང་། བཀའ་སྩལ་བ་ལྟ་བུ་ལས་བཀོལ་སྤྱོད་མང་བོ་མེད་པར་གྱུར་ཡོད།
སུམ་ཅུ་བའི་གཞུང་དུ་ནས་ལས་གཉིས་སྡུད་པ་ལ་འཇུག་ཚུལ་ཞིག་གསུངས་ཡོད་ཀྱང་། ལག་ལེན་དངོས་ཀྱི་སྐབས་ལས་སྒྲ་སྡུད་པ་ལ་འཇུག་པའི་དཔེ་མཚོན་རྩོད་རྙོག་ཅན་གཅིག་རང་ལས་རྙེད་མི་ཐུབ། དུས་རབས་དང་སྐད་ཡིག་ལ་འགྱུར་བ་ཆེན་པོ་ཐེབས་པའི་དབང་གིས་ཡིན་ནམ། ལས་སྒྲ་སྡུད་པ་ལ་འཇུག་པ་དེ་ཡང་ལས་སྒྲ་མ་ཡིན་པར་ལ་སྒྲར་གྱུར། དེ་ནི་ལ་སོགས་པ་ཞེས་པ་དེ་ཡིན། དེའི་རྒྱུ་མཚན་སུམ་འགྲེལ་མཁན་པོ་རྣམས་ཀྱིས་མཛད་པ་ནི། ཏུན་ཧོང་གཏེར་ཡིག་སོགས་ཡིག་རྙིང་ཁག་ཅིག་ཏུ་ལསྩོགས་པ་ཞེས་པ་ཞིག་འབྱུང་བ་དེ་ཡིན་པར་འགྲེལ་གྱིན་ཡོད། དེ་ཉིད་ལ་མི་འཐད་པའི་སྒྲུབ་བྱེད་གཏོང་དགོས་དོན་མེད་ཀྱང་། དེ་ཉིད་ཡིན་པའི་ཡིན་ལུགས་ར་སྤྲོད་གསལ་བོར་བྱེད་ཐུབ་མཁན་ཀྱང་མེད་པར་སྣང་།
ད་དུང་རྟགས་འཇུག་སྤྱི་འགྲོས་ལ་གཞིགས་ན་སྩ་ཡིག་འདི་ཉིད་གཟུགས་འགྱུར་བའི་བྱ་ཚིག་ཅིག་ཡིན་སྟབས། མ་འོངས་པ་ལ་བསྩལ་དང་། ད་ལྟ་བ་དང་སྐུལ་ཚིག་ལ་སྩོལ། འདས་པ་ལ་བསྩལ་འདི་འདྲ་འབབ་པ་ཡིན་མོད། དེང་སང་འདས་མ་འོངས་གཉིས་ཆར་སྔོན་འཇུག་བ་ཡིག་མི་ཐོབ་པ་འབྲི་ཚུལ་ཤུགས་ཆེ། ལུགས་འདི་འཛིན་མཁན་དག་ནི་སུམ་རྟགས་ཀྱི་གཞུང་ལུགས་ལས་ཤིང་དཔར་དུ་གང་ཐེབས་པ་རྩ་ཆེར་འཛིན་མཁན་དག་གི་འདོད་ཕྱོགས་ཡིན།
གཉིས། སྐབས་བབ་ཀྱི་བརྗོད་དོན་དངོས།
ཕྲན་གྱིས་ཅི་ཙམ་བསམས་པ་དེ་ཙམ་གྱིས་ང་ཚོས་ཡུལ་མི་ས་ཡ་དུ་མས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཆེ་ཙམ་ཡོད་པའི་སྩ་ཡིག་གི་ཁྱབ་ཁོངས་འདི་སྣང་མེད་སྐྱུར་འཇོག་བྱེད་རྒྱུ་དེ་ཐབས་ལམ་ལེགས་ཤོས་དེ་མ་ཡིན་པར། འདིའི་འཇུག་ཡུལ་དང་གོ་དོན། ཡི་གེ་གང་ཐོབ་པ་སོགས་ལ་དཔྱད་ཞིབ་བྱ་རྒྱུ་དང་། སླ་ཡིག་དང་སྩ་ཡིག་འདི་གཉིས་ཀྱི་འཇུག་ཡུལ་ཕལ་ཆེར་འདྲ་མཚུངས་ཡིན་པ་ངོ་འཕྲོད་ཆེད། མདོ་ཁམས་པ་དག་གི་ཁ་སྐད་ཁྲ◌ོད་དར་ཁྱབ་ཆེ་བའི་སྩ་ཡིག་དང་། ཡིག་སྐད་དུ་འགྲོ་རྒྱུག་ཆེ་བའི་སླ་ཡིག་གཉིས་གཤིབ་བསྡུར་དཔེ་མཚོན་ཁག་ཅིག་གཤམ་གསལ་ལྟར།
༡། སླ། སྩ།
༢། སློང་། སྩོང་།
༣། སློབ། སྩོབ།
༤། སླང་། སྩང་།
༥། སླེབས། སྩེབས།
༦། སློག་པ། སྩོག་པ།
༧། སློག སྩོག
༨། སླ་ང་། སྩ་ང་།
༩། སླེ་བོ། སྩེ་བོ།
༡༠། སློ། སྩོ།
ཡི་གེ་སྐོར་ཚོགས་འདི་གཉིས་གཤིབ་བསྡུར་བྱས་པའི་རེའུ་མིག་ལ་གཟིགས་ན་ང་ཚོར་བསམ་བློ་བསྐྱར་མ་ཞིག་ངེས་པར་འཁོར་ཐུབ་པ་ཡིན་ལ། གཤམ་དུ་དེ་དག་ལ་དཔེ་མཚོན་དང་བཅས་འགྲེལ་བཤད་ཕྲན་བུ་རེ་བྱ་རྒྱུ་ཡིན།
༡། སྩ། སྩ་ནི་གང་ཞིག་བྱེད་སྟབས་བདེ་བའི་དོན་ཏེ། ཡིག་སྐད་ཀྱི་སླ་ཞེས་པ་དེའི་དོད་ཐུབ་ལྟ་བུ་ཡིན། སྩ་ཡིག་འདི་ཨ་མདོ་བའི་གླུ་ཚིག་ཏུ་གསལ་བ་ནི།
སྐྱིད་ལ་རྟ་ཞིག་ཡོད་དུས་ན། །
སྒ་ཞིག་སྟོད་རྒྱུ་སྩ་མོ་རེད། །
སྐྱིད་ལ་ཕ་མ་ཡོད་དུས་ན། །
གླུ་ཞིག་ལེན་རྒྱུ་སྩ་མོ་རེད། ། ཅེས་དང་།
སྟག་ཤར་བ་ཇག་ལ་འགྲོ་ནི་ཚོ། །
ཇག་ཕར་འགྲོ་སྩ་དང་ཚུར་ཡོང་དཀའ། །
ཚུར་ཡོང་སྔུན་ན་རྒྱུ་ཞིག་དགོས། །
རྒྱུ་མེད་ན་རི་སྤྱང་རྔ་ལོ་རེད། ། ཅེས་པ་ལྟ་བུ་སོགས་དཀའ་ཡིག་གི་ལྡོག་ཟླ་ལ་སླ་ཡིག་མ་བཞག་པར་སྩ་ཡིག་བརྗོད་པའི་གླུ་ཚིག་མང་◌བོ་ཡོད་ཅིང་། ནམ་རྒྱུན་གྱི་ཡུལ་མིའི་ཁ་སྐད་ལ་སླ་ཞེས་པ་འདི་བེད་སྤྱོད་གཏོང་མཁན་མི་རྙེད། ལྷ་ས་ནས་བྱང་ཤར་དུ་འགྲོ་བའི་དབང་དུ་བྱས་ཚེ། ཨ་མདོ་སྟོད་◌མ་བརྒལ་ཙམ་ནས་ཡི་གེ་ལ་སྦྱངས་མ་མྱོང་མཁན་ཞིག་ལ་སླ་མི་སླ་ཞེས་བཤད་ན་སུས་ཀྱང་གོ་མི་ཐུབ། སྩ་དང་མི་སྩ་ཞེས་ཤོད་དང་བདེ་གླགས་ངང་གོ་ཐུབ། མི་འདི་ལས་སླ་བོ་མ་རེད་ཟེར་རྒྱུའི་ཚབ་ལ། མི་འདི་སྩ་མོ་མ་རེད་ཟེར། དེས་ན་འུ་ཅག་ལ་སྩ་ཡིགའདི་འཇུག་ཡུལ་དང་བཅས་ར་◌འཕྲོད་བྱུང་།
༢། སྩོང་། སློང་ཡིག་གི་དོད་སྩོང་ཡིག་འདི་ནི་ཁ་ཟས་གོས་སོགས་སློང་བའི་དོན་ཡིན་ཏེ། སྤྲང་བོས་བྲོ་སྩོང་གིན་འདུག མཆོད་རྟེན་རྒྱག་ཆེད་ཞལ་འདེབས་སྩོང་གིན་འདུག་ཟེར། སྩོང་ཡིག་འདི་གཟུགས་འགྱུར་བའི་བྱ་ཚིག་ད་ལྟ་བ་ཡིན་སྟབས། འདིས་དྲངས་པའི་འདས་ཚིག་ལ་བསྩངས་དང་། མ་འོངས་པར་བསྩང་། སྐུལ་ཚིག་ལ་སྩོང་། དེ་བཞིན་བྱེད་པ་བོ་ལ་སྩོང་མཁན་བཅས་སུ་འབོད།
༣། སྩོབ། སྩོབ་ནི་ཡི་གེ་དང་ལག་རྩ་ལ་སོགས་སློབ་པའི་དོན་ཏེ། ཡི་གེ་སྩོབ། སྨན་སྩོབ། རྩིས་སྩོབ། ཤིང་བཟོ་སྟངས་སྩོབ་སོགས་ཟེར། བསླབས་ཟིན་པའམ་འདས་ཚིག་ལ་བསྩབས་ཟེར། ཡི་གེ་བསྩབས་ནས་ཕྱིར་ཡོང་ལྟ་བུ་ཟེར། སྐུལ་ཚིག་ལ་སྩོབས་ཟེར། ཁྱེད་ཀྱིས་ཁོང་ལ་ཡི་གེ་སྩོབས་ཟེར། འདི་ཡང་དུས་གསུམ་སྐུལ་ཚིག་དང་བཅས་པ་ཡོད་པའི་གཟུགས་འགྱུར་བའི་བྱ་ཚིག་ཞིག་ཡིན།
༤། སྩང་། སྩང་ཡིག་འདིའི་དོན་ནི། སྡོང་བོ་ལྟ་བུ་ས་ལ་འགྱེལ་ནས་ཡོད་པ་ཡར་སློང་བའི་དོན་ཏེ། དར་ཤིང་སྩོང་གིན་འདུག ཆང་འཐུང་ལམ་འགྲམ་དུ་འགྱེལ་བ་ཡར་བསྩངས། ཁང་བའི་ཀ་མགོ་བསྩངས། ཕག་ཤ་ཟོས་པས་མཁྲིས་ནད་བསྩངས་ལྟ་བུ་སྟེ་གང་ཞིག་བསླངས་པའི་དོན་ལ་འཇུག
༥། སྩེབས། མཚོ་སྔོན་གྱི་རོང་ཁུལ་ཁག་ཅིག་ཏུ། འདི་ནས་ཆུ་ཚོད་གསུམ་གྱིས་སྩེབས་ཐུབ་ལྟ་བུ་དང་། སྡེ་ཚ་ནས་སྐུ་འབུམ་ལ་ཉི་མ་གཅིག་གིས་སྩེབས་ཐུབ་ལྟ་བུ་ཟེར། དེ་ལ་འབྲོག་པ་རྣམས་ཀྱིས་འཕྱ་སྨོད་བྱེད། རྒྱུ་མཚན་ནི་ཨ་མདོ་སྤྱིའི་རྗོད་སྟངས་ལ་སྩེབས་དང་མི་སྩེབས་ཞེས་པ་སྙོབ་ཐུབ་མིན་གྱི་དོན་ཏེ། ལག་པ་ཁང་བའི་གནམ་ངོས་ལ་སྕེབས་ཐུབ། མདུང་ཡུ་ཐུང་བས་མ་སྩེབས་ཐལ་ཟེར་བ་ལྟ་བུ་སོགས་གང་ཞིག་གིས་གང་ལ་སྙོབ་མིན་གྱི་དོན་ཡིན་དགོས། འོན་ཀྱང་བསམ་བློ་ཞིབ་ཚགས་པོ་བཏང་ན། ཁོང་རྣམ་པས་སྕེབས་མི་སྩེབས་ཟེར་བ་དེ་སླེབས་ཐུབ་མིན་གྱི་དོན་ཡིན་དགོས་པས་ངོ་མཚར་ལྡན་པ་ཞིག་ཏུ་མཐོང་།
༦། སྩོག་པ། འདི་ལ་ཡིག་སྐད་དུ་སློག་པ་ཟེར། དེ་རིང་བར་སློག་པའི་དོད་སྩོག་པ་ལ་ཡིག་ཐོག་ཏུ་དག་ཆ་གཏན་ཁེལ་བ་མེད། དབུས་གཙང་བ་དག་གིས་པགས་ཚག པགས་ཚགས། པགས་ཙག་སོགས་བྲིས་པ་ཤས་ཆེ། མདོ་སྨད་པ་ཕལ་ཆེར་གྱིས་རྩག་འབྲི། སྩག་པའི་རྒྱུའི་ཁྱད་པར་ལ་གཞིགས་ཏེ། ལུགས་ལྤགས་ཀྱིས་བཟོས་པ་ལ་ལུག་སྩག ར་ལྤགས་ཀྱིས་བཟོས་པ་ལ་ར་སྩག ཚར་བུས་བཟོས་པ་ལ་ཚར་སྩག་སོགས་སུ་འབོད།
༧། སྩོག འདི་ནི་ཕྱི་ནང་བརྗེ་སྒྱུར་བྱས་པ་ལྟ་བུའི་དོན་ཡིན་དགོས་ཏེ། ཞིང་སའི་ཆེད་དུ་ས་◌རྒོད་སྩོག་གིན་འདུག་ཅེས་ལྟ་བུ་ཡིན། ད་དུང་འདི་ཉིད་གཟུགས་འགྱུར་བའི་བྱ་ཚིག་ཀྱང་ཡིན་དགོས་སྟབས། བསྩག་བྱའི་ས་རྒོད་ལྟ་བུ་མ་འོངས་པ་དང་། ས་རྒོད་བསྕགས་ཏེ་ཞིང་དུ་བསྒྱུར་ལྟ་བུ་འདས་པ། ས་རྒོད་སྩོགས་ཤིག་ལྟ་བུ་སྐུལ་ཚིག ས་རྒོད་སྩོག་མཁན་ལྟ་བུ་བྱེད་པ་བོ་ལ་འཇུག གཞན་ཡང་གྱོན་གོས་ཕྱི་ནང་བསྒྱུར་པ་ལ་སྟོད་ཐུང་ཕྱིར་སྩོག་ཟེར། དགྲ་དང་གོད་ཆག་སོགས་ཕྱིར་སློག་པའམ་ཟློག་པའི་དོན་ཏེ། དམག་སྣ་ཕྱིར་སྩོག གོད་ཁ་ཕྱིར་སྩོག་ལྟ་བུ་དོན་གྱིས་འབབ། ཡང་དངུལ་སིལ་མ་ཕྱིར་སློག་པའི་དོན་ཏེ། སྒོར་མོ་གཅིག་ཕྱིར་སྩོག་ལྟ་བུ། དངོས་པོ་དང་ལམ་ལུགས་སོགས་མགོ་རྟིང་སློག་པའི་དོན་དུའང་འཇུག་པར་སྣང་སྟེ། དཔེར་ན་རྫ་མ་མགོ་མཇུག་སྩོག གོང་མའི་སྲིད་དབང་མགོ་རྟིང་སྩོག་ཅེས་པ་ལྟ་བུའོ།། དེང་སང་སྩོག་གི་ཚབ་ཏུ་རྫོགས་འབྲི་བ་ནི་དོན་གྱིས་གནད་མ་ཤེས་པའི་སྐྱོན་ཡིན། ཁོ་བོས་ཀྱང་སྔར་དེ་འདྲ་བྲིས་པ་དྲན་ཡང་དོན་གྱིས་སྩོག་འདི་ཉིད་ལས་འགྲོ་ས་གཞན་མེད་པར་སྣང་།
འོ་ན་དེང་དུས་ཀྱི་སྐད་གདངས་ལ། གོང་གི་དཔེ་མཚོན་དེ་དག་གི་སྒྲ་གདངས་རྫོགས་ལྟ་བུ་ཐོན་གྱིན་ཡོད་སྟབས་སྩོགས་ག་ལ་འོས་སྙམ་ན། དེ་ཡང་བདེན་མོད། རྫོགས་ཞེས་པ་འད◌ིས་ལས་གང་ཞིག་གི་མཇུག་བསྡུས་པའི་དོན་ཙམ་ལས་མི་སྟོན། སྩག་པ་ཕྱིར་རྫོགས། སྒོར་མོ་རྫོགས། སྲིད་དབང་མགོ་མཇུག་རྫོགས་ལྟ་བུ་བྲིས་ན་ཡིག་དོན་ལ་གོ་རྒྱུ་མེད། ནམ་རྒྱུན་ཁ་སྐད་དུ་རྫོགས་ལྟ་བུར་རྗོད་པ་ནི། ད་བར་མཁས་པས་དཔྱད་རིན་མ་མཐོང་བ་དང་། དཀྱུས་མས་དོ་སྣང་མ་བྱས་པར་རྒྱུན་རིང་ལུས་ཁར། ངག་ཐོག་ཏུ་ལྷན་སྐྱེས་སུ་ཡོད་པའི་སྩོགས་དེ་ཉིད་རི་མོའི་ལམ་དུ་མཐོང་རྒྱུ་མེད་ཅིང་། སྩོག་དང་རྫོགས་གཉིས་ཀྱི་སྒྲ་གདངས་ཀྱང་ཉེ་བས་མ་བརྟགས་མ་དཔྱད་པའི་སྒོ་ནས་རྫོགས་འདི་ཉིད་བྲིས་པར་སྣང་།
༨། སྩ་ང་། འདི་ནི་ཁྲོ་དང་། ལྕགས། རག ཟངས་མ། ཁ་ར་སོགས་ཀྱིས་བཟོས་པའི་སླ་ངའི་དོན་ཡིན་དགོས། ད་བར་ཡི་གེ་བ་རྣམས་ཀྱིས་སླ་དང་སྩ་གཉིས་འཇུག་པ་མཚུངས་པའི་གནད་མ་ཤེས་སྟབས། ཟངས་ཡིག་འདི་བྲིས་ཏེ། ཁྲོ་ཟངས། ལྕགས་ཟངས། ཁར་ཟངས་ལྟ་བུ་བྲིས་འདུག་ཀྱང་། དེ་དག་ཐམས་ཅད་ཀྱི་རྒྱུ་ཆ་ཟངས་མིན་སྟབས་ཟངས་ཡིག་མི་ཐོབ་ཅིང་། ཁ་སྐད་དུ་ཟང་ང་ལྟ་བུར་རྗོད་པ་ནི། སྩ་ངའི་སྒྲ་ཟུར་ཅུང་ཟད་ཉམས་པ་ཙམ་ཡིན།
༩། སྩེ་བོ། འདི་ནི་དེང་དུས་ཡིག་སྐད་དུ་སླེ་བོར་འབོད་པ་དེ་ཡིན། སླ་དང་སྩའི་འཇུག་པ་མཚུངས་ཚུལ་མ་ཤེས། སྩ་ཡིག་གི་སྒྲ་གདངས་ཀྱང་རྩ་ཡལ་དུའང་མ་སོང་བའི་བར་མཚམས་ཤིག་ཏུ་འབྲི་ཚུལ་མི་མཚུངས་པ་སྣ་ཚོགས་འབྱུང་གིན་ཡོད། དཔེར་ན་ཨ་མདོ་བ་དག་གིས་སིས་པོ་དང་། སེ་བོ། སི་སོ་ལྟ་བུར་རྗོད། བོད་རྒྱ་ཚིག་མཛོད་དུ་ཙེལ་པོ་བྲིས་འདུག ཡིན་རྒྱུ་ནི་སྩེ་བོ་རང་ཡིན་དགོས་པར་མཐོང་།
༡༠། སྩོ། འདི་ནི་ར་ལུག་དང་འབྲི་གཡག་སོགས་ཀྱི་གྲོད་པའི་ནང་གི་ཟས་སྙིགས་ཀྱི་དོན་ཡིན་དགོས་ཏེ། ཡིག་སྐད་དུ་སློ་བྲིས་ཡོད། དེང་དུས་ཀྱང་ངག་ནས་རྗོད་དུས་སྩོ་རང་དུ་རྗོད། འདིའི་གནད་མ་ཤེས་པའི་དབང་གིས་བོད་◌རྒྱ་ཚིག་མཛོད་ཆེན་མོར་བཙོ་བྲིས་འདུག་ཀྱང་། བཙོ་ནི་ཤ་སོགས་བཙོ་བྱའི་བྱ་ཚིག་མ་འོངས་པ་ཡང་ཡིན་ལ། ཡིག་སྐད་ཀྱི་སློ་དང་འབྲེ་ལ་རྩ་ནས་མེད་པ། དེང་དུས་ཀྱང་ངག་ནས་རྗོད་སྐབས་སྩོའི་སྒྲ་གདངས་རང་ཐོན་གྱིན་ཡོད་སྟབས་དོན་གྱིས་སྩོ་ཡིག་འདི་ཉིད་ལས་མ་འདས་པ་འདྲ།
གསུམ། མཇུག་བསྡུ།
ངས་རྒྱུན་རིང་བོ་ཞིག་ལ་སྩག་པའི་མིང་འབྲི་མ་ཤེས་པར་ལུས། ཕྱིས་ཚིག་མཛོད་རེ་ཟུང་དང་། རྩོམ་ཡིག་ཁག་ཅིག་ཏུ་ཚག་དང་ཚགས། ཙག་དང་རྩག་སོགས་ལག་ཏུ་གང་ཐེབས་བྲིས་འདུག་པ་མཐོང་ནས་སྒྲ་གདངས་ལ་གཞིགས་ཏེ་རྩག་ཡིག་འདི་ཉིད་བྲིས་པ་ཡིན། འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན། ནམ་རྒྱུན་སླ་ཡིག་དང་སྩ་ཡིག་འདི་གཉིས་འཇུག་ཡུལ་མཚུངས་པ་མང་བའི་བློ་བསྐྱེད་བྱུང་། དེའི་ཐོག་ནས་བསམས་པས་གོང་དུ་དཔེ་མཚོན་དུ་བཀོད་པ་དེ་དག་རྙེད། གསང་བ་དེ་དག་ཤེས་ལྡན་པ་དག་ལ་དཔྱད་གཞིའི་ཆེད་འདིར་བཀོད་པ་ཡིན།
འདི་བློ་ལ་མི་འཐད་མཁན་དང་། ཡིན་ལུགས་ཀྱི་རྒྱུ་མཚན་ར་འཕྲོད་ཀྱང་ཁས་ལེན་བྱེད་འདོད་མེད་མཁན། རྒྱུ་མཚན་ཅི་ཙམ་བཤད་ཀྱང་ར་འཕྲོད་རྒྱུ་གཏན་ནས་མེད་མཁན་དག་ལ་ནི་འོ་བརྒྱལ་ཞུ་འདོད་མེད། བདག་ལ་འཕྲད་པ་ལྟ་བུའི་དོགས་འཆར་ཡོད་ཀྱང་བསམ་གཞིགས་དཔྱིས་ཕྱིན་པ་མ་གནང་བའི་སྐྱེ་བོ་རྣམས་དང་། གནས་ལུགས་དང་རྒྱུ་མཚན་གྱི་རྗེས་སུ་འབྲང་མཁན་རྣམ་དཔྱོད་ལྡན་པ་འདྲ་ཡོད་ཚེ་ལེགས་སྐྱེས་སུ་ཕུལ་བ་ཡིན་པས་མུ་མཐུད་དཔྱད་པའི་རེ་བ་ཡོད།
ད་དུང་ཞིབ་ཚགས་ཀྱི་ལུགས་སུ་བྱས་ན་ངོ་མཚར་ལྡན་པའི་དཔེ་མཚོན་གཞན་ཡང་རྙེད་རྒྱུ་ལ་ཐེ་ཚོམ་མེད་ཀྱང་། བསམ་གཞིགས་ཀྱི་སྒོ་མོ་གཅིག་གིས་གནས་ལུགས་མང་བོ་ར་འཕྲོད་འབྱུང་ཐུབ་པ་ཡིན་སྟབས་དེ་རིང་འཕྲལ་དུ་འདི་ཙམ་གྱིས་འཐུས་པར་བྱ།
སྤྱི་ལོ་༢༠༡༠ ཟླ་༦ ཚེས༡ བྱང་ཨ་རིའི་གྲོང་ཁྱེར་ཉོའུ་ཡོཀ་ནས་ཕུལ།།
thank you. we must to give attention about our langauge .it is very important for new generation.you are very great man.i respect you.just exmple me. five years here. never met tibetan people.but. our culture and our langauge always with my mind.
ཁྱེད་རང་ནས་དགོངས་དཔྱད་གང་ལེགས་གནང་འདུག ད་དུང་འདིར་སྣོན་འདེབས་ཤིག་ཞུས་ན།
ད་ལྟ་ཨ་མདོ་བའི་སྐད་ལ། སེ་པོ་ཞེས་པ་ནི་སླེ་པོ་ནས་བྱུང་བ་ཡིན་ལ། མགོ་ཅན་གྱི་སྒྲ་ཁོ་ན་བླངས་པ་ལས་བྱུང་། དེ་བཞིན་དུ་སླ་མོ་ཞེས་པའང་ས་མོ་སྟེ། དེའི་སྒྲ་ཟུར་ཆག་པས་དེང་ན་རྩ་མོ་རུ་བརྗོད། དཔེར་ན། ཁ་སྩང་ལ་ཁ་སང་། སྩང་གནངས་ལ་སང་གནངས། སྩ་གཞི་ལ་ས་གཞི་སོགས་ལྟ་བུ་ཡིན། གཞན་ཡང་། བསྩང་བ་ལ་བསང་བ། བསྩལ་བ་ལ་བསལ་བ། བསྩུ་བ་ལ་བསུ་བ། བསྩགས་པ་ལ་བསགས་པ་སོགས་ནི་བརྡ་གསར་རྙིང་གི་ཁྱད་ཀྱིས་ཡིན་པར་ཡང་དག་ཡིག་ཁུངས་ཐུབ་དག་བཞེད་པ་ཡིན། འདིར་དཔེ་མཚོན་ཙམ་བཀོད་ན། ཕལ་པོ་ཆེའི་མདོ་ན། ༼བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཞིན་ཏུ་བསྩགས་པས་ནམ་མཁའ་ལྟ་བུར་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་༽ཅེས་དང་། འདུལ་བའི་མདོ་རྒྱ་ཆེར་འགྲེལ་དུ༼ཇི་ལྟར་བསྩུ་བ་ནས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར་ངག་གི་བཤེས་པའི་ཚིག་གིས་བསྩུ་ནས་བྱོན་པ་ལེགས་སོ།༽ཞེས་སོགས་འབྱུང་བ་དག་ལའང་ཞིབ་ཀྱིས་དཔྱད་པའི་སྐབས་ན། རྣམ་པ་ཐམས་ཅད་དུ་དེ་ལྟར་བཤད་པས་ཁུངས་འཁྱོལ་དང་མི་འཁྱོལ་སྣ་ཚོགས་སུ་ཡོད་པའང་ཡིན་ནོ།། འདི་ཙམ་ནི་སྣོན་འདེབས་ཙམ་དུ་ཕུལ་ཞིང་། དུས་ཁོམ་གྱུར་ན། འདི་ལས་རྒྱས་པའི་སྣོན་འདེབས་ཀྱང་ཞུ་བ་ལགས།
བཀུར་འོས་ཧོར་འཇིགས་ལགས། དཔྱད་རྩོམ་གནང་བ་ལེགས་སོ་འབུལ། གུས་པས་བསམ་ན་སླ་ཡིག་གི་དོན་མཚུངས་པའི་ཙ་ཡིག་དེ་ས་མགོ་ཅན་གྱི་སྩ་དེ་མ་ཡིན་པར་ར་མགོ་ཅན་གྱི་རྩ་འདི་ཉིད་ཡིན་པར་བསམ་ནས་བྲིས་ཤིང་འབྲི་བཞིན་པའང་ཡིན།
༡། སླ། རྩ། ལས་ཀ་རྩ་མོ་དང་། ཇ་རྩ་མོ་བཞིན།
༢། སླ་ང་། རྩ་ང་། ལྕགས་ཀྱི་རྩ་ང་དང་ཟངས་ཀྱི་རྩ་ང་བཞིན།
༣། སླག་པ། རྩག་པ། ཚར་རུའི་རྩག་པ་དང་གཡི་ཡི་རྩག་པ་བཞིན།
༤།སླུ། རྩུ། ཁྱོད་ཀྱིས་ཁོ་མ་རྩུ། ཁོས་ཁྱོད་བརྩུས་འདུག་
༥། སློ་མ། རྩོ་མ། ཆུར་བ་རྩོ་མ་གང་གི་ཐོག་ཏུ་མར་འཇོང་འཇོང་མགོ་འདྲ་བ་ཞིག་བཞག
༦། སློ། རྩོ། རྒྱུ་མ་རྩོ་དྲི་ཅན་དེ་ང་མི་དགའ
༧། སློང་། རྩོང་། ང་ཡར་རྩོང་རོགས་གནང་།
༨། སླེབས། རྩེབས། དེ་རིང་བརྩེབ་རྒྱུ་རེད།
༩། སློབ། རྩོབ། ང་ལ་སྨན་དང་རྩིས་རྩོབས་རོགས་གནང་། དེ་ཙམ་ལས་མ་རྙེད། འདི་དག་ནི་ཁམས་སྟོད་ཕྱོགས་ཀྱི་ཁ་སྐད་ཇི་ལྟ་བར་བྲིས། ཕྱི་ནང་སློག་པ་དང་། སླེ་བོ་གཉིས་ནི་རྩ་ཡིག་དང་སྩ་ཡིག་གང་ཡང་དོན་མི་གཅིག་སྟེ། མིང་གཞི་སླ་ཡིག་ཅན་ཆ་ཚང་ཙ་ཡིག་ཅིག་དང་དོན་མཚུངས་མི་དགོས་སོ། དཔེར་ན་སླད་མ་དང་སླེ་ཏྲེ་སོགས་བཞིན་ནོ།
ཁྱོད་རང་དེ་ཉིད་མ་རེད་ཟེར་ནས་མཐའ་གཅིག་ཏུ་ཞུ་མི་ཐུབ་ཀྱང་ངའི་བསམ་ཚུལ་དང་བྱེད་ཚུལ་ནི་འདི་དག་རེད། འདིའི་སྐོར་དོགས་བཅོད་གནང་དང་དོན་ཆེན་པོ་འདུག
ཐུགས་རྗེ་ཆེ། ཧོར་གཙང་འཇིགས་མེད་ལགས། ད་རེས་ཡིན་ན་ཁྱེད་རང་གིས་སུ་གང་གིས་མ་རྙེད་པའི་དངོས་པོ་རྩ་ཆེན་ཞིག་རྙེད་འདུག
ནམ་རྒྱུན་ངས་ཁ་སྐད་དང་ཡིག་སྐད་ཀྱི་ཁྱད་པར་དང་། ཁ་སྐད་ནང་དུ་ཡོད་པའི་བརྡ་སྤྲོད་དང་ཡིག་ཐོག་གི་བརྡ་སྤྲོད་འདི་ཚོའི་ཁྱད་པར་ལ་བསམ་བློ་ཡང་ཡང་གཏོང་གི་ཡོད་པ་ལྟར། སྩོག་པ་དང་སང་ངའི་སྐོར་ལ་ཡང་བསམ་བློ་གཏོང་ཁུལ་བྱས་པ་ཡིན་ཡང་། པགས་པ། སློག་པ། པགས་ཚགས་ཟེར་བའི་ཚིག་འདི་དག་ལས་བརྒལ་ནས་བསམ་བློ་རྩ་ནས་འཁོར་ཐུབ་མི་འདུག མིང་འདིའི་ཁུངས་མ་རྙེད་པས། ངས་ཀྱང་སྔོན་ལ། གང་འདོད་ལྟར། རྩག་ཆད་གཅིག་གི་ནང་དུ་འཚར་ཟེར་ནས་བྲིས་པ་ཡིན། ཁྱེད་ཀྱིས་བཤད་པ་དེ་ཚོ་ལས་འདི་ལ་རྒྱུ་མཚན་མི་འདུག་ཟེར་བ་གཅིག་ཀྱང་མི་འདུག མི་ནག་མདུང་ཐུང་ལའང་དེ་དེ་བཞིན་ནོ་ཟེར་ནས་ཞུ་འདོད་བྱུང་། ཡང་སྐྱར་ཐུགས་རྗེ་ཆེ།
བོད་སྐད་ཁྲོད་ཉིན་མ་རྟག་པ་ནུས་བཏོན་ནས་དཀའ་ལས་བརྒྱག་བཞིན་པའི་ཡུལ་སྐད་མང་པོ་ཞིག་ལ་ད་དུང་ཚད་ལྡན་མིང་ཚིག་གི་ཐོབ་ཐང་རག་མེད་པ་ཁྲིམས་མཐུན་བཟོ་རྒྱུའི་ལམ་ཁ་བཙལ་དགོས་ཟེར་གྱི་ཡོད་ན་དགའ་བསུ་ཡོད། དེ་མིན་མདོ་ཁམས་ཀྱི་ཡུལ་གྲུ་ཁག་ན་ཚད་ལྡན་བོད་ཚིག་གི་ལག་ཁྱེར་མ་ཐོབ་པར་ཁྲིམས་འགལ་ཐོག་གནས་པའི་མིང་ཚིག་མང་པོ་ཞིག་ཨ་རིའི་ནང་གི་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་རྣམས་དང་འདྲ་བར་སྤྱི་ཚོགས་དེའི་ནང་ན་ཡོད་ནའང་ངོས་ལེན་དང་ལག་ཁྱེར་མེད་འདྲ་བོ་རེད། ཡིན་ནའང་འདི་ཚོ་རྩིས་མེད་གཏོང་རྒྱུའང་ལས་སླ་བོ་མ་ཡིན་ཏེ། སྤྱི་ཚོགས་ཀྱི་གྲངས་འབོར་ཆེན་པོ་ཆགས་ཡོད་པ་རེད།
གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་པའི་དཔྱད་ཞིབ་འདི་འདྲ་དངོས་ནས་དགོས་མཁོ་ཆེན་པོ་རེད།
ཧོར་ཚང་འཇིགས་མེད་ལགས། ལྐོག་ལྐོག་སིབ་སིབ་ངང་བག་ལ་ཡལ་འགྲོ་བའི་ཚིག་དོན་འདི་དང་འདི་ལྟ་བུ་ད་དུང་ཡང་ཤིན་ཏུ་མང་བས་ན་སྐུ་ཉིད་ནས་འདི་ལྟར་མིག་མདུན་དུ་བཤམས་པ་ནི་བདག་དང་བདག་ལྟ་བུ་ལ་ཕན་པ་ཧ་ཅང་ཆེན་པོ་འདུག་པས་བཀའ་དྲིན་ཞུ་རྒྱུ་་དང་། རྗེས་སོར་ཡང་འདི་འདྲའི་རིགས་མང་ཙམ་འབྲི་བར་འབད་པར་འཚལ་ཞེས་ཞུ་བ་ཡིན།
སྩོགས་ནི། སོགས་ཀྱི་བརྡ་རྙིང་ཙམ་ཡིན་པ་བཞིན་གཞན་ལའང་རིགས་འགྲེས།
ངེད་ཀྱི་བསམ་ཚུལ་ལ། བརྗོད་བྱ་ཆུང་ཆུང་དེ་འདྲ་གལ་ཆེན་པོར་བརྩིས་ནས་འབྲི་བ་དང་། ཆུང་ཆུང་དེ་ཡང་ཞིབ་ཚགས་པོའི་སྒོ་ནས་འབྲི་རྒྱུའི་གོམས་གཤིས་ཤིག་བོད་རིགས་རྩོམ་འབྲི་བ་ཚོར་དགོས་ངེས་རེད། འབྲི་སྟངས་འདིའི་རིགས་རྒྱུན་འཁྱོངས་ཐུབ་ན་རྩོམ་འབྲིའི་ཁ་ཕྱོགས་ཡར་རྒྱས་སུ་འགྲོ་ཐུབ་རྒྱུའི་རེ་བ་འདུག་དྲན།
ཡིག་རྨོངས་པ་དག་ལ་མི་གོ་བས་ཁ་སྐད་དང་ཡུལ་སྐད་དེ་དག་ལ་ཚད་ལྡན་གྱི་ཐོབ་ཐང་སྤྲད་ནས་དར་རྒྱབ་ཞིག་འཕེལ་བ་ཡིན་ན་རྗེས་སུ་ཡིག་མཁན་དག་གིས་མི་གོ་བའི་རྩོམ་རྙོག་གི་ཁེངས་དུས་བོད་ཀྱི་རིག་གཞུང་ལ་ཕན་པ་ཡོད་དང་གནོད་པ་ཡོད་སྲང་ལ་གཞལ་ནས་འཇུག་པར་ཚལ་ཞུ༎
དཔྱད་པ་ཞིབ་མོ་ཞིག་གནང་འདུག
དཔེ་མི་སྲིད་པའི་ཡག་པོ་དང་དགོས་མཁོ་ཅན་ཞིག་བྲིས་འདུག་ཚང་མས་ལག་ལེན་གནང་རོགས་ཞུ།
སླ་མོ་ཡི་དོན་དུ་བཤད་པའི་སྩ་ནི། ས་མགོ་ལས་ར་མགོ་ལོས་ཡིན་སྙམ་པ་ཞིག་འདུག
རྩ་མོ་ནི། དཀའ་ཁག་དང་མགོ་རྙོག་མེད་པའི་གྲས་ཏེ། གཞི་རིམ་དང་། གོམ་པ་དང་པོ། རྨང་གཞི། རྩ་བ་སོགས། ཧ་ཅང་གཞི་རྩའི་རིམ་པ་ན་ཡོད་པ་ཞིག་ལ་གོ་ན་རྒྱུ་མཚན་འདུག་སྙམ།
ཧོར་གཙང་འཇིགས་མེད་ཀྱི་ཞིབ་མོ་རྣམ་འཐག་གི་རྩོམ་ཡིག་འདི་ལ་དངོས་གནས་ཧང་སངས་སོང་། འདི་ལྟ་བུའི་ཆེད་རྩོམ་རིགས་མང་དུ་འབྲི་ཐུབ་ན་ང་དང་ང་ལྟ་བུའི་གཞོན་སྐྱེས་དག་ལ་ཧ་ཅང་ཕན་པར་ངེས། ཐུགས་རྗེ་ཆེ། བྱང་ཨ་རིའི་མི་ཁོམ་པའི་གནས་ནས་ད་དུང་འདི་འདྲའི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་ཞིབ་འཇུག་བྱས་པ་ནི་དགའ་ཞིང། བསྔགས་ཤིང་། གུས་པའི་ཡུལ་ཏོ།།
གོང་དུ་ལུང་རིགས་ཀྱིས་གསུངས་བ་བཞིན། སླ་མོ་ཡི་དོན་དུ་བཤད་པའི་སྩ་དེ། ས་མགོ་རེད་དམ་ར་མགོ་རེད། ངེད་ལ་ནི་རྩ་འདི་གོ་བདེ་བ་འདུག
མཁས་བ་རྒན་པ་་ཚོའི་གཅིག་གིས་གསུངས་དང་། བརྡ་རྙིང་སོགས་ན་སླ་ཡི་ཚབ་ལ་སྩ་བྲིས་འདུག་གམ་རྩ་བྲིས་འདུག འདི་ལ་ལན་ཁ་གསལ་ཞིག་འཁྱེར་ནས་ཡོང་རོགས།
འཇིགས་མེད་ལགས།
༡ སྩ་དང་སླ་དོན་གཅིག་རེད་གསུངས་པ་རེད་དམ།
༢ ཡང་ན་གཅིག་དག་གཅིག་མ་དག་ཟེར་རྒྱུ་རེད་དམ།
༣ སླ་བཅོས་ནས་སྩ་འབྲི་དགོས་རྒྱུ་ཡིན་ནམ།
༤ ཡང་ན་ཨ་མདོ་བ་སློབ་སྦྱོང་མེད་མཁན་ཚོས་སླའི་ཚབ་སྩ་འདོན་པ་བཞིན་བོད་ཡིག་ཏུ་འདི་འྟར་འབྲི་དགོས་ཞེས་གསུངས་པ་རེད་དམ།
༥ ཡང་ན་ཨ་མདོ་བ་སློབ་སྦྱོང་མེད་མཁན་ཚོས་སླའི་ཚབ་ལ་སྩ་འདོན་པ་འདི་ནོར་འདུག་པས་ཕྱིན་ཆད་དེ་ལྟར་འདོན་མི་རུང་ཟེར་རྒྱུ་ཡིན་ནམ།
༦ སླ་ཞེས་པ་དབུས་སྐད། སྩ་ཞེས་པ་ཨམ་སྐད་ཟེར་རྒྱུ་ཡིན་ནམ།
ཁྱེད་ཀྱི་ཞེ་འདོད་ངོ་མ་དེ་བོད་སྐད་ཀྱི་ཁུངས་ཉིད་ཀྱི་ཕ་ཡུལ་ལ་བཏུགས་དགོས་གསུངས་རྒྱུ་རེད་དམ།
Dear Hortsang Jigme, Lungrig Gyal, Dhondup Tashi and etc,
Wisdom Light Trust(NGO)is going to collect the brief bio data of Tibetan scholars from in side and out side tibetan communities ,so please forward the bio data of tibetan professional ,specialized and experts/sholars if you know and if you are one of them.thanks for your act as we wish. for detail information Please visit at http://www.wisdomlighttrust.webs.com
Down Load the forms from above web side and try to send us soonly
མི་ལ་རས་པའི་མགུར་འབུམ་གྱི་ཚིག་ལ། དེངསྐབས་སླེ་པོ་ཞེས་འབོད་པ་འདིར་སྔོན་གྱི་དུས་ན་རྩེལ་བོ་ཞེས་བྲིས་ཡོད་པ་ཞིག་དྲན། ཚིག་ཇི་བཞིན་པ་དྲན་གྱི་མི་འདུག་སྟེ། ས་རྩེལ་པོ་གང་། འཇིམ་པ་ཁྱེམ་གང་། སོགས་སུ་ཡོད་པ་ཞིག་དྲན་ལམ་ན་འདུག དེས་ན་སླ་མོ་ལ་སྩ་མོ་དང་རྩ་མོ་གང་འབྲི་འདམ་ང་ཡིན་ནམ། ཡང་ན་ས་མགོ་ར་མགོ་གཉིས་ཀྱི་གང་དག་གམ། ཡིག་རྙིང་དག་ན་ཅི་ལྟར་ཡོད་དང་། དག་ཡིག་སྔ་མ་དག་ན་ཅི་ལྟར་ཡོད་སྟོན་མཁན་རེ་ཡོད་ན་དེ་ཡང་གལ་ཆེ་བར་འདུག་སྙམ།
ཨ་འཇིགས་མེད་ལགས། ཁྱེད་མྱི་སྩ་མོ་མ་ཞིག་མ་རེད་ཐལ། བྲིས་པ་ཧ་ཅང་ཡག་གི། ཞིབ་ཚགས་ཐལ། བོད་པའི་རིག་གཞུང་ལ་ཞབས་ཞུ་སྒྲུབ་ཐལ། ང་དམག་དཔོན་ཧ་ཅང་དགའ་གི་
ལུང་རིགས་ལགས་དང་། རྡོར་དབང་ལགས་ཀྱིས་གསུང་པ་བཞིན་རེད།
གུས་པས་ཀྱང་སླ་བའི་དོད་ཀྱི་རྩ་དེ་ར་མགོ་ཅན་དེ་ཡིན་པའི་དཔེར་བརྗོད་དགུ་དྲངས་ཡོད་པས་དཔྱད་པ་གནང་རོགས།
དུད་འགྲོ་སོགས་ཀྱི་ཁོག་པའི་ནང་གི་བཙོག་པ་ལ། བཙོ་ཞེས་དབུས་སྐད་དུའང་དེ་རང་འབོད། དག་ཆ་དེ་ཡིན་མིན་མི་ཤེས། དབུས་སྐད་དུ་གཙོ་དང་བཙོ་དང་སྩོ་སོགས་སྒྲ་གདངས་གཅིག་པ་འདྲ་བོ་རེད། གཙང་ཁུལ་གྱི་ས་ཆ་ཁ་ཤསལ་ཁྱད་པར་ཅུང་ཡོད་ས་རེད། དེ་གཅིག་ཡིན།
བརྡ་རྙིང་གི་སྩོགས་དེ་སྐད་བཅད་ཀྱི་རྗེས་སུ་སོགས་ཞེས་འབྲི་བ་དེ་ཡོངས་ཁྱབ་རེད། བརྡ་རྙིང་རང་གི་དབང་དུ་བྱས་ན། སྩོགས་དང་སྩལ་སོགས་མགོ་ཅན་དུ་འདོད་པ་ཞིག་རེད་དམ་མ་རེད། འདི་གནད་འགག་ཅིག་མིན་ནམ་སྙམ། སྐད་གསར་བཅད་ཀྱི་སྐབས་སུ་སྩོགས་སོགས་སུ་བཅོས་པའི་གནད་ལ་བསམས་ན། འདི་མགོ་ཅན་ཞིག་ཡིན་ས་མ་རེད་དྲན། དེའི་དབང་གིས་དག་ཡིག་ངག་སྒྲོན་སོགས་ཁུངས་མ་རྣམས་སུ། སྩལ་དང་སྩོལ་ལས། བསྩལད་སོགས་ཀྱི་འཇུག་པ་ཡེ་ནས་མ་གསུངས་པའི་གནད་འགག་ཀྱང་འདི་ལ་ཐུག་པ་འདྲ། མདོར་ན། མགོ་ཅན་མིན་སྟབས། འདས་ལ་བས་འཕུལ་ཡང་འཇུག་ཐོབ། །ཅེས་སོགས་གསུངས་པའི་སྡོམ་དེས། འདི་ལ་ཁྱབ་མེད་པ་འདྲ། འོན་ཀྱང་དུས་ཕྱིས་ཀྱི་དཔེ་མང་པོར། བཀའ་བསྩལ་ཏོ་ཞེས་བྲིས་པའང་མཆིས། དེ་གཅིག་ཡིན།
ཨ་མདོ་བ་ས་ཡ་ཁ་ཤས་ལ། སླ་དང་སྩ་གཉིས་ལས་སྩ་འབྲི་སྤྱོད་བདེ་བ་དེ་བདེན་སྲིད། ང་ཚོ་དབུས་པ་ཚོ་ལ་ནི། ལས་སླ་པོ་ཞེས་འབྲི་བ་ལས། ལས་ལྷ་པོ། ཞེས་འབྲི་སྤྱོད་བདེ་བར་འདུག ལྷ་འདི་ལ་ཁུངས་ཤིག་ཡར་འདེད་མར་འདེད་བྱས་ན། ལྷ་གེ་ལྷུག་གེ ལྷུག་ཤིག་ཤིག་སོགས་སྤྲོས་བཤད་བྱས་ཏེ། ལས་སླ་བའི་དོན་ཅན་ཞིག་ཏུ་སྒྲུབ་ཐུབ་པའང་སྲིད། དེ་དུས་ཨ་མདོ་བ་ས་ཡ་ཁ་ཤས་ཀྱིས་སླ་སོགས་ལ་སྩ་འདི་བྲིས། དབུས་གཙང་བ་ས་ཡ་ཁ་ཤས་ཀྱིས། སླ་ལ་ལྷ་ཞེས་བྲིས། ཁམས་པ་ས་ཡ་ཁ་ཤས་ཀྱིས་གཞན་ཞིག་བྲིས། དེ་ལྟར་རང་ཅག་ཡུལ་ཚན་སོ་སོར་འབྲི་བརྗོད་བདེ་བ་དེ་ལག་ཏུ་བླངས་པའི་མཐར། བོད་ཁམས་པ་ས་ཡ་དྲུག་པོ་ཀུན་ལ་གོ་བརྡ་མི་འཕྲོད་པའི་བརྡ་ལོག་ཏུ་གྱུར་པའི་ཉེན་ཆེ་བར་སྙམ།
་དུང་དབུས་ནང་ཁུལ་དང། གཙང་ནང་ཁུལ་ལ་ཡང་མི་ས་ཡ་རེ་རེས་སྤྱོད་བཞིན་པའི་སྩ་འདྲ་པོ་མང་པོ་ཡོད་ངེས་པས་རེ་ཞིག་ནས་
བོད་མི་ས་ཡ་དྲུག་ལ་
སླའི་དོད།
༡ སྩ།
༢་
༣་
༤་
༥་
༦་་་་་
སྤྱི་སྐད་ཅིག་དགོས་དྲན་ན་སྤྱི་སྐད་གཅིག་བཅས་སྐད་དོད་བདུན་རེ་དགོས་པ་འདྲ་པོ་འདུག
ཨོ་ཨོ། ད་དུང་བཙན་བྱོལ་ལམ་གཞིས་ཆགས་ཀྱི་སྐད་ཅིག་ཀྱང་ཡོད་པས་དེ་བོད་སྐད་མ་ཡིན་ཞེས་བཤད་མི་ཐུབ་པས་དེ་དང་འབྲེལ་བའི་སྐད་དོད་ཅིག་བསྣན་དགོས།
ང་ནི་ཁང་གསར་རྡོ་རྗེའི་རྗེས་སུ་འཇུག་རྒྱུ་ཡིན
ངའི་མཆན་ཁ་ཤས་ཤིག་འདི་ནང་བཞག་མ་སོང་ད་
སྡུག་ག་གང་ཡང་བྲིས་མེད།
ཁང་གསར་རྡོ་རྗེས་གསུངས་ནི་རྒྱུ་མཚན་ཡོད་ཀྱི།
ང་ཡང་ཁང་གསར་རྡོ་རྗེ་བྱོན་པ་ལེགས་ཞེས་བརྗོད་རྒྱུ་ཡིན། ལས་བྲེལ་ཡོད་པས་དགོངས་འགལ་མེད་པར་གྱིས།
ཉེ་ལམ་ནས་བཟུང་དྲ་ཐོག་ཏུ་ཡོང་ཐེངས་རེར་བཀུར་འོས་རྩོམ་པ་བོ་གྲགས་ཅན་ཧོར་གཙང་འཇིགས་མེད་ལགས་ཀྱི་ལྗགས་རྩོམ་རེ་ཡང་ཡང་མཐོང་རྒྱུ་འདུག་པས་ཧ་ཅང་དགའ་བོ་བྱུང་། དེ་རིང་ཡང་འདིར་དཔྱད་སྙིང་ཡོད་པའི་རྩོམ་ཡིག་ཅིག་གི་ལོངས་སྤྱོད་བསྩལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གུས་པར་བློ་སྐྱེད་མི་ཉུང་བ་ཞིག་ཐོབ་སོང་། དེ་ལྟར་ང་དང་ང་འདྲ་བ་མང་བོ་ཞིག་ཡོད་སྲིད།
སྔར་ཆོས་རྒྱལ་ཁྲི་རལ་གྱི་སྐབས་སྐད་གསར་བཅོས་ཀྱིས་ཐག་རིང་གི་གྲོང་མི་དཔེར་ན་དབུས་པ་ཞིག་དང་ཨ་མདོ་བ་ཞིག་འཕྲད་ན་ཕན་ཚུན་ཕལ་སྐད་ཀྱི་སྐད་བརྡ་མ་འཕྲོད་ནའང་ཡིག་ཐོག་ནས་ཐུན་མོང་གི་གོ་ཐུབ་པའི་བོད་ཡིག་ཆེས་འཐུས་སྒོ་ཚང་ཞིག་ཡོད་པ་འདི་ནང་གྲོང་སྐད་མང་པོ་ཞིག་བཅུག་ནས་དེའང་གོ་མི་ཐུབ་པའི་ངོ་བོར་མ་བསྒྱུར་རོགས་གནང་། ད་སྐབས་ང་ཚོ་སྡེ་དགེའི་པར་ཁང་ནང་ཡོད་པའི་བཀའ་བསྟན་འགྱུར་འདིའི་དག་ཡིག་འགྲོ་སྟངས་ཀྱི་ཐོག་ཤར་བསྐྱོད་བྱས་ན། བོད་ཆོལ་ཁ་གསུམ་ལ་ཁྱབ་པའི་བོད་ཡིག་འཐུས་སྒོ་ཚང་བ་ཞིག་ཡོད་ལབ་ཆོག་ཆོག་ཞིག་ཡིན། རང་འཇགས་བཞག་རོགས། སྐུ་མཁྱེན། གསུང་མཁྱེན།
ཧོར་གཙང་འཇིགས་མེད་ལགས་ཀྱིས། བོད་ཀྱི་སྐད་ཡིག་འཕེལ་རྒྱས་ཀྱི་བྱ་བར་ཞལ་འདེབས་ཆེན་པོ་ཞིག་སྐྱོན་འདུག ངས་ཀྱང་དབུས་སྐད་ནང་དེ་ལྟ་བུའི་ཚིག་འགྱུར་ཡོད་མེད་དཔྱད་བཞིན་པ་ལགས། ཕན་ཐོག་པོ་བྱུང་ཐུགས་རྗེ་ཆེ། མཁས་དབང་ཁྱེད་ཀྱིས་བོད་ཀྱི་རིག་གནས་དང་སྐད་ཡིག་ཐོག་མུ་མཐུད་ཞིབ་འཇུག་གནང་ཐུབ་ན། ཁྱེད་ལ་རྒྱབ་ལྗོངས་ཀྱི་མཐུན་རྐྱེན་ཤིན་དུ་འཛོམས་པོ་ཡོད་པས། ཅི་ནས་མུ་མཐུད་རྒྱུན་ཁྱོངས་གནང་རོགས།
བཀུར་འོས་ཧོར་འཇིགས་ལགས། དཔྱད་རྩོམ་གནང་བ་ལེགས་སོ་འབུལ།
འཇིགས་མེད་ལགས། བཀའ་དྲིན་ཆེ།
རྒྱ་གར་དུ་སླེབས་ནས་མ་གཏོགས། གཞུང་འབྲེལ་ཡིག་ཆ་ཚུན་ཆད་ནང་། ཡུལ་སྐད་ཀྱི་བསྲེས་ལྷད་དེ་འདྲ་མང་པོ་ཡོད་པ་མཐོང་མ་སོང་།
ད་དབུས་པ་དང་སྟོད་པའི་ལུང་སྐད་དེ་ཚོ་ཡིག་སྐད་དང་བསྲེས་བསྲེས་བཏང་དེ་ཡིག་ཐོག་ཏུ་གང་ཐོན་འགོད་པ་འདི་བོད་ཆོལ་ཁ་གསུམ་གྱི་སྤྱི་སྐད་ལ་གཏོར་བརླག་ཚབས་ཆེན་ཞིག་ལགས་ན་གཟབ་པར་འཚལ།
སྐུ་ཞབས་འཇིགས་མེད་་ལགས། དོན་གྱིས་ཡག་པོ་ཡོད། ཐུགས་རྗེ་ཆེ།
ཧོར་གཙང་འཇིགས་མེད་ལགས་ནས་སྩ་ཡིག་ཐོག་དཔྱད་རྩོམ་རིན་ཐང་ཅན་ཞིག་བྲིས་འདུག་པར་ལེགས་སོ་འཐོར་
རོ། །
ང་ལ་དོགས་པ་གཉིས་ཡོད།
དང་པོ༽ སྩོལ་གྱི་འདས་མ་འོངས་ལ་དོགས་གཅོད་ཅིག་བྱེད་འདོད་བྱུང་།
སྐུ་ཉིད་ཀྱིས་༼རྟགས་འཇུག་སྤྱི་འགྲོས་ལ་གཞིགས་ན་སྩ་ཡིག་འདི་ཉིད་གཟུགས་འགྱུར་བའི་བྱ་ཚིག་ཅིག་ཡིན་སྟབས། མ་འོངས་པ་ལ་བསྩལ་དང་། ད་ལྟ་བ་དང་སྐུལ་ཚིག་ལ་སྩོལ། འདས་པ་ལ་བསྩལ་འདི་འདྲ་འབབ་པ་ཡིན་མོད༽ཅེས་གསུངས་པ་ལ་བརྟག་པར་བྱ་བ་འདི་ལྟ་སྟེ། ཁྱེད་ཀྱིས་རྟགས་འཇུག་ལ་དགོངས་པ་བཞེས་ས་ནི། ༼ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །༽ཞེས་པའི་ཚིག་རྐང་འདི་ཉིད་ཡིན་པར་སྣང་ལ། ཚིག་འདིས་སྩོལ་གྱི་འདས་པར་བསྩལ་བྲི་དགོས་པར་བསྒྲུབ་མི་ཐུབ་སྟེ། ཚིག་འདིས་ནི། ཕོ་ཡིག་བ་དེ་དུས་འདས་པ་དང་དངོས་པོ་གཞན་ལ་འཇུག་ཅེས་པ་ཙམ་ཞིག་སྟོན་གྱི། དུས་འདས་པ་དང་དངོས་པོ་གཞན་ལ་ཕོ་ཡིག་བ་འཇུག་དགོས་ཞེས་སྟོན་པ་མིན་པས། ཁྱེད་ཀྱི་སྒྲུབ་བྱེད་དེ་ཐུར་ཁྱབ་ལྟ་བུར་སྣང་བས་འཐད་ལྡན་དུ་མ་མཐོང་།
སྩོལ་གྱི་འདས་པར་སྐད་གསར་བཅད་དང་མཐུན་པར། སྩལ་ཞེས་འབྲི་བར་བྱེད་ཀྱང་། དོན་ལ་སྩལད་ཅེས་ད་དྲག་ཡོད་རེད། དེའི་སྟོབས་ཀྱིས་ཚིག་དེ་འདས་པར་བསྒྲུབ་ནུས་པས། བསྩལ་ཞེས་ཨུ་ཚུགས་ཀྱིས་བས་ཕུལ་སྦྱར་དགོས་དོན་མི་འདུག
ཁོ་བོ་ནི།
༡༽ སྩོལ། སྩལད། སྩལ། སྩོལ། ཞེས་གནའ་བོའི་འབྲི་སྲོལ་ཞིག་དང་།
༢༽ སྩོལ། བསྩལ། བསྩལ། སྩོལ། ཞེས་ཕྱིས་ཀྱི་འབྲི་སྲོལ་གཉིས་ཡོད་པ། དེ་གཉིས་ཀའང་འཐད་ལྡན་དུ་བྱས་ན་ཕལ་ཆེར་འགྲིག་པར་སེམས།
ངོས་ནས་གནའ་བོའི་བཀའ་བསྟན་ཆེས་མང་པོར་ཞིབ་འཇུག་བྱས་ཀྱང་། བཀའ་སྩལ་ཏོ། །ཞེས་བྲིས་པ་ལས། བཀའ་བསྩལ་ཏོ། །ཞེས་བྲིས་པ་ཧ་ལམ་གཅིག་ཀྱང་མཐོང་རྒྱུ་མི་འདུག
ལར་ནས། སྩལད། སྩལ་ལྟ་བུའི་བྱ་ཚིག་འདས་མ་འོངས་ལ་འཕུལ་བྱེད་མེད་པ་ཆེས་ཤིན་ཏུ་མང་པོ་ཡོད་པ་དཔེར་ན།
(ད་ལྟ་བ) (མ་འོངས) (འདས) (སྐུལ་ཚིག)
འཁྲིད། ཁྲིད། ཁྲིད། ཁྲིད་ཅིག
འདེད། དེད། དེད། དེད་ཅིག
འབྱོལ། བྱོལ། བྱོལད། བྱོལ་ཞིག
འཕྲད། ཕྲད། ཕྲད། ཕྲད་ཅིག
འདྲིད། དྲིད། དྲིད། དྲིད་ཅིག
འཐོབ། ཐོབ། ཐོབ། ཐོབ་ཅིག
ཁྱེར། འཁྱེར། ཁྱེརད། ཁྱེར་ཞིག
འཚོབ། ཚབ། ཚབ། ཚོབ་ཅིག
འཚིག ཚིག ཚིག ཚིག་ཅིག
འདྲུད། དྲུད། དྲུད། དྲུད་ཅིག
འཁུར། ཁུར། ཁུརད། ཁུར་ཞིག
འདག དག དག དག་ཅིག
འཆོར། ཤོར། ཤོརད། འཆོར་ཞིག
དེས་ན་“ཁྲིད”ལྟ་བུ་འདས་ཚིག་ཏུ་བཞག་ཐུབ་ན། “སྩལ”ཡང་འདས་ཚིག་ཏུ་བཞག་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད་དོ། །
གཉིས་པ༽ སྐད་གསར་བཅད་ཀྱི་སྐབས་སུ་“སྩོགས”ལ་“སོགས”སུ་བཅོས་པ་ཡང་། དང་པོ་“སྩོགས”ཞེས་པ་དེ་ཡོངས་གྲགས་ཤིག་ཡིན་པ་ལ་ཕྱིས་སུ་“སོགས”ཞེས་རིམ་གྱིས་འགྱུར་སོང་བ་ཞིག་ཡིན་ཚོད་མི་འདུག སྐད་གསར་བཅད་ཀྱིས་བཅོས་དགོས་དོན་ནི། “སོགས”ཞེས་པའི་ཚིག་འདི་རང་ལུང་ཚན་སོ་སོའི་སྒྲ་འབོད་སྟངས་མི་འདྲ་བའི་དབང་གིས་ལོ་ཙཱ་བ་འགའ་ཞིག་གིས་རང་སྐད་“སྩོགས”ཞེས་འབོད་པ་དེ་ཉིད་ཡིག་སྐད་དུ་ཤོར་བར། ཕྱིས་སུ་ལོ་ཙཱ་བ་དག་གིས་འགྱུར་བཅོས་མཛད་པར་སེམས།
འོན་ཀྱང་དཔེར་ན་སླེབས་པ་ལ་ཨ་མདོའི་ཡུལ་སྐད་ལྟར་བྲིས་ན་ཁྱེད་རང་གིས་གསུངས་པ་ལྟར། ངེས་པར་སྩེབས་ཞེས་བྲི་དགོས་ཞེས་ཁྱེད་ལ་རྒྱབ་སྐྱོར་ཞུ་གི་ཡིན།
སླེབས་ལ་སྩེབས་ཞེས་པ་ནི་ཡུལ་ལུང་སོ་སོའི་སྒྲ་འབོད་སྟངས་ཀྱི་ཁྱད་པར་ཙམ་ཡིན་པའི་དཔེ་ནི། སྲོ་མ་ལ་ཀྲོ་མ། སྲན་མ་ལ་ཧྲེ་མའམ་ཀྲེ་མ་དང་། ས་སྲིབ་པ་ལ་ས་ཧྲིབ། སྲུ་མོ་ལ་ཧྲུ་མོ་ལྟ་བུ་ནི་སྒྲ་བརྗོད་སྟངས་ཙམ་ཡིན་གྱི། ཀྲོ་མ་དང་། ཧྲུ་མོ་དང་། ཧྲེ་མ་སོགས་བྲིས་ན་ཆེས་མི་མཛེས་པ་བཞིན་ནོ། །
ལེགས་སོའི་མེ་ཏོག་འཐོར་རོ། །ཞེས་བཅོས་རོགས།
མཁས་པ་མཁས་པའི་མདུན་ན་མཛེས། །བླུན་པོ་བླུན་པོའི་དྲུང་ན་ངུ་། །
སྒོམ་སྡེ་ལགས། ཁྱེད་རང་གི་དུས་གསུམ་དེ་ཁུངས་སུ་ལ་གཏུགས་པ་ཡིན། བྱེད་མེད་ལས་ཚིག་ལ་སྐུལ་ཚིག་སྦྱར་བ་དེ་དེ་འདྲའི་བློ་ངོར་འབྱོར་བ་ཞིག་མ་རེད། གཤམ་གསལ་གྱི་འདི་ལའང་ཐེངས་ཤིག་གཟིགས་རོགས་གནང་། གཤམ་གསལ་འདི། ལོ་ཙྰ་བ་སྐལ་བཟང་ཡེ་ཤེས་ནས་དུས་གསུམ་གྱི་བཞེད་པ་མི་མཐུན་པའི་དཔེ་ཆ་བཅུ་གྲངས་ཤིག་ཡིན་ནམ་ཅིག་བསྡུར་ནས་ཁུངས་དག་ཤོས་དང་ཁྱབ་ཆེ་ཤོས་རྣམས་གུང་བསྒྲིགས་པ་རེད། ཤེས་རབ་རྒྱ་མཚོ་ཚང་ནས་ཞུ་དག་གནང་བ་ཞིག་རེད། མདོ་སྨད་ཀྱི་ཁ་སྐད་རང་གི་ནང་དུས་གསུམ་གྱི་ཁྱད་པར་ཡོད་པ་རེད། དེ་ལའང་མཐུན་པ་འདུག། ཁོང་གི་དུས་གསུམ་རྣམ་གཞག་དེ་མཆོད་མེའི་དྲ་ཁང་ནང་ཤེས་བྱ་ཟེར་བའི་ནང་རྙེད་ཐུབ། གཤམ་གསལ་འདི་དག་བོད་རྒྱ་ཚིག་མཛོད་ཆེན་མོ་དང་ཡང་ཡོངས་སུ་མཐུན་པ་འདུག
འཁྲིད འཁྲིད ཁྲིད ཁྲིད
འཁྱེར འཁྱེར ཁྱེར ཁྱེར
འཁུར འཁུར ཁུར ཁུར
འདག འདག དག
བདའ འདེད བདས དེད
འདེད འདེད དེད དེད
འདྲུད འདྲུད དྲུད དྲུད
འཐོབ འཐོབ ཐོབ ཐོབ
འདྲིད བྲིད བྲིད བྲིད ་་བོད་རྒྱ་ཚིག་མཛོད་་
འཚིག འཚིག ཚིག ་་་་་་་་་་་་་་་་་་་་
འཆོར འཆོར ཤོར
འཚབ འཚོབ འཚབས འཚོབས ་་་་་་་་་་་་་་་་་་་་་་་
འཕྲད འཕྲད ཕྲད ་་་་་་་་་་་་་་་་་་་་་་་་
མདའ་ཚན་པ་ལགས།
གསེར་ཏོག་སུམ་འགྲེལ་ཞེས་སྙན་གྲགས་ཆེན་པོ་དེ་ལ་ཁུངས་གཏུགས་ནས་བཤད་པ་ཡིན་། རང་བཟོ་དང་འོལ་ཚོད་ཚིག་གཅིག་ཀྱང་མེད་དོ། །ད་དུང་ཆེས་མང་པོ་འདུག་ཀྱང་མངས་བས་འཇིགས་ནས་མ་སྤྲོས།
མདའ་ཚན་པ་ལགས།
ཁྱེད་ཀྱིས་༼བྱེད་མེད་ལས་ཚིག་ལ་སྐུལ་ཚིག་སྦྱར་བ་དེ་དེ་འདྲའི་བློ་ངོར་འབྱོར་བ་ཞིག་མ་རེད༽ཅེས་གསུངས་པ་དེ། ཕལ་ཆེར། འདག དག དག དག་ཅིག ཅེས་པ་དེ་ལ་གསུང་གི་ཡོད་ཚོད་འདུག
དེ་ནི། གསེར་ཏོག་སུམ་རྟགས་འགྲེལ་པ་ལས།
དྲི་མ་སོགས། དག་བྱ། འདག་བྱེད། དག དག་ཅིག
ལས་སྒྲིབ་སོགས། དག་བྱ། དག་བྱེད། དག དག་ཅིག
ཅེས་དེ་ལ་མི་འདྲ་བ་གཉིས་གསལ་པོ་གསུངས་འདུག
སྤྱིར་བཏང་དུས་གསུམ་འདི་ཧ་ཅང་མགོ་རྙོག་པོ་ཞིག་ཡིན་པས་མཐའ་གཅིག་ཏུ་འདི་འཐད་འདི་མི་འཐད་ཀྱི་ཁ་ཚོན་གཅོད་དཀའ་བ་ཞིག་ཡིན་པར་སྣང་ངོ་། །
ཁྱེད་རང་ལ་ཁུངས་འདུག ཁུངས་ཤིག་ཡོད་པ་ཙམ་གྱིས་ཀྱང་འགྲིག་གི་མི་འདུག ང་ཚོས་ཁུངས་མི་མཐུན་པ་དེ་ཚོ་གཅིག་གྱུར་བཟོ་ཕྱོགས་ལ་བསམ་བློ་ངེས་པར་གཏོང་དགོས་ཀྱི་འདུག དུས་གསུམ་གྱི་དབྱེ་བ་མི་མཐུན་པ་རྟ་མོག་མོག་གི་སྤུ་རེད།
བློ་ངོར་མི་བདེ་བ་དག་ཅིག་གཅིག་བུ་མ་རེད། ཚིག་ཅིག་དང་འཆོར་ཞིག་ཐོབ་ཅིག་སོགས་ཀྱང་རེད། ཁྱེར་ཞིག ཁུར་ཞིག་ཟེར་ནས་སྐུལ་ཚིག་ལ་ད་དྲག་མེད་པ་གཞིར་བཞག་ནས་བྲིས་ཡོད་པ་དེའང་བློ་ངོར་མི་བདེ་བ་ཞིག་རེད་ལགས། ཡིན་ནའང་། ཅིག་ཞིག་དེ་ཚོ་ཁྱེད་རང་གིས་འོལ་ཚོད་བྱས་ནས་བྲིས་པ་མིན་པ་འདྲ།
ད་གཟིམས་འཇགས་གནང་གོ། ཁྱོད་ཁ་དྲོ། སང་ཉིན་མུ་མཐུད་གླེང་མོ་བྱེད།
བླུན་པོ་རང་དང་མཐུན་པས་དགའ། །
རྩ་དང་སྩ་ཡིག་གཉིས་ལ་འདམ་ང་ཅན་ཡིན་ཡང་སྲིད། ཉེ་ཆར་ཨ་ལགས་གཟན་དཀར་བ་མཁས་དབང་ཐུབ་བསྟན་ཉི་མས་བསྒྲིགས་པའི་བཀའ་གདམས་གསུང་འབུམ་པོད་བདུན་ཅུ་རྩ་གྲངས་བཞུགས་པའི་ནང་དུ་སྐབས་རེར་ཡི་གེ་གཉིས་ཁྱད་མེད་དུ་བེད་སྤྱོད་གནང་འདུག ཏུན་ཧོང་ཡི་གེ་ལ་ཡང་ཡིག་ནོར་ཡིན་ནམ་སྙམ་པ་མང་དུ་བྱུང་མོད། ལེགས་པར་བསམ་ན་བརྡ་སྤྲོད་མིང་ཚིག་གཅིག་འགྱུར་མ་བྱུང་བའི་རིགས་ཡིན་པ་འདྲ། དེ་བཞིན་ད་ལྟ་ཡང་འཕྲིན་ལས་དང་ཕྲིན་ལས། སར་བ་དང་དང་གསར་བ་སོགས་སྔོན་འཇུག་ཡོད་མེད། འཚམ་ཞུ་དང་འཚམས་ཞུ་སོགས་ཡང་འཇུག་ཡོད་མེད། དེང་སང་དང་དིང་སང་སོགས་དབྱངས་ཀྱི་ཁྱད་པར་སོགས་སོ་སོའི་འདོད་མོས་བཞིན་སྦྱོར་བར་མཐོང་བ་འདིའི་རིགས་གཅིག་འགྱུར་ཞིག་དགོས་སམ་གནའ་སྲོལ་བཞིན་འཇོག་དགོས་དཔྱད་པར་བསྐུལ་ལོ། །
ང་ཚོས་རྟག་པར་བཤད་ཀྱིན་པའི་ཡིག་སྐད་དང་ཁ་སྐད་གཉིས་ལ་དབྱེ་མཚམས་རེ་བཞག་ན་རྙོག་དྲ་འདིའི་རིགས་ཡོད་ཀྱི་མ་རེད་འདོད།
གོང་གི་དེ་ཡང་གཅིག་མཚུངས་ཡིན་པར་འདོད། སླ་ལ་ཁ་སྐད་བཤད་དུས་སྩ་ཞེས་སྒྲ་ཐོན་ཡང་དེ་ཡི་གེར་བྲིས་ན་སླ་ཡིན་པ་ཤེས་ན་འདིས་འཐུས་ཡོང་བར་འདོད།
དེར་མ་ཟད་ཡི་གེ་འབྲི་བ་ལས་ཀྱང་ཁ་ནས་བཤད་པ་ལ་འགྱུར་བ་མང་བ་ཐེབས་པ་དེ་ཡང་དོན་དངོས་ཡིན་པ་ང་ཚོས་ག་ལ་བསྙོན་ཐུབ་སྟེ། ཁ་ནས་བཤད་པ་ལ་འགྱུར་བ་ཐེབས་སྟངས་སྣ་མང་ཡིན་པ་མདོ་དབུས་ཁམས་གསུམ་གྱི་ལུང་སྐད་དག་ལ་གཅིག་སོམས་དང་ཤེས་ཡོང་ངེས་ཡིན། དེ་བས་དེ་ལ་ཁུངས་གཏུག་ན་ཡང་དག་མིན་ཡང་བཤད་ཁག་པོ་འདུག
སྔོན་སློབ་མའི་དུས་སློབ་གཉེར་ཡག་པོ་ཞིག་བྱས་ཡོད་ན་ཧོར་གཙང་གི་བུ་ལ་ཧ་ལས་བའི་ལན་ཞིག་རྒྱག་ཐུབ། ད་ལས་རྒྱུ་མི་འདུག་པས་ཁོ་ལ་ཡག་པོ་བྲིས་འདུག་ཟེར་ཞོར་ལ་བསམ་བློ་ཡང་ཡག་པོ་བཏང་འདུག་ཞེས་བརྗོད་དོ།
མ་གཞི་ཁོང་གིས་སྔོན་ཕ་ཡུལ་ན་ཡོད་དུས་ནས་བྲིས་བའི་རྩོམ་དེ་ཚོ་ལ་དགའ་བོ་བྱེད་མཁན་ཞིག་ཡིན་ལ་ད་ལོ་དགུན་དུས་རྒྱ་གར་ལ་ཟླ་གཉིས་ཙམ་འགྲོ་བའི་གོ་སྐབས་ཡོད་ཚེ་ཁོང་གིས་གཙོ་སྐྱོང་ལས་སྒྲུབས་བྱུང་བའི་མདོ་སྨད་ལོ་རྒྱུས་དེ་ལ་ཡག་པོ་ཞིག་ལྟ་འདོད་ཡོད།
བྱོན་པ་ལེགས།
ཁྱེད་ཚོས་མུ་མཐུད་དུ་ཁ་བརྡ་བྱོས། ཕན་པོ་འདུག
གོ་སྐབས་འདི་བཟུང་ནས་ཧོར་གཙང་འཇིགས་མེད་ལགས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁྱོའི་རྩོམ་འདི་ཀློག་ནས་ཀླད་སེམས་གཉིས་ཀ་སྐྱིད་བསྡད་ཡོད། ཁ་དྲོ་རྒྱུ་བོ། ཚེ་རིང་རྒྱུ་བོ།
དེ་རིང་ངོ་མ་ཧོར་འཇིགས་ཀྱིས་གླེང་རིན་ཡོད་པ་ཞིག་གི་སྣེ་མོ་ནས་འཇུས་འདུག་ལ་ཕན་ཐོགས་དང་བློ་སྐྱེད་ཀྱང་གང་འཚམ་རེ་ཐོབ་སོང། ཞིབ་འཇུག་བྱས་ན་འདི་བྱོས་རོགས།
ཐུགས་རྗེ་ཆེ།
པཎྜི་ཏ་ལ་ཁུངས་བཏུག་པའི། །
སྲོལ་འདི་ཀུན་ལ་མཛའ་གྱུར་ཀྱང་། །
རྨོངས་པ་བ་གླང་རྫི་བོ་ལ། །
མཁས་པ་མགོ་འཁོར་ཀྱེ་མ་ཧུད། །
མདའ་ཚན་པ་དང་སྒོམ་སྡེ་གཉིས་ལ་ཞུ་རྒྱུར།
སྒོམ་སྡེ་བས་གསེར་ཏོག་སུམ་རྟགས་ལ་ཁུངས་བྱས་ནས་བྱེད་མེད་ལས་ཚིག་ལ་སྐུལ་ཚིག་བརྒྱབས་མདའ་ཚན་པའི་བློ་ངོར་དེ་འགྲོ་མི་འདུག་པས་འདིའི་སྐོར་ནས་ཅུང་ཟད་བཤད་འདོར་བྱུང།
སྤྱིར་སྐུལ་ཚིག་གི་རྣམ་བཞག་དེ་སེམས་ལྡན་སེམས་མེད་གཉིས་སུ་ཕྱིས་ནས་སེམས་ལྡན་དང་དེ་ཡང་གང་རྗོད་
པ་དེའི་དོན་གོ་ནུས་པ་ཞིག་ལ་སྦྱར་དགོས། དེ་མིན་གཞན་ལ་སྐུལ་ཚིག་མི་འཇུག འོན་ཀྱང་རྩོམ་ཡིག་ཁག་ཏུ་སེམས་མེད་དེ་ཡང་སེམས་ལྡན་གྱི་གཟུགས་སུ་བཀོད་ནས་སྐུལ་ཚིག་བརྒྱག་མཁན་མང།
འདི་ལ་བྱེད་འབྲེལ་དང་བྱེད་མེད་ཀྱི་ཐོག་ནས་ས་མཚམས་འབྱེད་དཀའ། སྐུལ་ཚིག་འཇུག་ཡུལ་གྱི་ཐོག་ནས་ཁྱད་པར་འབྱེད་དགོས། བྱེད་མེད་ལའང་སྐུལ་ཚིག་ཐོབ། དཔེར་ན། སོང་ལྟ་བུ་མང།
སོངས་ཤིག ཕེབས་ཤིག ལྟ་བུ སྐུལ་ཚིག་ཡིན་ཀྱང་བྱེད་འབྲེལ་ལས་ཚིག་མིན།
༡ འགྲོ ཉལ། གཉིད་ལ་སོགས་པ་བྱེད་འབྲེལ་ཡིན་པ་གང་ཞིག་ལ། བྱ་བྱེད་ཐ་མི་དད་པ་ཡིན་པ་འདྲ། འགྲོ་བ་པོ་ཟེར་ནས་བྱེད་པ་པོ་ངོས་འཛིན་དུ་ཡོད་ཀྱང་། བྱ་བྱེད་ཐ་དད་པའི་བྱ་ཚིག་བཞིན་འགྲོ་བྱ་ཟེར་ནས་བྱེད་པ་པོ་ལས་ལོགས་སུ་ཐ་དད་པ་ཞིག་ངོས་འཛིན་དུ་མེད་པས། བྱ་བྱེད་ཐ་མི་དད་པ་རེད།
བྱེད་འབྲེལ་ནང་། བྱ་བྱེད་ཐ་དད་པ་ཞིག་དང་་བྱ་བྱེད་ཐ་མི་དད་པ་གཉིས་ཡོད་པའི་གནད་འདི་ཤེས་དགོས་པར་སྙམ།
༢ བྱེད་མེད་ཟེར་བ་ནི་བྱེད་པ་དངོས་སུ་སྟོན་རྒྱུ་མེད་པའི་རིགས། རང་བཞིན་གྱིས་ཆག་པ། ཆད་པ། ཁ་འཐོར་བ་ལྟ་བུའོ། དེ་དག་ལ་ཆད་ཅིག ཆག་ཅིག འཐོར་ཞིག་ཟེར་ན་ཁྱད་མཚར་པོ་འདུག
༣ སེམས་ལྡན་སེམས་མེད་ཀྱི་གཟུགས་སུ་བཀོད་མ་བཀོད་ལ་འབྲེལ་བ་མེད་པ་འདྲ། གཙོ་བོ་དེ་ལ་སྦྱར་བའི་བྱ་ཚིག་དེ་བྱེད་འབྲེལ་རེད་དང་བྱེད་མེད་རེད། དེ་ལ་བལྟས་ནས་སྐུལ་ཚིག་འཐོབ་མི་འཐོབ་ལ་བལྟ་དགོས་པ་མ་ཡིན་ནམ།
ཁ་ཕྱོགས་མེད།
༡ འགྲོ ཉལ། གཉིད་ལ་སོགས་པ་བྱེད་འབྲེལ་ཡིན་པ་གང་ཞིག་ལ། བྱ་བྱེད་ཐ་མི་དད་པ་ཡིན་པ་འདྲ། འགྲོ་བ་པོ་ཟེར་ནས་བྱེད་པ་པོ་ངོས་འཛིན་དུ་ཡོད་ཀྱང་། བྱ་བྱེད་ཐ་དད་པའི་བྱ་ཚིག་བཞིན་འགྲོ་བྱ་ཟེར་ནས་བྱེད་པ་པོ་ལས་ལོགས་སུ་ཐ་དད་པ་ཞིག་ངོས་འཛིན་དུ་མེད་པས། བྱ་བྱེད་ཐ་མི་དད་པ་རེད།
བྱེད་འབྲེལ་ནང་། བྱ་བྱེད་ཐ་དད་པ་ཞིག་དང་་བྱ་བྱེད་ཐ་མི་དད་པ་གཉིས་ཡོད་པའི་གནད་འདི་ཤེས་དགོས་པར་སྙམ།
༢ བྱེད་མེད་ཟེར་བ་ནི་བྱེད་པ་དངོས་སུ་སྟོན་རྒྱུ་མེད་པའི་རིགས། རང་བཞིན་གྱིས་ཆག་པ། ཆད་པ། ཁ་འཐོར་བ་ལྟ་བུའོ། དེ་དག་ལ་ཆད་ཅིག ཆག་ཅིག འཐོར་ཞིག་ཟེར་ན་ཁྱད་མཚར་པོ་འདུག
༣ སེམས་ལྡན་སེམས་མེད་ཀྱི་གཟུགས་སུ་བཀོད་མ་བཀོད་ལ་འབྲེལ་བ་མེད་པ་འདྲ། གཙོ་བོ་དེ་ལ་སྦྱར་བའི་བྱ་ཚིག་དེ་བྱེད་འབྲེལ་རེད་དང་བྱེད་མེད་རེད། དེ་ལ་བལྟས་ནས་སྐུལ་ཚིག་འཐོབ་མི་འཐོབ་ལ་བལྟ་དགོས་པ་མ་ཡིན་ནམ།
ཧོར་འཇིགས་ཀྱིས་དཔྱད་པ་ཡག་མོ་ཞིག་གནང་འདུག ངས་འདིར་དཔྱད་ཞིབ་པ་རྣམས་ཀྱི་དཔྱད་གཞིར་
ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་བདམ་སྒྲིག་ ཁོངས་ནས་སྩ་ཡིག་བེད་སྤྱོད་བཏང་ཡོད་པ་ལུང་འདྲེན་བྱས་ཡོད།
གློ་རྩི། ཞེས་མཆི་འོ་འཚལ:གྲོ་ཆང་ཉི་གུ: ལས:སྦྱོར་ཏེ་ཟ་མ་བཅུ་གསུམ་དུ་སྦྱོར་ཏེ་སྩོལ:ཅིག།།
མྱི་ཞིག་མྱེས་ཚིག་པ་ལ། ངར་སྣབས་ཀྱིས་བསྐུས། ཤ་དམར་པོ་བཤུས་ཏེ། གྲོ་ཤུན་དང་ཉ་ལྕིབས། དང་རམ ས དང་སྔོན་མར་གྱི། ཚིག་མ་དང་མཁྲིས་པ་སྣ་དགུར་བསྩོགས་པ་དང་། དེ་རྣམས་སོས་སོས་སུ།
ཟར་མ དང་བུར་དམ་དང་སྦྲང་རྩེ་དང། ཨ་རུ་ར་དང་ཤེག་འབེར་དང་སྩོགས་པ་བསྐོལ་ཏེ་ཁག་ཟར་གང་གྱི་ཐང་དུ་ཚལ་ནའ།། ཕན་རབ།།
སྩོལ་ནི་སྤྲོད།
བསྩོགས་པ་ནི་བསགས་པ།
སྩོགས་པ་ནི་སོག་པ།
བྱེད་འབྲེལ་བྱེད་མེད་ཀྱི་ཁྱད་པར་གླེང་བའི་གཏམ། མདའ་ཚན་པ་ལ།
མདའ་ཚན་པ་ལགས།
ད་ཐེངས་ཁྱེད་ཀྱིས་བྱེད་འབྲེལ་དང་བྱེད་མེད་ཐད་གོ་བ་ལེན་སྟངས་དེ་ངོ་མ་བློར་ངོར་མི་འབྱོར་བ་ཞིག་དང་བོད་ཀྱི་བརྡ་སྤྲོད་སྤྱིའི་འགྲོ་སྟངས་དང་ཡང་འགལ་འདུག་སྙམ་ཡ།
བྱེད་འབྲེལ་ལས་ཚིག་ལ་བྱ་བྱེད་ཐ་དད་པ་དང་ཐ་མི་དད་གཉིས་ཡོད་ཚུལ་གྱི་ལུགས་དེ་སུ་ལུགས་རེད་ཕལ་ཆེར་ཁྱེད་རང་གི་བསམ་ཚུལ་ཡིན་རྒྱུ་རེད། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་གང་དུ་ཡང་དེ་ལྟར་གསུང་མེད་ཅེས་བཤད་ཐུབ།
བྱེད་འབྲེལ་ལས་ཚིག་ཅེས་པ་བྱེད་པ་པོ་གཞན་དང་འབྲེལ་བའི་ལས་ཞེས་པའི་དོན་ཡིན། དེའི་ཕྱིེར་བྱེད་འབྲེལ་ལས་ཚིག་ཡིན་ན་བྱ་བྱེད་ཐ་དད་པ་ཡིན་པའི་ཁྱབ་པ་ཡོད། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་གང་གི་ལུགས་ཡིན་ན་ཡང་དེ་ལ་བྱ་བྱེད་ཐ་མི་དད་པ་ཞིག་འཇོག་མི་སྲིད།
ལེགས་བཤད་ལྗོན་དབང་སོགས་ལས། བྱེད་ལས་ཙམ་དང་འབྲེལ་བ་ཡི།། དངོས་པོ་བདག་ལའང་འཇུག་པ་མཐོང།། དོན་དེ་བྱེད་འབྲེལ་ལས་ཚིག་ལ་གོ་རྒྱུ་མིན་པའི་གནད་དེ་མཁྱེན་པར་མཛོད།
བྱེད་འབྲེལ་ལས་ཚིག་ཡིན་ན་བྱ་བྱེད་ལས་གསུམ་ཚང་དགོས། དཔེར་ན། གཅོད་ལྟ་བུ།
སྐབས་འདིར་ཁྱེད་ཀྱིས་འགྲོ་ཉལ་སོགས་བྱེད་འབྲེལ་ལས་ཚིག་ཡིན་པ་གང་ཞིག་ལ་བྱ་བྱེད་ཐ་མི་དད་པ་ཡིན་ཅེས་པ་མཐོང་དུས་རྒྱུན་དུ་ངའི་བསམ་ཡུལ་ན་ཡོད་པའི་མདའ་ཚན་པ་ཡང་ང་དང་རྒྱང་རིང་དུ་འགྲོ་སོང་ཡ། རྩེད་མཚར་ཡིན།
འགྲོ་སོགས་བྱེད་ལས་ཙམ་དང་འབྲེལ་བ་ཡི་དངོས་པོ་བདག་ལྟ་བུ་ཡིན་ཀྱང་བྱེད་འབྲེལ་ལས་ཚིག་མིན། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ད་དུང་གསལ་བཤད་ཅིག་བྱས་ན། བྱེད་འབྲེལ་ཞེས་པའི་འབྲེལ་གྱི་དོན་ནི་བྱེད་པ་པོ་གཞན་དང་འབྲེལ་བའི་དོན་ཡིན།
བྱེད་འབྲེལ་ཡིན་ན་དེའི་ཐོག་ཏུ་བདག་གཞན་དུས་གསུམ་དང་བྱ་བྱེད་ལས་གསུམ་ཚང།
གོང་དུ་བཀོད་པའི་འགྲོ་ལྟ་བུ་ནི་བྱེད་ལས་ཙམ་དང་འབྲེལ་བའི་ལས་སུ་འདོད་ན་འགྲིག་པ་དེ་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་གསུངས། གང་ལྟར་བྱེད་ལས་ཙམ་ཞེས་པའི་ཙམ་སྒྲས་བྱ་བའི་ཡུལ་དང་འབྲེལ་བའི་ལས་གཅོད།
སྤྱིར་བྱ་བྱེད་གསུམ་གྱི་ནང་ཚན་དུ་གྱུར་བའི་ལས་ཆ་ཚང་ཞིག་གྲུབ་ན་དེ་བྱེད་འབྲེལ་ལས་ཚིག་ཟེར། བྱེད་འབྲེལ་ལས་ཚིག་ཡིན་ན་བྱེད་པ་པོ་ལ་ཡོད་པའི་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་ཀ་ཚང་དགོས། དེ་ཚང་བའི་ལས་ཚིག་ཅིག་ཡིན་ན་བྱ་བྱེད་ཐ་མི་དད་པ་ཞིག་ཡོང་སྲིད་པ་ཤེས་ན་གཞི་ནས་བྱེད་འབྲེལ་དང་བྱེད་མེད་ཅེས་ཁྱད་པར་ས་མཚམས་ཡོད་པའི་ཐོག་ནས་འབྱེད་ནུས་སྙམ།
ཡང་བསྐྱར་མདའ་ཚན་པ་ལ་བཤད་རྒྱུ་ཞིག་སྐུལ་ཚིག་ཅེས་པའི་དོན་ལ་བསམ་བློ་ཐོངས་དང་སྐུལ་ཚིག་འཇོག་སྟངས་ལས་སླ་བོའི་ངང་ནས་བློ་ངོར་འཆར་ཐུབ་ཀྱིེ་རེད་ཡ།
སྐུལ་ཚིག་འཇོག་སྐབས་ལས་ཚིག་ཅིག་བྱེད་འབྲེལ་བྱེད་མེད་ཡིན་མིན་ལ་བསམ་བློ་བཏང་ནས་བཀོད་དགོས་པའི་ཁྱེད་ཀྱི་ལུགས་འདི་ཡང་ངོ་མ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་སྤྱིའི་རྣམ་བཞག་དང་མི་མཐུན་ལ་དོན་ལ་ཡང་བློ་ངོར་འབྱོར་བ་ཞིག་མ་རེད།
དེས་ན་སྐུལ་ཚིག་ཐོབ་མིན་སྐུལ་ཚིག་སྦྱར་ཡུལ་སེམས་ལྡན་སེམས་མེད་ཡིན་མིན་གྱི་ཐོག་ནས་འབྱེད་ན། ད་གཟོད་གོ་བདེ་ཞིག་ཡོང་གི་རེད། སེམས་ལྡན་དེ་ཡང་ངས་སྔོན་ནས་བཤད་པ་ལྟར་སྐུལ་ཚིག་སྦྱར་ཡུལ་གྱིས་སྦྱར་མཁན་གྱི་གང་བཤད་པའི་དོན་གོ་དགོས་ནི་རེད་དེ་མིན་སྐུལ་ཚིག་སྦྱར་ནའང་ནུས་པ་ཐོན་རྒྱུ་མ་རེད། གནད་འདི་རྟོགས་སོང་གཞི་ནས་སྐུལ་ཚིག་སྦྱར་སྟངས་ལས་སླ་མོ་ཤེས་འགྲོ་རྒྱུ་རེད།
སྙན་ངག་སྤྲིན་གྱི་ཕོ་ཉ་ལྟ་བུའི་ནང་དུ་སྐུལ་ཚིག་སྤྲིན་སེམས་མེད་ལ་སྦྱར་བ་སོགས་ནི་སྤྲིན་སེམས་ལྡན་གྱི་གཟུགས་སུ་བཀོད་ནས་སེམས་ལྡན་དངོས་དང་འདྲ་བ་བྱས་ནས་སྦྱར་བ་ཡིན་གྱི་སེམས་མེད་བེམ་པོ་དངོས་ལ་སྦྱར་བ་མི་ཡིན་པ་ཤེས་པར་གྱིས།
དེ་ལྟ་བུའི་དཔེ་མང་ཡོད་པས་རྒྱུ་མཚན་གྱིས་སྐུལ་ཚིག་སེམས་མེད་ལ་འཇུག་པར་འདོད་ན་དེ་ནི་གོ་བ་ལོག་པའོ།
ལས་ཞོར་དུ་བྲིས་པས་ད་དུང་གསལ་བཤད་བྱེད་མ་ཐུབ་ས་དང་ནོར་བ་ཡོད་ན་དགོངས་དག་རྗེས་སུ་ཞིབ་བྲིས་བྱེད་ཆོག བཀྲ་ཤིས་བདེ་ལེགས།
དགོངས་དག་གནད་འགག་ཅན་ཞིག་ཆད་འདུག། སྤྱིར་བྱ་བྱེད་གསུམ་གྱི་ནང་ཚན་དུ་གྱུར་བའི་ལས་ཆ་ཚང་ཞིག་གྲུབ་ན་དེ་བྱེད་འབྲེལ་ལས་ཚིག་ཟེར། བྱེད་འབྲེལ་ལས་ཚིག་ཡིན་ན་བྱེད་པ་པོ་ལ་ཡོད་པའི་ལས་དང་བྱ་བའི་ཡུལ་ལ་ཡོད་པའི་ལས་གཉིས་ཀ་ཚང་དགོས། དེ་ཚང་བའི་ལས་ཚིག་ཅིག་ཡིན་ན་བྱ་བྱེད་ཐ་མི་དད་པ་ཞིག་ཡོང་མི་སྲིད་པ་ཤེས་ན་གཞི་ནས་བྱེད་འབྲེལ་དང་བྱེད་མེད་ཅེས་ཁྱད་པར་ས་མཚམས་ཡོད་པའི་ཐོག་ནས་འབྱེད་ནུས་སྙམ།
དེ་རེད་མི་ཆད་འདུག གོ་བ་འགྱུར་འགྲོ་རྒྱུ་རེད
ཧོར་འཇིགས་ཀྱིས་བསམ་བློ་མང་པོ་བཏང་འདུག འབྲི་སྟངས་ནི་བཤད་མི་དགོས་པ་རེད། ཧ་ཅང་ཡག་པོ་འདུག འོན་ཀྱང་བསམ་ཚུལ་གཅིག་ཡོད་པ་ནི། ང་ཚོ་བོད་པ་ལ་མེད་པའི་ཚིག་གསར་པ་བཟོ་མཁན་ཧ་ཅང་དཀོན་པོ་རེད། ཚིག་རྙིང་པ་ཡོད་མཁན་དེ་ཚོ་ཡར་འཐེན་མར་འཐེན་བྱེད་མཁན་མང་པོ་འདུག དཔེར་ན་རྒྱ་ནག་ཅེས་གནའ་ནས་ད་བར་ཡོངས་གྲགས་སུ་གྱུར་པའི་འབྲི་སྟངས་ཤིག་ཡིན་མོད། དེང་སྐབས་ཁག་ཅིག་གིས་དགྱ་ནག་ཅེས་འབྲི་བཞིན་འདུག སྲུང་བརྩི་ཞེས་པ་ཡོངས་གྲགས་ཀྱི་འབྲི་སྟངས་ཤིག་ཆགས་ཟིན་ཀྱང་། དག་ཡིག་གསར་བསྒྲིགས་ཀྱི་ནང་དུ་དེ་འདྲ་ཞིག་ཡོད་པ་རེད་ཅེས། བོད་ཀྱི་དུས་བབ་སོགས་ཀྱིས་ཨུ་ཚུགས་ཀྱིས་སྲུང་གཙི་ཞེས་འབྲི་བཞིན་འདུག འདི་དག་གིས་ཕན་ཐོགས་ག་རེ་ཡོད་མེད་མི་ཤེས། དངོས་གནས་བཤད་ན་གང་ཐུབ་ཐུབ་ཀྱིས་གཅིག་གྱུར་ཡོང་ཐབས་ལ་འབད་དགོས་པ་མིན་ནམ་བསམ་པ་དྲན་གྱི་འདུག
སྟོང་ཆ་ཁ་སྐོང་དགོས་པ་གལ་ཆེ་བ་ལས་གཅིག་གྱུར་ཡོད་པ་དེ་ཚོ་ཁ་བྲལ་དུ་བཏང་ནས་བོད་ཀྱི་རིག་གནས་ལ་ཕན་ཐོགས་ག་རེ་ཡོད། དབུས་གཙང་པས་ང་ཚོས་སྤྲེལ་ལད་སྤེལ་ལད་ཅེས་ངག་ནས་བརྗོད་བཞིན་ཡོད། ད་ནས་བཟུང་སྤྲེལ་ལད་ལ་སྤེལ་ལད་ཅེས་འབྲི་དགོས་ཞེས་བཤད། ཁམས་པ་ཚོ་མང་ཆེ་བས་དབྱངས་ན་རོའི་ཚབ་ལ་འགྲེང་བུ་ཀློག་པ་མང་བས། དཔེར་ན་དགོན་པ་ལ་དགེན་པ་འབྲི་དགོས། ང་ཚོའི་ངག་ལ་དེ་བདེ་བ་འདུག་ཅེས་པ་དང་། ཨ་མདོ་བ་མང་པོ་ཞིག་གིས་དབྱངས་ན་རོ་རྗེས་འཇུག་ས་ཡོད་ས་ཚང་མ་ལ་ན་རོའི་སྒྲ་གཏན་ནས་མེད་པར་འགྲེང་བུའི་སྒྲ་ཀློག དཔེར་ན་ཆོས་ལ་ཆེས་དང་། གོས་ལ་གེས་ཞེས་ཀློག་པས་ང་ཚོའི་ངག་ལ་དེ་བདེ་བ་འདུག མ་འོངས་པར་དེ་ལྟར་འབྲི་རྒྱུ་ཡིན་ཞེས་བྲིས་ན་ག་འདྲ་འདུག དེ་བཞིན་ཨ་མདོ་ཅོ་ནེ་དང་བླ་བྲང་གི་ས་ཆ་ཁག་ཅིག་དང་། ཁམས་ཀྱི་ས་ཆ་ཁག་ཅིག་གིས་ན་རོའི་སྒྲ་གདངས་གཏན་ནས་མི་ཐོན་པར་ཀློག་པའང་ཡོད་དེ། དཔེར་ན་ཚེ་རིང་སྐྱིད་ཀྱིས་ཨ་རིའི་རླུང་འཕྲིན་ནང་གསར་འགྱུར་ཀློག་པའི་སྐབས། དེ་རིང་བུད་མེད་ཚོགས་པའི་ཚོགས་འདུ་ཞིག་འཚོགས་འདུག་ཅེས་པ་ལྟ་བུ་ལ། མོས་ཁ་ནས་ཀློག་པའི་སྐབས་དེ་རིང་བུད་མེད་ཚགས་པས་ཚགས་འདུ་འཚགས་འདུག་ཅེས་དུས་རྒྱུན་ཀློག་བཞིན་པ་ལྟ་བུ་རེད། མ་འོངས་པར་དེ་དག་འདི་ལྟར་འབྲི་དགོས་སམ། ཨ་མདོའི་ས་ཆ་མང་པོ་ཞིག་ནས་གྲྭ་པ་གྲྭ་ཚང་ཞེས་འབོད་ལ། བླ་བྲང་ལ་བཀྲ་ཤིས་འཁྱིལ་ལ།། གྲྭ་ཚང་སུམ་སྟོང་ལྔ་བརྒྱ་ཟེར་བ་ལྟ་བུ་མང་པོ་བཤད་སྲོལ་ཡོད། དེ་བཞིན་ལྷ་ས་ཚོས་སློབ་ཕྲུག་ལ་སློབ་གྲྭ་ཞེས་འབོད་པ་སོགས་ཀྱང་མ་འོངས་པར་ཀློག་སྟངས་ཀྱི་ཁྱད་པར་ཐོག་ནས་དེ་ལྟར་འབྲི་དགོས་ཞེས་བརྗོད་ན་བོད་ཀྱི་སྐད་ཡིག་ལ་ཕན་པ་རེད་དམ་གནོན་པ་རེད། ཁམས་ནང་ཆེན་དང་སྒ་པ་སོགས་ཀྱིས་བྱ་དང་ཙ་གཉིས་ཀྱི་སྒྲ་གདངས་གཅིག་པ་ཡིན་པ་དང། ཕྱ་དང་ཚ་གཉིས་ཀྱི་སྒྲ་གདངས་གཅིག་པ་ཀློག་གི་ཡོད། དཔེར་ན་བྱེད་པ་པོ་དང་བྱ་བའི་ཡུལ་ཞེས་ཀློག་དགོས་ན། ངག་ནས་ཙེད་པ་པོ་དང་ཙ་བའི་ཡུལ་ཞེས་དང། ཕྱེད་ཀ་ཚེད་ཀ་ཞེས་ཀློག་གི་རེད། འདི་དག་ལའང་འགྲེལ་བཤད་ན་བཙལ་ན་རག་ངེས་པ་རེད། གཙང་གི་ས་ཁུལ་མང་པོ་ནས་ཡོད་དམ་མེད་དམ་ཞེས་པ་ལ། ཡོ་པ་མོ་པ་ཞེས་ཀློག་གི་རེད། ཁོང་ཚོས་ཀྱང་ད་བར་དེ་ལྟར་འབྲི་མྱོང་མེད་ཀྱང་སླད་དེ་ལྟར་འབྲི་དགོས་ཞེས་བརྗོད་ན་ག་རེ་བྱེད་དགོས། དེ་ལྟར་བྱས་ནས་བྲིས་ན་ཕན་ཐོགས་ཡོད་དམ་མེད། བསམ་བློ་གཏོང་དགོས་པ་རེད་བསམ་གྱི་འདུག མདོར་ན་བྱ་དངོས་གང་ཞིག་ལ་སྤྱི་སྐད་ཀྱི་ཐ་སྙད་ཡོད་པ་གང་ཞིག་དམིགས་བསལ་བྱེ་བྲག་པ་ཞིག་གི་སྐད་ཁྱབ་གདལ་བཏང་ནས་དགེ་ཕན་མེད་པ་དང། བྱ་དངོས་གང་ཞིག་ལ་སྤྱི་སྐད་དམ་གཅིག་གྱུར་གྱི་ཐ་སྙད་མེད་པར། བྱ་དངོས་དེ་ལ་ཡུལ་ལུང་བྱེ་བྲག་པ་ཞིག་ལ་བོད་སྐད་ཀྱི་ཐ་སྙད་ཅིག་ཡོད་ན་དེ་སྤྱི་སྐད་དུ་ཁྱབ་གདལ་གཏོང་ཨེ་ཐུབ་བལྟས་ན་དེ་ལ་དགའ་བསུ་ཡོད།
དཀའ་དང་སླ་ཞེས་པ་ཡི་གེ་ཤེས་མཁན་ཞིག་ཡིན་ན་ཡོངས་གྲགས་ཀྱི་མིང་ཚིག་ཅིག་ཡིན་པ་སུ་གཅིག་ལ་མི་གོ་བའི་དཀའ་ངལ་མེད། ཨ་མདོའི་ཡུལ་གྱི་ཡི་གེ་མི་ཤེས་མཁན་ཚོའི་ཆེད་དུ་སླ་ཡི་ཚབ་ཏུ་སྩའམ། རྩ་ག་རེ་བྲིས་ཀྱང་ཕན་པ་མེད་པར་ཡི་གེ་ཀློག་མི་ཤེས་པའི་ཕྱིར། གོང་དུ་བརྗོད་པ་བཞིན། ཡེ་གེ་ཤེས་མཁན་ཞིག་ཡིན་ན་སླ་མི་གོ་བའི་དཀའ་ངལ་མེད་པས་ཧོར་གཙང་བས་བཤད་པ་འདི་ལེགས་བཤད་ཅིག་ཡིན་ནམ། ལོག་བཤད་ཅིག་ཡིན་ཡང་བཤད་ཚོད་ཐིག་དཀའ་བ་ཞིག་རེད།
ང་ནི་བརྡ་སྤྲོད་དང་རིག་གཞུང་ལ་མཁས་པ་ཞིག་གཏན་ནས་མིན་པར། སྒོམ་སྡེ་བ་བཞིན་བོད་སྐད་ཀྱི་སྒྲ་གདངས་ལེགས་སྦྱར་ལ་གཏུགས་པ་ལྟ་བུ་མི་ཤེས་ལ། ལེགས་སྦྱར་བོད་པས་གཏན་ནས་མི་ཤེས་པའི་སྐབས་ནས་བོད་ལ་སྐད་མེད་པར་ལག་བརྡ་རྐྱང་པ་བྱེད་མཁན་གྱི་དུད་འགྲོ་འབའ་ཞིག་ཡིན་མིན་ཡང་མི་ཤེས། དེ་བཞིན་ཨ་མདོ་བས་བ་དང་ཝ་ཡི་སྒྲ་གདངས་ལ་ཁྱད་མི་འདུག་ཅེས། སྒོམ་སྡེ་བས་ཨུ་ཚུགས་ཇི་ལྟར་བརྒྱབ་ཀྱང་དོན་དངོས་ཁོང་གིས་ཨ་མདོ་བའི་ཁ་སྐད་ལ་རྒྱུས་མངའ་མེད་པ་གསལ་པོ་བསྟན་པ་ལས་དངོས་ཡོད་གནས་ཚུལ་གཏན་ནས་མ་རེད། ད་དུང་གནད་དོན་འདིའི་སྐོར་གླེང་བའི་སྐབས་ཀྱང་སྲན་མ་ས་མ་དང་ཧྲ་མ་ཞེས་བརྗོད་མཁན་ཡོད་པ་རེད་ཅེས་ཟེར། དོན་དངོས་ཐོག་སན་དང། ཧྲན་མ་ཞེས་རྗེས་འཇུག་ཅན་ཀློག་མཁན་ཡོད་ཀྱང་རྗེས་འཇུག་མེད་པ་ཀློག་མཁན་ཞིག་གོ་མ་མྱོང། ཅིག་བྱས་ན་ཁེ་ན་ཌ་རུ་ཕྱི་རྒྱལ་བོད་སྐད་སྦྱང་མཁན་དེ་འདྲའི་ཁ་ནས་སྒྲ་གདངས་དེ་འདྲ་ཐོན་སྲིད་པ་ལས་གཞན་དེ་ལྟར་ཀློག་མཁན་མེད་ཅེས་བརྗོད་ཆོག མདོར་ན་ད་ལྟའི་ཆར་ང་ཚོར་ཁ་ཚ་དགོས་གཏུག་གིས་དགོས་པ་དེ་ཐ་སྙད་གསར་པ་མེད་པ་དེ་ཚོ་གསར་བཟོ་དགོས་པ་དེ་ཡིན་པ་ལས། ཡོད་པ་དེ་ཚོ་རང་རང་གི་འདོད་པ་བཞིན་ཡར་འཐེན་མར་འཐེན་བྱས་ནས་ཕན་ཐོགས་ག་རེ་ཡོད་བསམ་པ་འདི་ང་རང་གི་ལྟ་ཚུལ་ཡིན། ངའི་ལྟ་ཚུལ་འདི་ནོར་ཡོད་ངེས་པ་རེད། བཀའ་སློབ་དང་བཀའ་བཀྱོན་ག་རེ་ཡོད་ཀྱང་འཛེམས་ཟོན་མེད་པར་གནང་རོགས།
སླ་ཡིག་སྩ་རུ་བཟོ་བའི་ལེགས་བཤད་དང།།
བ་དང་ཝ་ཡི་སྒྲ་གདངས་རྩོད་པ་སོགས།།
འདི་ན་མཁས་པར་རློམ་པ་འགའ་ཞིག་གིས།།
སྤྱི་སྐད་གཏོར་བའི་ཆོ་ག་རྩོམ་པ་མཐོང།།
ལེགས་པར་སྦྱར་བ་ལྷ་ཡི་སྐད་ཡིན་ཞེས།།
བོད་རྒན་དད་པ་ཅན་ཚོས་བརྗོད་ནའང།།
དེང་དུས་གོ་ལའི་སྟེང་ནས་ཡལ་ཟིན་པའི།།
ཤི་བའི་སྐད་ཡིག་གྲས་སུ་བཀོད་ཅེས་གྲགས།།
རྒྱ་གར་མི་ལ་འབྲེལ་མ་བྱུང་གོང།།
བོད་པར་ཁ་སྐད་ཙམ་ཡང་མེད་དམ་ཞེས།།
སྒོམ་སྡེ་རྒད་པོར་འོས་པའི་དྲི་བ་འདིར།།
བདེན་དོན་དངོས་དང་མཐུན་པའི་ལན་ཅི་ཞིག།
བོད་པའི་སྐད་ཀྱི་སྒྲ་གདངས་གླེང་བའི་སྐབས།།
ལེགས་སྦྱར་སྐད་ལ་གཏུགས་པའི་གོམས་གཤིས་འདི།།
མཁས་པ་མགུ་བའི་སྐྱེས་སུ་མི་འོས་པར།།
བོད་པ་དུད་འགྲོར་བསྒྲུབས་པའི་ཆ་ལག་ཅིག།།
འདི་དག་ཀྱང་ལྷ་སྨོན་པས་གང་དྲན་དུ་བྲིས།