དོལ་སྨྱོན།
༡
རང་གི་རྐང་པར་རང་ཉིད་ལངས་པ་དང་།།
རང་གི་སྣ་ཐག་རང་མགོར་དཀྲི་བ་དང་།།
རང་གི་དགེ་རྒན་རང་ཉིད་བྱེད་པ་ཡིས།།
མ་འོངས་དོལ་པོའི་སྒལ་ཚིགས་སྦོམ་པར་ཤོག།
༢
ལྟ་བའི་མིག་ཟུང་ཆེས་ཆེར་གདངས་པ་དང་།།
སྙོབ་པའི་ལག་ཟུང་ཀུན་ནས་བྲེལ་བ་དང་།།
བསམ་པའི་སྒོ་མོ་རབ་ཏུ་ཡངས་པ་ཡིས།།
མ་འོངས་དོལ་པོའི་ཕྲག་རྒྱ་ཡངས་པར་ཤོག།
༣
གཡག་ཤ་བཟའ་ཞིང་འབྲི་རུས་མུར་བ་དང་།།
ལུག་ལྤགས་གྱོན་ཞིང་རྟ་ཕོར་བཞོན་པ་དང་།།
ནས་ཆང་འཐུང་ཞིང་སྤགས་གོང་བཟའ་བ་ཡིས།།
མ་འོངས་དོལ་པོའི་སྙིང་རྩ་ཆེ་བར་ཤོག།
༤
མགོ་ལ་སྟོང་སྐུད་དམར་པོ་དཀྲི་བ་དང་།།
སྐེད་ལ་གྲི་རིང་གྲི་ཐུང་འདོགས་པ་དང་།།
རྐང་ལ་ཟོམ་པ་ཆ་འགྲིགས་གྱོན་པ་ཡིས།།
མ་འོངས་དོལ་པོའི་རང་ཚུགས་ཟིན་པར་ཤོག།
༥
གངས་རི་རྫ་རི་རྐང་པས་མནན་པ་དང་།།
གཡའ་རི་སྤང་རིར་སྐྱིད་ཉལ་རྒྱག་པ་དང་།།
ཉིན་རི་སྲིབ་རིར་ཀི་སྒྲས་འགེངས་པ་ཡིས།།
མ་འོངས་དོལ་པོའི་བློ་སྟོབས་རྒྱས་པར་ཤོག།
༦
གླུ་དང་གཤགས་ཀྱི་ངག་རྩལ་ཡངས་པ་དང་།།
རྒྱུགས་དང་མཆོངས་པའི་ལུས་རྩལ་བདེ་བ་དང་།།
བྲོ་དང་བརྡུང་བའི་རྐང་རྩལ་འཁྱུགས་པ་ཡིས།།
མ་འོངས་དོལ་པོའི་སྲོལ་རྒྱུན་བརྟན་པར་ཤོག།
༧
རང་གི་རྐང་པར་རང་ཉིད་ལངས་པ་དང་།།
རང་གི་ལག་པ་རང་གིས་འགུལ་བ་དང་།།
རང་གི་བྲོད་པ་རང་གིས་འགེངས་པ་ཡིས།།
མ་འོངས་དོལ་པོ་རང་ཁ་རང་གསོར་ཤོག།
༨
སེམས་ཀྱི་འཆར་སྒོ་མཁའ་ལས་ཡངས་པ་དང་།།
ངག་གི་བརྗོད་པ་འབྲུག་ལྟར་ལྡིར་བ་དང་།།
ལག་གི་འབྲི་རྩལ་གློག་ལྟར་འཁྱུགས་པ་ཡིས།།
མ་འོངས་དོལ་སྨྱུག་ས་སྟེང་ཁྱབ་པར་ཤོག།
༩
རིགས་ཀྱི་འདུ་ཤེས་བླ་རུ་བཀུར་བ་དང་།།
རུས་ཀྱི་ཞེན་པ་གངས་ལས་དཀར་བ་དང་།།
རུས་པའི་ནང་ན་རྐང་གིས་གཏམས་པ་ཡིས།།
མ་འོངས་དོལ་ཕྲུག་ས་སྟེང་གང་བར་ཤོག།
༡༠
འབྲི་དང་གཡག་གི་རྨིག་རྗེས་འཚོལ་བ་དང་།།
འུར་རྡོ་ཆ་རིང་མགོ་ལ་བསྐོར་བ་དང་།།
རི་ཀླུང་ཐང་གསུམ་ཀི་སྒྲས་འགེངས་པ་ཡིས།།
མ་འོངས་དོལ་རྫིའི་སྐུ་ཚེ་རིང་བར་ཤོག།
༡༡
གཡག་གི་ངུར་སྒྲས་རི་མགོ་འགུལ་བ་དང་།།
རྟ་ཡི་སྨིག་པས་རྩྭ་ཐང་བེར་བ་དང་།།
ལུག་གི་འབའ་སྒྲས་རྫ་རི་འདར་བ་ཡིས།།
མ་འོངས་དོལ་པོའི་ཕྱུགས་ཟོག་འཕེལ་བར་ཤོག།
༡༢
རི་མགོའི་གངས་རི་དཀར་ཞིང་བརྗིད་པ་དང་།།
རི་གཤམ་གཙང་པོའི་བཞུར་རྒྱུན་རིང་བ་དང་།།
རི་སྐེད་སྤང་ཐང་ཡངས་ཤིང་ཆེ་བ་ཡིས།།
མ་འོངས་དོལ་པོའི་ཁོར་ཡུག་གཙང་བར་ཤོག།
༡༣
ཞིང་རྣམས་སྙེ་མའི་མགོ་ལྕོག་ལྡེམ་པ་དང་།།
ཕྱུགས་རྣམས་འཕེལ་ཀ་ཡངས་ཤིང་རྒྱས་པ་དང་།།
མི་རྣམས་དཔའ་ཞིང་ལས་ལ་བརྩོན་པ་ཡིས།།
མ་འོངས་དོལ་པོའི་འཐོན་སྐྱེད་ཡངས་པར་ཤོག།
༡༤
སྤྱི་མིང་འཁུར་ནས་སྒེར་དོན་སྒྲུབ་པ་དང་།།
སྒེར་མིང་ཁྱེར་ནས་སྤྱི་དོན་དཀྲུགས་པ་དང་།།
སྤྱི་སྒེར་བར་ནས་ཁེ་བཟང་འཚོལ་བ་ཡིས།།
མ་འོངས་དོལ་པོར་དེ་རིགས་མེད་པར་ཤོག།
༡༥
བཟང་པོའི་བྱ་བར་དྲིན་བཟོ་ཤེས་པ་དང་།།
ངན་པའི་བྱ་བར་ཐེར་འདོན་བྱེད་པ་དང་།།
བཟང་ངན་དབྱེ་འབྱེད་རྒྱ་མར་འཇལ་བ་ཡིས།།
མ་འོངས་དོལ་པོའི་ཡུལ་ཁྲིམས་བཙན་པར་ཤོག།
༡༦
རི་བོང་ཅལ་གྱི་རྗེས་སུ་མི་འབྲངས་ཤིང་།།
བླུན་པོ་ཆུ་སྣ་གར་འཁྲིད་མ་ཡིན་པར།།
ལེགས་ཉེས་འབྱེད་པའི་མིག་ཟུང་རྣོན་པོ་དེ།།
མ་འོངས་དོལ་པོའི་ཡུལ་དུ་དར་བར་ཤོག།
༡༧
མཐོན་པོ་རྣམས་ལ་མགོ་འདོགས་མི་བྱེད་ཅིང་།།
དམའ་བོ་རྣམས་ལ་ཁུ་ཚུར་མི་འཕྱར་བར།།
མི་ཞིག་ཡིན་པའི་འདུ་ཤེས་གཙང་མ་ཡིས།།
མ་འོངས་དོལ་པོར་འདྲ་མཉམ་དར་བར་ཤོག།
༡༨
དགའ་སྐྱོ་ཆགས་སྡང་སྟོང་གིས་གྲུབ་པ་ཡིས།།
མི་རིགས་ཤིག་གི་སྤྱི་ཚོགས་ཡིན་པ་ལས།།
དགོན་པ་ཆོས་པ་ལྟ་བུའི་སེམས་ཚེགས་དེ།།
མ་འོངས་དོལ་པོར་དྲི་ཙམ་མེད་པར་ཤོག།
༡༩
མགོ་ཡི་སྐྲ་ལོ་ནག་པོ་ཡིན་པ་དང་།།
གདོང་གི་ཤ་མདོག་དམར་པོ་ཡིན་པ་དང་།།
ཤ་དང་རྩམ་པ་ཟས་སུ་བྱེད་པ་ཡིས།།
མ་འོངས་དོལ་པོའི་རིགས་རྒྱུན་གཙང་བར་ཤོག།
༢༠
བརྡ་དང་དབྱངས་ཀྱི་མགྲིན་པ་བདེ་བ་དང་།།
རིགས་དང་རུས་ཀྱི་འདུ་ཤེས་ཟབ་པ་དང་།།
སེམས་དང་བསམ་པའི་དཔལ་ཡོན་རྒྱས་པ་ཡིས།།
མ་འོངས་དོལ་པོའི་ཁ་ཕྱོགས་བཟང་བར་ཤོག།
༢༡
རང་གི་སྐྱེ་རྒྱུན་གངས་རི་ཡིན་པ་དང་།།
རང་གི་ཁྲག་རྒྱུན་རྫ་རི་ཡིན་པ་དང་།།
གངས་དང་རྫ་ཡི་སྤོབས་སེམས་ངར་མོ་ཡིས།།
མ་འོངས་དོལ་པོའི་ཡོད་ཚད་ཁྲི་ལོར་ཤོག།
༢༩-༠༡-༢༠༡༨
རྩོམ་རྩལ་ཡག་པོ་འདུག
དོལ་སྨོན་ཉེར་གཅིག་ནང་གི་བཅུ་བཞི་ལ་མངོན་པར་བསྟོོད་དོ་།