ཆབ་མདོ་ངག་ཕུན་གྱིས།
དེ་རིང་ངས་སྒྲུང་ཐུང་ཞིག་འབྲི་བར་འདོད། དེ་ཡང་གནའ་སྔ་མོ་སྔོན་མོ་ལུང་པ་ཞེས་པའི་ཁོར་ཡུག་གཙང་ཞིང་ཉམས་དགའ་བའི་ཡུལ་ལྗོངས་ཤིག་ཡོད་ཅིང་། ཡུལ་ལྗོངས་དེར་མཐར་གངས་རིས་ཡོངས་སུ་སྐོར་བ་དང་། རི་རྩེའི་སྟེང་ལ་དབྱར་དགུན་སྟོན་དཔྱིད་མེད་པར་གངས་རིས་ཡོངས་སུ་བཟུང་གི་ཡོད། རི་སྐེད་ལ་ཤིང་རིགས་སྣ་ཚོགས་སྐྱེས་ཤིང་། རི་འདབས་ལ་མཚོ་དང་མཚེའུའི་ཡོན་ཆབ་བཤམས་པ་ནང་བཞིན་ཡོད། མཚོ་དང་མཚེའུ་དེ་དག་ནང་ལ་སྲོག་ཆགས་སྣ་ཚོགས་ཤིག་ཞི་བདེའི་བག་ཕེབས་ཀྱི་གནས། རི་སྐེད་ཀྱི་ཤིང་ནགས་གསེང་ལ་བྱ་རིགས་སྣ་ཚོགས་ཤིག་ཞེད་སྣང་མེད་པའི་རང་དབང་གིས་རྒུམ་འབུ་འཐུ། རི་བོ་གཉིས་ཀྱི་བར་ནས་གངས་ཆུ་སྔོན་མོ་དལ་གྱིས་རྒྱུ། དབྱར་དུས་དུད་འགྲོའི་རབ་ཆོད་ཙམ་ཡོད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་དང་། སྔོན་ཞིང་དྭངས་པའི་ལྗོན་ཤིང་། དེ་འདྲའི་ཡུལ་ལྗོངས་སྟེང་ལ་ཤ་བ་དང་། གླ་བ། རྐྱང་། རྟ་དང་རྟེའུ། འབྲི་དང་གཡག །མཛོ་དང་མཛོ་མོ། བ་མོ་གླང་། ར་དང་རེའུ། ལུག་དང་ལུག་གུ་སོགས་རྩྭ་ཆུར་རང་དབང་ཞི་བདེའི་ངང་ནས་རོལ་གྱི་ཡོད།
འོན་ཀྱང་སྐབས་རེ་གཅན་གཟན་གཟིག་དང་། འཕར་ར། སྤྱང་ཀི། དྲེད་མོང་། དོམ་སོགས་གློ་བུར་དུ་ཡོང་ནས་རྩྭ་གཟན་དུད་འགྲོའི་ལྷིང་འཇགས་སྤྲོག་གི་ཡོད། གནས་དེར་འཚོ་སྡོད་བྱེད་མཁན་འཕོན་ཆེ་ཤོས་ནི་ཤ་བ་ཡིན་པ་དང་ལོ་རེ་ནས་ཤ་བ་འཕེལ་རྒྱས་ཇེ་ཆེར་གྱུར་ཡོད། མ་ཟད་སྔོན་མོའི་ལུང་པར་ས་ཕྱོགས་གཞན་གྱི་ཤ་བ་དུ་མ་གནས་དེར་སླེབས་ནས་གཞིས་ཆགས། དང་ཐོག་ཕན་ཚུན་ལབ་གླེང་སོགས་གང་ཡང་མེད་པའི་ཞི་བདེའི་བག་ཕེབས་ཀྱིས་གཅིག་ཕན་གཅིག་གྲོགས་ཀྱི་ངང་ནས་འཚོ་སྡོད་བྱེད་ཀྱི་ཡོད་མོད། ཤ་བ་རྒན་པ་རྣམས་རིམ་གྱིས་ཕྱི་མའི་ལམ་དུ་གཤེགས་རྗེས་ཤ་བ་གསར་སྐྱེས་རྣམས་ཕུག་རྒྱང་རིང་པོ་དགོངས་པ་མ་བཞེས་པར་བརྟེན་ཤ་བ་ནང་ཁུལ་ལ་མི་མཐུན་པའི་རྩོད་གཞི་ཆུང་ཆུང་བྱུང་བ་ནའང་དེ་དག་ལ་དེ་ཙམ་དོ་སྣང་མ་བྱས་ནས་ལྷོད་གཡེང་བཏང་བ་རེད། རིམ་གྱིས་གནད་དོན་དེ་དག་ཉིན་རེ་བཞིན་ཛ་དྲག་ཅན་ཞིག་ཏུ་གྱུར།
སྐབས་དེར་ཤ་བ་བགྲེས་སོང་རེ་གཉིས་ལྷག་ཡོད་པ་རྣམས་ཀྱིས་སེམས་ཀྱི་མ་བཟོད་ནས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་པའི་བསླབ་བྱ་དུ་མ་གནང་ཡང་ཉན་འཇོག་བྱེད་ཀྱི་མེད། མཐར་ཤ་བ་ཕྱོགས་ཁ་གཉིས་སུ་གྱུར་ནས་ཕན་ཚུན་དགྲ་བོ་མཐོང་བ་ནང་བཞིན་གཅིག་གིས་གཅིག་ལ་དམའ་འབེབས་བྱེད་རེས་ཕྱོགས་ཁ་གཉིས་སུ་གྱུར་སྟེ་ལུང་པ་གཡས་གཡོན་བཟུང་། ཤ་བ་རིག་རྡོའི་འགོ་ཁྲིད་ནས་གཡས་རུ་སྡེ་པ་བཟུང་། ཤ་བ་ལྷ་རྡོའི་འགོ་ཁྲིད་ནས་གཡོན་རུ་སྡེ་པའི་ས་བཟུང་སྟེ་ཕྱོགས་ཕན་ཚུན་བྱས་ནས་བསྡད། སྐབས་དེར་ཤ་བ་བསམ་ཡོད་ཅན་འགའ་ཤས་ཀྱིས་དེ་འདྲ་བྱེད་མི་ཉན་ཞེས་བསླབ་བྱ་མང་པོ་བཤད་ཀྱང་ཆུ་ནང་དུ་རྡོ་གཡུག་པ་ནང་བཞིན་ཉན་འཇོག་བྱེད་མཁན་མ་བྱུང་བ་རེད།
དེ་ནས་བཟུང་སྟེ་ཕྱོགས་ཁ་གཉིས་སུ་གྱུར་ཅིང་དུད་འགྲོ་གཅིག་པ་ཡིན་པས་དྲན་པ་བརྗེད་དེ་གོང་བརྗོད་ལྟར་ཕན་ཚུན་དགྲ་བོ་མཐོང་བ་ཇི་བཞིན་ནང་ཁུལ་ལ་འཁོན་འཛིན་བྱེད། རིམ་གྱིས་ལུང་པ་དེར་ཆར་པ་ཁྱོན་ནས་མ་བབས་པའི་ཕྱོགས་ཕན་ཚུན་གཉིས་ཀ་དཀའ་སྡུག་གི་འོག་ཏུ་འཚོ་སྡོད་བྱེད་དགོས་པའི་གནས་སྟངས་ཐབས་སྡུག་ཏུ་གྱུར། དབྱར་གཞུང་ཚ་བ་ཧ་ཅང་ཆེ་བའི་སྐབས་ལུང་པའི་ཆུ་མིག་ཕལ་ཆེ་བ་སྐམ། ཤ་བ་རྣམས་དཀའ་སྡུག་གི་གནས་སུ་ལྷུང་།
ཤ་བ་རིག་རྡོས་ད་དེ་འདྲ་བསྡད་ན་ཉིན་གཅིག་སྐོམ་ཤི་འཐེབ་པ་འདུག་བསམ་ནས་གཡས་རུ་སྡེ་པའི་ཤ་བ་འགོ་འོག་ཚང་མ་གྲོས་བསྡུར་ཡོང་དགོས་པ་བརྡ་སྦྱར། གཡས་རུ་སྡེ་པའི་ཤ་བ་ཚང་མས་དེ་རིང་རིག་རྡོས་གང་ཞིག་གསུང་རྒྱུ་ཡོད་ན་སྙམ་སྟེ་ཞོགས་པ་རི་རྩེར་ཉི་མ་འཕོག་པ་དང་ཤ་བ་ཚང་མ་སྤང་སྟེང་ལ་འཛོམས་པ་དང་། ཤ་བ་རིག་རྡོས་དབུགས་རིང་ཞིག་བཏང་ནས་ཡ་ཉོན་དང་། བློ་མཐུན་སྤུན་གྲོགས་ཤ་བ་རྣམས་ད་ང་ཚོ་འདི་མུར་འཐུང་ཆུ་མ་བཙལ་ནས་ཆར་པ་འབབ་པའི་རེ་སྒུག་གིས་ཨུ་ཚུགས་བརྒྱབ་ནས་བསྡད་ན་ཉིན་གཅིག་ང་ཚོ་ཚང་མ་ཁ་སྐོམ་ནས་ཤི་བ་འདུག །དེར་བརྟེན་ད་ལྟ་ང་ཚོ་འཐུང་ཆུ་ཞིག་འཚོལ་བར་འགྲོ་དགོས་འདུག་ཅེས་བརྗོད་པ་དང་། ཚང་མས་དེ་བདེན་པར་གོ་ནས་མོས་མཐུན་བྱུང་། ཤ་བ་རིག་རྡོ་དང་རོགས་ལ་ཤ་བ་ན་གཞོན་འགའ་ཤས་ཁྲིད་ནས་ལུང་པའི་སྟོད་སྨད་གང་སར་འཚོལ། མཐར་གཡས་རུ་སྡེ་པ་དང་གཡོན་རུ་སྡེ་པའི་ལུང་མདོར་ཆུ་མིག་གཅིག་ཡོད་པར་མཐོང་། དེར་ཕྱིན་པ་དང་གཡོན་རུ་སྡེ་པའི་ཤ་བ་རྣམས་ཀྱིས་ཆུ་འཐུང་བཞིན་གནས་ཡོད།
གཡས་རུ་སྡེ་པའི་ཤ་བ་རིག་རྡོས་ཁྱོད་རྣམ་པས་ཆུ་བཏུང་ཟིན་ན་ཕར་ཙམ་ཕེབས་དང་ང་ཚོ་ལ་འང་ཆུ་འཐུང་བཅུག་རོགས་ཞེས་ཚིག་འཇམ་པོའི་ཐོག་ནས་སྨྲས། གཡོན་རུ་སྡེ་པའི་ཤ་བ་ལྷ་རྡོས་བརྗིད་ཉམས་དང་བཅས་ཏེ་ཆུ་མིག་འདི་ནི་ང་ཚོ་གཡོན་རུ་སྡེ་པའི་ཆུ་མིག་ཡིན་པ་ལས་ཁྱོད་ཚོར་ཆུ་འཐུང་བའི་ཐོབ་ཐང་མེད་ཚུལ་སོགས་རྙོག་གླེང་དུ་མ་ཞིག་བཤད། གཡས་རུ་སྡེ་པའི་ཤ་བ་རིག་རྡོས་ཁོང་ཁྲོའི་རྣམ་པ་མེད་པའི་ཐོག་ནས་འཛུམ་མདངས་སྟོན་བཞིན་འདི་འདྲ་ཞིག་སྨྲས་སོ།
ལྷ་བླ་མ་ཡི་དམ་མཁའ་འགྲོ་སོགས།།
ད་མི་བྲལ་སྤྱི་བོའི་གཙུག་ཏུ་བཞུགས།།
ས་འདི་ཡི་ས་ངོ་མ་ཤེས་ན།།
ས་དགའ་སྐྱིད་འཛོམས་སའི་སྔོན་མོ་ལུང་།།
གནས་འདི་ལ་གནས་པའི་དུད་འགྲོ་རྣམས།།
སྔོན་སྐལ་པ་བཟང་བའི་ཡར་ཐོག་ལ།།
གནས་འདི་ལ་འཁོར་བའི་དུད་འགྲོ་རྣམས།།
ནང་ཕན་ཚུན་ཞི་བདེའི་བག་ཕེབས་གནས།།
ལོ་བགྲེས་པ་ཐམས་ཅད་རིམ་གྱིས་རྫོགས།།
མནའ་སྔ་མོའི་སྲོལ་ལུགས་རིམ་གྱིས་ཉམས།།
དུས་དེང་སྐབས་བློ་གསར་ན་གཞོན་ལ།།
ད་ཡ་རབས་བཟང་སྤྱོད་ལ་སོགས་པ།།
བྱེད་དགོས་པའི་བསླབ་བྱ་སྐྱོན་མཁན་མེད།།
དེ་མེད་པའི་མ་རབས་ལས་ལ་ཞུགས།།
ནང་ཕན་ཚུན་ཕྱོགས་ཁའི་འཐེན་རེར་བྱེད།།
ད་ཕན་ཐོགས་མེད་པའི་ང་དང་ཁྱེད།།
ནང་ཕན་ཚུན་དགྲ་བོ་ནང་བཞིན་འཛིན།།
ད་དེ་དག་མཐོང་དུས་ཡིད་རེ་སྨུག།།
ད་མ་རྩོད་མ་རྩོད་ཤ་བའི་ཚོགས།།
ནང་ཕན་ཚུན་རྩོད་པ་ཕན་ཐོགས་མེད།།
ད་ང་ཚོ་རིགས་རུས་གཅིག་འགྱུར་ཡིན།།
ད་མཐུན་སྒྲིལ་རྡོག་རྩ་ཆིག་བསྒྲིལ་མཛོད།།
གཏམ་གོ་ན་རྣ་བའི་བུ་རམ་བྱོས།།
ད་མ་གོ་ཚིག་ལ་འགྲེལ་བ་མེད།།
ཅེས་སྨྲས་པ་དང་། ཕྱོགས་རེས་ཀྱིས་མ་བཟི་བའི་ཤ་བའི་ཚོགས་ཀྱི་བདེན་པ་གོ་ཡང་གཡོན་རུ་སྡེ་པའི་ལྷ་རྡོས་མ་འདོད་པའི་རྣམ་འགྱུར་དང་བཅས། གཡོན་ཟུར་གྱི་གད་པར་ར་ཅོ་བདར་ཏེ་ཐལ་འཚུབ་འཕྱུར་རེ་བཟོས། རྔ་མ་གནམ་ལ་འཕྱར་བཞིན་ངར་སྐད་སྒྲོག་སྟེ་འདི་ལྟར་སྨྲས་པ། ཡ་གཡས་རུ་སྡེ་པའི་ཤ་བའི་འགོ་འཛིན་ཤ་བ་རིག་རྡོ། ང་དང་ཁྱོད་ཅེས་རྩོད་མཁན་དང་ཐོག་གཡས་རུ་སྡེ་པའི་ཤ་བ་ཡིན་པ་ལས་ང་ཚོ་གཡོན་རུ་སྡེ་པའི་ཤ་བ་རྣམས་མིན། གཏམ་དཔེ་ལས། རྩྭ་ཞིམ་པོ་གཡང་དཀར་ལུག་གིས་བཟོས། ཁག་ངན་པ་ཚེ་ཚེ་ར་ལ་འཕོག་ཅེས་པ་ལྟར་དང་ཐོག་ལུང་པ་འདིར་འཚོ་སྡོད་བྱེད་མཁན་ནི་གཡོན་རུ་སྡེ་པའི་ཤ་ཚོགས་ཡིན་པ་ལས་ཁྱོད་ཚོ་གཡས་རུ་སྡེ་པའི་ཤ་ཚོགས་མིན། གཡས་རུ་སྡེ་པའི་ཤ་ཚོགས་བགྲེས་སོང་འགའ་ཤས་ཡོང་ནས་གནས་འདིར་ལོ་ཟླ་འགའ་ཤས་སྡོད་བཅུག་རོགས་ཞེས་རེ་སྐུལ་ཞུས་དོན་ལྟར་གཡོན་རུ་སྡེ་པའི་བགྲེས་སོང་འགས་ལོ་ཤས་བསྡད་ན་འགྲིགས་ཀྱི་རེད་ཅེས་བཤད་པ་ལས་གཏན་དུ་བསྡད་ཆོག་པ་གང་ཡང་གསུངས་མེད་ལ། དེ་བཞིན་གཡས་རུ་སྡེ་པའི་ན་གཞོན་འགའ་ཤས་ཀྱི་བག་མེད་ལོངས་སྤྱོད་བྱས་པའི་དབང་གིས་གཡོན་རུ་སྡེ་པའི་རྒན་གཞོན་དུ་མ་ཞིག་གི་སེམས་ལ་རྨ་ཁ་བཟོས་པ་མ་ཚད། དགོས་མེད་ཀྱི་རྩོད་རྙོག་མང་པོ་སློང་རྐྱེན་ནང་ཁུལ་ལ་མི་མཐུན་པ་འདི་བཟོས་སོང་། ད་ནི་ཉེས་འཚབ་ཆེ་བའི་གནས་སྟངས་འགྱུར་དུས་གཞི་ནས་ཁྱོད་ཚོ་མིན་མདོག་མདོག་གི་རྣམ་འགྱུར་སྟོན་པ་ནི་ཁོག་ནས་དགད་མོ་ཤོར་བའི་གནས་སྟངས་ཤིག་ལས་མ་འདས། ང་ཚོ་གཡོན་རུ་སྡེ་པ་ལུང་པོ་འདིར་ཞོ་ལྟར་ཆག་ཡོད་པས་གཡས་རུ་སྡེ་པའི་ཤ་བ་ཚོས་ཁྲག་ལྟར་དཀྲུག་སོང་ཞེས་ཟེར་བཞིན་འདི་ལྟར་ཞིག་སྨྲས་སོ།
བླ་མ་མཆོག་དང་སངས་རྒྱས་ལ།།
ལུས་ངག་ཡིད་གསུམ་གུས་ཕྱག་འཚལ།།
མ་རིག་རྨོངས་པ་ཡོངས་སེལ་ནས།།
ཤེས་རབ་སྣང་བ་བསྩལ་དུ་གསོལ།།
ཉམས་ཉུང་ཤ་བ་ཚོགས་རྣམས་ལ།།
གྲོགས་དང་འཕྲིན་ལས་མ་ཆུང་ཞིག།།
དེ་རིང་འདི་འདུས་ཤ་བའི་ཚོགས།།
མ་གཡེང་རྣ་བའི་དབང་པོ་ཉོན།།
སྔོན་མོ་ལུང་གི་ཆུ་མིག་འདི།།
སྔ་ནས་ད་ལྟའི་བར་དུ་ལ།།
གཡོན་རུའི་ཤ་བའི་བདག་བཟུང་བྱས།།
དེ་ལ་རྙོག་གླེང་བྱེད་མཁན་མེད།།
དེ་རིང་གཡས་རུ་ཤ་ཚོགས་ཀྱིས།།
སྤྱི་ཆུ་ཡིན་པའི་རྣམ་འགྱུར་སྟོན།།
ཧ་ཅང་ཡ་མཚན་སྐྱེས་ནས་བྱུང་།།
གཡས་རུ་ཤ་བ་རྣམ་པ་ཚོ།།
དེ་རིང་མ་གཏོགས་གནས་འདི་ལ།།
འཐུང་ཆུ་བཏུང་བར་མཐོང་མྱོང་མེད།།
སྔ་ནས་ད་ལྟའི་བར་དུ་ལ།།
གཡོན་རུ་སྡེ་པའི་ཤ་ཚོགས་ཀྱིས།།
ངལ་བ་ལྷོད་མེད་འབད་བརྩོན་གྱིས།།
ཆུ་མིག་འདི་ཉིད་བསྲུང་བ་རེད།།
བསྲུང་བའི་དོན་གོ་ཆོད་ནས་འདུག།།
དུད་འགྲོ་དུ་མའི་ཚེ་སྲོག་སྐྱབས།།
ཕན་ཐོགས་རླབས་ཆེན་འདི་ཉིད་བྱུང་།།
གོ་ན་རྣ་བའི་དཀྱིལ་ལ་བཟུང་།།
མ་གོ་གཏམ་ལ་འགྲེལ་བ་མེད།།
ཅེས་བརྗོད་དེ་ཡར་མར་འགྱིངས་འགྲོས་བྱེད་བཞིན་གནས། སྐབས་དེར་གཡོན་རུ་སྡེ་པའི་ཤ་བ་བགྲེས་སོང་མེ་ལྕེས་བསམ་པར་ཤ་བ་ལྷ་རྡོས་ཚིག་ཐལ་ཆེ་དྲག་སོང་དགོངས་ཏེ་ལམ་སང་མགོ་བོ་གཡུག་བཞིན་ཤ་བའི་ཚོགས་ཀྱི་དཀྱིལ་ནས་ཟུར་ལ་འཐོན་ནས་གཟུགས་པོ་དཀྲུག་ཙམ་ཐེངས་འགའ་བྱས། ར་ཅོ་ཤིང་སྡོང་ལ་བདར་ཙམ་བྱས་ཏེ་འཚེར་སྣང་དང་བཅས། ཡ་དེ་རིང་འདིར་ཚོགས་པའི་རང་རེའི་རིགས་རྒྱུད་གཅིག་པའི་ཤ་བའི་སྤུན་གྲོགས་ལྷན་རྒྱས་ལ། བདག་རྒས་པོར་སྦྱང་བའི་ཤེས་བྱ་ཡོན་ཏན་དབེན་པ་དང་། ལྷན་སྐྱེས་ཀྱི་ཤེས་རབས་ཀྱང་དེ་བས་དབེན། འོན་ཀྱང་སྤྱི་ཚོགས་གསར་རྙིང་འགྲེམ་མྱོང་བའི་ཉམས་མྱོང་གི་ཐོག་ནས་ཕྲན་བུ་ཞིག་བརྗོད་ན་ཕན་པ་ལས་གནོད་སྐྱོན་གང་ཡང་ཡོད་རྒྱུ་མ་རེད་སྙམ། དེར་བརྟེན་རང་ཉིད་ཀྱི་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡིན། གནའ་སྔ་མོ་སྔོན་མོ་ལུང་འདི་ནི་ངེད་སྲོག་ཆགས་ཀུན་གྱི་ལོངས་སུ་སྤྱོད་སའི་ཁོར་ཡུག་ཉམས་དགའ་བ་ཞིག་ཡིན་པ་ལས། དེ་སྔོན་ང་དང་ཁྱོད་ཅེས་རྩྭ་ཆུའི་དོན་དུ་རྩོད་རྙོག་གཏན་ནས་བྱུང་མྱོང་མེད། འོན་ཀྱང་དེང་སྐབས་ལུང་པའི་འགྱུར་རྡོག་དང་། ཁོར་ཡུག་གི་གནས་སྟངས་སོགས་ཀྱིས་རྐྱེན་དབང་གིས་ནང་ཁུལ་ལ་གཅིག་མཐུན་མེད་པའི་གནས་སྟངས་འདི་འདྲ་ཡོང་དང་ཡོང་མུས་རེད། དེ་འདྲའི་གནས་སྟངས་འོག་ནས་ང་ཚོ་ཤ་བ་ཕྱོགས་ཁ་གཉིས་སུ་གྱུར་པ་རེད་ལ། དེ་ནས་བཟུང་སྟེ་ང་ཚོ་ནང་ཁུལ་ལ་ང་དང་ཁྱོད་ཅེས་རྩོད་ནས་གཡས་རུ་དང་གཡོན་རུ་ཞེས་གཉིས་སུ་ཁ་བྲལ་བ་རེད། དེས་ང་ཚོར་ཕན་ཐོགས་རྒྱུ་ཚབ་ལ་ང་ཚོར་གནོད་འཚབ་ཆེན་པོ་བྱུང་ཡོད། ད་ལྟ་ཡིན་ནའང་ང་དང་ཁྱོད་ཅེས་འཁོན་འཛིན་བྱེད་རེས་བྱེད་ཀྱི་ཡོད་པས། དེ་ཡག་རྟག་གཅིག་གཏན་ནས་མ་རེད་བསམ་གྱི་ཡོད། དེ་འདྲ་ཕན་ཐོགས་མེད་པར་ནང་ཁུལ་ལ་རྩོད་བསྡད་ན་ཤ་བའི་མཚན་མཐོང་དང་ཆིག་སྒྲིལ་ལ་གནོད་པ་ལས་ཕན་ཐོགས་གང་ཡང་མེད་ཅིང་། དེ་དག་ང་ཚོ་ཚང་མས་ངོས་འཛིན་ཐུབ་པར་བྱེད་དགོས་ཀྱི་འདུག །དེ་མ་གཏོགས་གནས་སྐབས་ཀྱི་འཚོ་བར་བརྟེན་ནས་ཁ་ནས་གང་དྲན་བརྗོད་བསྡད་ན་གོང་བརྗོད་ལྟར་ང་ཚོར་གང་ཡང་ཕན་ཐོགས་མེད། ད་ནི་ཁོར་ཁུག་ལ་འགྱུར་རྡོག་ཆེ་བའི་དབང་གིས་དེང་སྐབས་ལུང་པར་ཆར་པ་མི་འབབ་པ་དང་། ཉིན་རེ་ཚ་བ་ཆེ་རུ་གྱུར་ནས་སྲོག་ཆགས་ཀུན་ལ་འཐུང་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད། འོན་ཀྱང་ང་ཚོ་ཚང་མས་དཀའ་ངལ་ལ་གདོང་ལེན་བྱེད་པའི་དུས་སྐབས་ཤིག་རེད། ད་ནི་ང་ཚོ་ཚང་མའི་ང་དང་ཁྱོད་ཅེས་ཕན་ཐོགས་མེད་པའི་རྩོད་རྙོག་དེ་དག་མཚམ་འཇོག་གནང་ནས་སྐལ་པ་ཡར་ཐོག་ནང་བཞིན་གཅིག་མཐུན་མཉམ་གནས་དང་། ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་ནས་ཆིག་སྒྲིལ་བྱེད་ཐུབ་ན་ཕན་ཐོགས་ཆེ་བ་འདུག་སྙམ། ང་ཚོ་ཚང་མར་བདེ་སྐྱིད་དགོས་ན་སྤུན་ཟླའི་འདུ་ཤེས་འཛིན་ནས་མདུན་སྐྱོད་བྱེད་དགོས། དེ་ནས་ང་ཚོ་འཇིག་རྟེན་འདིའི་སྟེང་ལ་ཚོར་གནས་བྱེད་ཐུབ། དེ་མ་གཏོགས་ང་དང་ཁྱོད་ཅེས་རྩོད་བསྡད་ན་ང་ཚོའི་མཐའ་ཐུག་གི་དམིགས་ཡུལ་ནམ་ཡང་བསྒྲུབ་མི་ཐུབ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་ཚང་མས་འགན་མཉམ་འཁུར་གྱི་ཐོགས་ནས་ཆིག་སྒྲིལ་གྱི་མདུན་སྐྱོད་བྱེད་དགོས་ཞེས་བརྗོད་པ་དང་། གཡོན་རུ་སྡེ་པའི་ཤ་བ་གཞན་རྣམས་ཀྱི་ཅི་ཡང་མ་སྨྲས་པ་ཁོ་རོག་བསྡད།
གཡོན་རུ་སྡེ་པའི་འགོ་ཁྲིད་ཤ་བ་ལྷ་རྡོའི་སེམས་ལ་མ་འབབ་པའི་རྣམ་འགྱུར་དང་བཅས། ཡ་འདི་ཡོད་ཤ་བ་རྒན་གཞོན་ཕོ་མོ་རྣམས་ལ་ཞུ་རྒྱུ། ཆུ་མིག་འདི་ནི་ངེད་གཡོན་རུ་སྡེ་པའི་ཤ་བ་རྣམས་ཀྱི་ཡིན་པ་ལས། གཡས་རུ་སྡེ་པའི་ཤ་བས་མིན། བགྲེས་སོང་མེ་ལྕེས་བཤད་པར་རྒྱུ་མཚན་འདུག །ཡིན་ནའང་ཆུ་མིག་འདི་ནི་གཡོན་རུ་སྡེ་པའི་སྔ་ནས་ཡིན་ལ་ད་ལྟ་ཡང་ཡིན། མཆོད་རྟེན་འགོ་ལོག་ཀྱང་བམ་རིམ་སྐེད་པར་གནས་ཡོད། དེར་བརྟེན་ས་ལ་ས་བདག་དང་། ཆུ་ལ་ཆུ་བདག་ཡོད་པས་དོན་མེད་གཡས་རུ་སྡེ་པའི་ཤ་བ་རྣམས་ཀྱི་ང་ཚོར་བརྙན་བཅོས་མ་བྱེད། སོ་སོའི་གནས་ཡུལ་ལ་ཕྱིན་ན་དགའ་ཡི་རེད་ཟེར། གཡས་རུ་སྡེ་པའི་ཤ་བས་ཅི་ཡང་མ་སྨྲས་པ་ཙུག་པུ་བསྡད།
དེ་ནས་ཤ་བ་རིག་རྡོས་མགོ་བོ་སྒུར་ཙམ་ཐེངས་འགའ་བྱས་ཏེ་འདི་འདྲ་མ་བརྗོད་ང་ཚོ་ནི་ཤ་ཕྲག་གཅིག་གི་གདོང་རྒྱུད་ཡིན་ཚུལ་སོགས་ཚིག་འཇམ་ཐོག་ནས་བརྗོད་ཀྱང་དེ་ལས་ལྡོག་སྟེ་ཤ་བ་ལྷ་རྡོ་ཁྲོ་བས་རྣམ་འགྱུར་ཐོག་དེ་འདྲ་གཏན་ནས་ཡོང་གི་མ་རེད་ཟེར། དེ་ནས་ཤ་བ་རིག་རྡོ་ཁོང་ཁྲོ་ལངས་ནའང་བཟོད་སྒོམ་བྱས་ཏེ། ཡ་ཤ་བ་ལྷ་རྡོ་དེ་འདྲ་མ་བརྗོད། ང་ཚོ་ཚང་མ་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་མཁན་གཅིག་གྱུར་ཡིན། ལྷག་དོན་ཆུ་མིག་འདིའི་བདག་དབང་རྩོད་ཀྱི་མེད་ལ། ང་ཚོར་ཆུ་བཏུང་བཅུག་རོགས་བྱོས་ཞེས་བརྗོད་ཀྱི་ཡོད། མ་ཟད་ཆུ་མིག་ཁྱོད་ཚོའི་ཡིན་པས་དཔང་རྟགས་ཅི་ཞིག་བཏོན་རྒྱུ་ཡོད་ཅེས་སྨྲས་པ་དང་། དེ་ནས་རིམ་གྱིས་གཡས་རུ་སྡེ་པའིི་ཤ་བ་རྣམས་ཀྱང་ཁོང་ཁྲོ་ལངས་ཏེ་ཙག་ཙིག་གི་སྒྲ་མང་པོ་སྒྲོག་པ་དང་། མཐར་གཡོན་རུ་སྡེ་པའི་ཤ་བ་རྣམས་ཀྱི་ད་རང་ཚུགས་ཟིན་ན་དགའ་ས་རེད་སྙམ་སྟེ་ཆུ་མིག་འཁྲིས་ནས་ཕྱིར་འཐེན་བྱས། དེ་ནས་གཡས་རུ་སྡེ་པའི་ཤ་བ་རྣམས་ཀྱིས་སྐོམ་མ་སེལ་བར་དུ་ཆུ་བཏུང་། སྐོམ་པ་སེལ་རྗེས་རི་གཤོངས་རྒྱུད་དེ་རྩྭ་ཟ་བཞིན་བསྡད། རིམ་གྱིས་མཁའ་དབྱིངས་ལ་ཆུ་འཛིན་མཁྲེགས་ཤིང་། གཉིས་སྐྱེས་ཚོགས་ཀྱིས་སྒྲ་དབྱངས་སྣ་ཚོགས་ཤིག་སྒྲོག་ནས་གཤོག་འགྱུར་གྱིས་ལྡིང་སྐོར་བྱེད། རིམ་པས་ཆར་པ་སིམ་སིམ་བབས་པ་དང་། གཡས་རུ་སྡེ་པའི་ཤ་བ་རྣམས་དགའ་སྐྱིད་ཀྱི་རི་ངོས་མཆོང་རྒྱུག་བྱེད་བཞིན་གནས། ཆར་པ་རྒྱུན་ཆད་མེད་པ་བབས་པའི་དབང་གིས་འཐུང་ཆུའི་དཀའ་ངལ་ཡོངས་སུ་སེལ་བར་གྱུར།
དེ་ནས་བཟུང་སྟེ་ཤ་བ་རྣམས་རང་རང་སོ་སོའི་འདོད་མོལ་ལྟར་རྩྭ་ཆུར་རོལ་བཞིན་གནས། ཉིན་གཅིག་ཤ་བ་རིག་རྡོ་དང་མ་བུ་རྣམས་ཁྲིད་ནས་རིང་གདོང་ཞིག་ནས་རྫ་རྩྭ་ཟ་བཞིན་པའི་སྐབས། གློ་བུར་གཡོན་ཕྱོགས་ནས་གློག་དམར་འཁྱུག་པ་ལྟར་གཟིག་ཅིག་གིས་མཆོང་ཡོང་བ་དང་། ཤ་བ་རྣམས་བསམ་རྒྱུ་དྲན་རྒྱུ་མེད་པའི་ཐོག་ནས་སྲོག་མགོ་གང་མཐོན་གྱིས་བྲོས་ཕྱིན། སྐབས་དེར་སྟབས་མ་ལེགས་པ་ཞིག་ལ་ཤ་བ་རིག་རྡོ་རི་ངོས་ནས་གཡང་རོང་དུ་ལྷུང་སྟེ་དྲན་མེད་དུ་བརྒྱལ། གཡོན་རུ་སྡེ་པའི་ཤ་བ་ལྷ་རྡོས་མཐོང་བ་དང་། ལམ་སང་འཁོན་འཛིན་ཅི་ཡང་མེད་པར་ཤ་བ་རྣམས་སྐད་བཏང་སྟེ་རིག་རྡོ་སྐྱོབས་ཐབས་བྱས། རིག་རྡོ་ནི་དྲན་མེད་དུ་བརྒྱལ་ཡོད་པ་དང་། རིམ་གྱིས་དྲན་པ་སོས་པ་དང་། ང་འདིར་གང་འདྲ་བྱས་ནས་བསླེབས་པ་རེད་དམ་ཞེས་ཧོན་ཐོར་བའི་རྣམ་པ་འདྲ་ཞིག་བྱས་ཏེ་སྨྲས། ལྷ་རྡོས་གནས་སྟངས་ཚང་མ་བཤད་རྗེས་དེ་སྔོན་གྱི་གནས་སྟངས་དེ་དག་ཡིད་ལ་འཁོར་ནས་གནོང་འགྱོད་དང་བཅས་ཏེ་གཟུགས་པོ་འཁྱོལ་འཁྱོལ་ངང་ལངས་ཏེ་གཡོན་རུ་སྡེ་པའི་ཤ་བའི་ཚོགས་ཀྱི་མདུན་དུ་མགོ་བོ་མདུད་དེ་བཟོད་གསོལ་འདི་ལྟར་ཞིག་སྨྲས་སོ།
མ་དང་མཁའ་འགྲོའི་སྲུང་མའི་ཚོགས།།
དེ་རིང་ཤ་བའི་ཁ་འཛིན་མཛོད།།
ས་སྐྱིད་ལྡན་པའི་ཡུལ་ལྗོངས་ལ།།
དགའ་བདེའི་ངང་ནས་འཚོ་བར་རོལ།།
གནས་སྐབས་བདེ་བར་མགོ་བོ་འཁོར།།
འོན་ཀྱང་གློ་བུར་གཅན་གཟན་སླེབས།།
ཟ་འདོད་ཆེ་བའི་ངར་སྒྲ་སྒྲོག།།
མཆེ་བ་བརྩེགས་ཤིང་གློག་དམར་ལྟར།།
སྐད་ཅིག་ཉིད་དུ་མདུན་ལ་སླེབས།།
སྲོག་མགོ་གང་མཐོན་ཐམས་ཅད་བྲོས།།
འགའ་ཤས་རི་བོ་རྩེ་ལ་བྲོས།།
འགའ་ཤས་ཆུ་བོ་གཞུང་ལ་བྲོས།།
འགའ་ཤས་སྤང་ལྗོངས་སྟེང་ལ་བྲོས།།
འགའ་ཤས་ཤིང་ནགས་གསེང་ལ་བྲོས།།
ཐམས་ཅད་སྲོག་མགོ་གང་མཐོན་བྲོས།།
ཤ་ཚོགས་ཁ་མཐོར་དགུ་མཐོར་གྱུར།།
ང་རང་ཞེད་ཅིང་རི་ངོས་བྲོས།།
སྐད་གཅིག་གཡང་རོང་སྟེང་ནས་ལྷུང་།།
ཅི་བྱས་མེད་པར་དྲན་མེད་བརྒྱལ།།
འོན་ཀྱང་ཤ་བ་ལྷ་རྡོ་གཙོས།།
ང་ཡི་ཚེ་སྲོག་སྐྱབས་ཐབས་མཛད།།
བཀའ་དྲིན་ཆེ་བོ་ཤ་བ་ཚོགས།།
དེ་སྔོན་མ་དག་བྱས་པ་རྣམས།།
བཟོད་གསོལ་སྙིང་ནས་ཡང་ཡང་ཞུ།།
ཞེས་བརྗོད་དེ་དལ་གྱིས་ལངས་ཏེ་འགྲོ་གྲབས་སྐབས་གཡོན་རུ་སྡེ་པའི་ཤ་ཚོགས་དཀྱིལ་ནས་ཤ་བ་ལྷ་རྡོ་ཅུང་ཙམ་ཟུར་ལ་འཐོན་ནས། སུག་ལག་ལྡབ་ཙམ་ཐེངས་འགའ་བྱས། རྔ་མ་དགུང་ལ་འཕྱར་ཙམ་དང་། ར་ཅོས་གད་པ་རྡུང་ཙམ་ཐེངས་འགའ་བྱས་ཏེ། བཅོས་སླད་མེད་པའི་རྣམ་འགྱུར་དང་བཅས་ཏེ་འདི་ལྟར་སྨྲས་སོ། །
རི་དྭགས་ཚོགས་ཀྱི་ལྷ་ཚོགས་རྣམས།།
དེ་རིང་ཤ་བའི་ཁ་འཛིན་མཛོད།།
ས་འདི་ས་ངོ་མ་ཤེས་ན།།
སྔོན་མོ་ལུང་པའི་ཡུལ་ལྗོངས་རེད།།
ང་དང་ང་ངོ་མ་ཤེས་ན།།
གཡོན་རུ་ཤ་བ་ལྷ་རྡོ་ཟེར།།
དེ་ནས་ཉོན་དང་རིག་རྡོ་ཁྱོད།།
ང་ཚོ་ཤ་ཕྲག་གཅིག་གི་རྒྱུད།།
དགོངས་དག་ཐུགས་བདེ་ཞུ་མ་དགོས།།
ཕན་ཚུན་དཀའ་ངལ་འཕྲད་དུས་སུ།།
རོགས་པ་བྱ་རྒྱུ་ཀུན་གྱིས་འགན།།
དེར་བརྟེན་ཐུགས་རྗེ་ཞུ་དགོས་མ་དགོས།།
ད་ལྟ་གཟུགས་པོ་མ་དྲག་པའི།།
ཞག་ཤས་འདི་ལ་བསྡད་ན་བསམ།།
དེ་མིན་ད་ལྟ་སོང་བ་ན།།
ན་ཚ་སྡུག་ཏུ་འགྲོ་བ་ངེས།།
དེ་ལུགས་ཁྱོད་ཀྱི་ཐུགས་བསམ་མཛོད།།
ཅེས་སྨྲས་པ་དང་། ཤ་བ་རིག་རྡོས་དེ་ཡང་བདེན་པ་རེད་གོ་ནས་དེར་ཉིན་ཤས་བསྡད། རིག་རྡོ་ཞག་ཤས་བསྡད་པའི་རིང་ལ་གཡོན་རུ་སྡེ་པའི་ཤ་བ་རྣམས་ཀྱིས་གང་ཡོང་ལྟ་རྟོག་བྱས་པས། ཤ་བ་རིག་རྡོ་ལ་སེམས་མགུ་ཆེན་པོ་ཞིག་འཐེབ་པ་རེད། མཐར་རིག་རྡོ་ན་ཚ་དྲག་སྐྱེད་བྱུང་བ་དང་བསྟུན་གཡས་རུ་སྡེ་པའི་ས་ཕྱོགས་ལ་འགྲོ་རྩིས་བྱས་པ་དང། གཡོན་རུ་སྡེ་པའི་ཤ་བ་རྣམས་ཀྱི་ཕེབས་སྐྱེལ་བྱས། ཞོགས་པ་ཉི་མ་རི་རྩེ་ཤར་བ་དང་རིག་རྡོ་ལངས་ཏེ་རིམ་གྱིས་རི་གདོང་རྒྱུད་ནས་དལ་གྱིས་སོང་བ་དང་། གཡས་རུ་སྡེ་པའི་ཤ་བ་རྣམས་ཀྱིས་ཤ་བ་རིག་རྡོ་གཟིག་གིས་བསད་ཚར་བ་ཡིན་ཤག་བྱས་ཏེ་བསྡད་དེ་ཚང་མ་སེམས་སྡུག་གིས་གནས་སུ་ལྷུང་ཡོད། ཞོགས་པ་ཉི་མ་རི་རྩེ་འཕོག་པ་དང་། གཡས་རུ་སྡེ་པའི་ཤ་བ་རྣམས་ལངས་ཏེ་ཞོགས་ཟས་ཟ་བཞིན་པའི་སྐབས་གློ་བུར་མ་གེར་རི་གདོང་ནས་ནག་རིལ་གཅིག་དལ་གྱིས་ཡོང་བ་མཐོང་བ་དང་། གཡས་རུ་སྡེ་པའི་ཤ་བ་རྣམས་ཀྱིས་ཡང་གཅན་གཟན་ཡིན་ནམ་སྙམ་ནས་ཚང་མ་རྣ་ཅོག་དཀྲོང་དཀྲོང་བྱས་ནས་བལྟས་ནས་བྲོས་ཆོག་བྱས་ནས་བསྡད། ཤ་བ་སྙིང་ཁམས་ཆུང་བ་རྣམས་ཤིང་ནགས་གསེང་ལ་བྲོས་ཕྱིན། རིམ་གྱིས་ཐག་ཇེ་ཉེ་སླེབས་པ་དང་། དེ་ནི་གཞན་སུ་ཞིག་མ་ཡིན་པ་ཤ་བ་རིག་རྡོ་ཡིན་པ་ཤེས་རྗེས་ཤ་བ་ཚང་མ་འཛོམས་ནས་དགའ་སྤྲོའི་ཕེབས་བསུ་ཞུས། ཤིང་ནགས་གསེང་ལ་བྲོས་ཕྱིན་པ་རྣམས་ཀྱང་འདུར་རྒྱུགས་ཀྱིས་ཡོང་སྟེ་ཤ་བ་རིག་རྡོའི་མདུན་དུ་བཅར།
དེ་ནས་ཤ་བ་རིག་རྡོས་གཅན་གཟན་གཟིག་གིས་རྗེས་དེད་བཏང་ནས་གཡང་རོང་ནས་ལྷུང་སྟེ་དྲན་མེད་དུ་བརྒྱལ་བ་དང་། གཡོན་རུ་སྡེ་པའི་ཤ་བ་ལྷ་རྡོས་མཐོང་སྟེ་ལམ་སང་ཚེ་སྲོག་སྐྱོབས་ཐབས་གནང་བ་དང་། ང་དྲན་པ་སོས་དུས་རྩྭ་སྟེང་ལ་བཞག་འདུག །གཡས་གཡོན་ལ་གཡོན་རུ་སྡེ་པའི་ཤ་བ་རྣམས་སེམས་སྐྱོ་ནས་མིག་ཆུ་འཁོར་བཞིན་ང་ཚེ་སྲོག་སྐྱོབས་ཐབས་བྱེད་བཞིན་འདུག་ཅིང་། དེ་དག་མཐོང་དུས་དེ་སྔོན་གྱི་སེམས་ནང་གི་འཁོན་འཛིན་གྱི་ལྟ་སྟངས་དེ་དག་ནོར་འདུག་སྙམ་པའི་སེམས་ནང་བརྗེད་མི་ཐུབ་པའི་སེམས་ཚོར་དྲག་པོ་ཞིག་སྐྱེས་བྱུང་། གཡོན་རུ་སྡེ་པའི་ཤ་བ་རྣམས་ལ་ངས་སེམས་གཏིང་ནས་བཟོད་གསོལ་ཞུས་པ་ཡིན། ཞེས་ཡིད་སེམས་འགུལ་བའི་གཏམ་དེ་དག་སྨྲས་པས། ཤ་བ་ཚང་མའི་ཅི་ཡང་མི་ལབ་པར་དཀྲོང་ངེར་ལངས། ཤ་བ་རིག་རྡོས་ང་ཚོའི་གཡོན་རུ་སྡེ་པའི་ཤ་བ་རྣམས་ལ་ལྟ་སྟངས་དེ་དག་ནོར་འདུག་ཅིང་། ད་ནས་བཟུང་སྟེ་དེ་དག་ངེས་པར་ང་ཚོ་གཡས་རུ་སྡེ་པའི་བསྒྱུར་བཅོས་གནང་དགོས་ཀྱི་འདུག །ལྷག་པར་ང་ཚོ་ཚང་མ་ཤ་ཕྲག་གཅིག་ལས་མཆེད་པའི་རིགས་རྒྱུད་བཅོས་སླད་མེད་པ་ཡིན་པས། ང་ཚོ་ཕན་ཚུན་སྤུན་གྲོགས་ཀྱི་འདུ་ཤེས་འཛིན་ནས་དགའ་ན་མཉམ་དགའ་དང་སྡུག་ན་མཉམ་སྡུག་བྱེད་དགོས་པ་ལས། གནས་སྐབས་ཀྱི་གནས་ཚུལ་རགས་པ་ཙམ་ཞིག་གིས་རྐྱེན་བྱས་ཏེ་ང་ཚོ་ནང་ཁུལ་ལ་མ་མཐུན་པ་བྱུང་བ་ནི་ཧ་ཅང་གི་བློ་ཕམ་གྱི་རང་བཞིན་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོ་ཚང་མ་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་སོགས་བཤད།
དེ་ནས་ཤ་ཚོགས་ཀྱི་དཀྱིལ་ནས་ཤ་བ་བགྲེས་སོང་ཞིག་ཟུར་ལ་ཐོན་ནས་རྐང་ལག་བརྐྱང་ཙམ་བྱས་ཏེ། སེམས་ཧ་ཅང་དགའ་བའི་ཚུལ་གྱིས་མགོ་བོ་བཀྱག་ཙམ་བྱས་ཏེ་འདི་ལྟར་སྨྲས་སོ།
བླ་མ་ཡི་དམ་མཁའ་འགྲོ་སོགས།།
མི་བྲལ་སྤྱི་བོའི་གཙུག་ཏུ་བཞུགས།།
ཉམ་ཆུང་ཤ་བའི་ཚོགས་རྣམས་ལ།།
ཐུགས་རྗེའི་མ་ཆུང་གཟིགས་པར་མཛོད།།
དེ་རིང་རྒད་པོས་ཚིག་གསུམ་ཞུ།།
སྔ་མོ་སྔར་གྱི་དུས་ཚོད་ལ།།
གཡས་རུ་གཡོན་རུ་ཟེར་བ་མེད།།
ཕན་ཚུན་མཉམ་འགྲོ་མཉམ་འདུག་རེད།།
ང་དང་ཁྱོད་ཅེས་རྩོད་པ་མེད།།
རིམ་གྱིས་འཕོ་འགྱུར་སྣ་ཚོགས་ཀྱིས།།
ང་དང་ཁྱེད་ཅེས་རྩོད་པ་བྱུང་།།
ནང་ཁུལ་མ་མཐུན་ཕྱོགས་གཉིས་གྱུར།།
དེ་ནས་བཟུང་སྟེ་འཁོན་འཛིན་གྱིས།།
རྟག་ཏུ་ནང་དམེ་ཁོ་ནར་གནས།།
ད་ལྟའི་བར་དུ་དེ་ལྟར་གནས།།
ད་རིང་ཤ་བ་རིག་རྡོ་ལ།།
དཀའ་ངལ་འཕྲད་དུས་གཡོན་སྡེ་ཡིས།།
རོགས་པ་གང་ཐུབ་ཚེ་སྲོག་སྐྱབས།།
དེ་ཡི་ག་རེ་མཚོན་ཟེར་ན།།
ཚང་མ་སྤུན་གྲོགས་ཡིན་པ་དང་།།
དེ་ཉིད་མཚོན་པའི་རྟགས་མཚན་ཡིན།།
དེར་བརྟེན་ཤ་བའི་ཚོགས་རྣམས་ལ།།
ད་ནི་དགོངས་བཞེས་ལེགས་མཛད་ནས།།
མཐུན་ལམ་ཆིག་སྒྲིལ་མཛད་དགོས་སོ།།
ཞེས་སོགས་སྨྲས་པ་དང་། གཡས་རུ་སྡེ་པའི་ཤ་བ་རྒན་གཞོན་བར་གསུམ་ཚང་མའི་སེམས་ལ་འགྱུར་བ་ཆེན་པོ་ཞིག་འཐེབ་ནས་གཡས་རུ་སྡེ་པའི་ཤ་བ་ཚང་མའི་བགྲེས་སོང་ཁོང་གི་ངོ་གདོང་ལ་དཀྲོང་ངེར་བལྟས་ནས་བསྡད། དུས་དེ་ནས་བཟུང་སྟེ་ཤ་བ་རྣམས་ཕྱོགས་ཕན་ཚུན་དབྱེ་འབྱེད་མེད་པར་གཅིག་མཐུན་མཉམ་གནས་ཐུབ་པར་བྱུང་བ་དང་། སྐབས་རེར་ལུང་པ་དེར་གཅན་གཟན་དེ་འདྲ་གློ་བུར་དུ་སླེབས་ནས་ཤ་བ་རྣམས་བསད་གྲབས་སྐབས་ཤ་བ་ཚང་མས་བློ་རྩེ་གཅིག་བསྒྲིལ་གྱིས་ཁ་གཏད་གཅོག་སྐབས་གཅན་གཟན་རྣམས་ཞེད་ནས་བྲོས་དགོས་འགྱུར་གྱི་ཡོད་པས། ཤ་བ་རྣམས་སྲོག་མགོ་མཐོན་གྱི་ཡོད་པ་རེད། གཏམ་དཔེ་ལས། བློ་སེམས་གཅིག་ཏུ་མཐུན་ན་རི་རབས་ཡིན་ཡང་སྤོ་ཐུབ་ཅེས་པ་ལྟར་རེད། དུས་དེ་ནས་བཟུང་སྟེ་སྔོན་མོ་ལུང་པའི་ཤ་བ་རྒན་གཞོན་བར་གསུམ་ཚང་མ་གཅིག་མཐུན་མཉམ་གནས་ཀྱིས་བྱུང་བ་དང་བསྟུན་ཏེ་སྔོན་མོ་ལུང་པ་ལ་ཆར་ཆུ་དུས་སུ་བབ་པ་དང་། ལོ་ལེགས་ཕུན་སུམ་ཚོགས་བྱུང་སྟེ་བདེ་སྐྱིད་ཀྱི་ངང་ནས་ཚོར་བར་རོལ་བྱུང་ནས་ལུང་པ་གཞན་གྱི་མིག་དཔེ་ལྟ་སའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་པ་རེད་དོ། ། ཞེས་པ་འདི་ནི་བཅོ་ལྔ་མཆོད་པའི་ཉིན་མོར་མཇུག་རྫོགས་པ་བྱས་སོ། ཆབ་མདོ་ངག་ཕུན་གྱིས།
་་་་་་་་་ དེ་འདྲའི་ཡུལ་ལྗོངས་སྟེང་ལ་ཤ་བ་དང་། གླ་བ། རྐྱང་། རྟ་དང་རྟེའུ། འབྲི་དང་གཡག །མཛོ་དང་མཛོ་མོ། བ་མོ་གླང་། ར་དང་རེའུ། ལུག་དང་ལུག་གུ་སོགས་རྩྭ་ཆུར་རང་དབང་ཞི་བདེའི་ངང་ནས་རོལ་གྱི་ཡོད།
འོན་ཀྱང་སྐབས་རེ་གཅན་གཟན་གཟིག་དང་། འཕར་ར། སྤྱང་ཀི། དྲེད་མོང་། དོམ་སོགས་གློ་བུར་དུ་ཡོང་ནས་རྩྭ་གཟན་དུད་འགྲོའི་ལྷིང་འཇགས་སྤྲོག་གི་ཡོད། ་་་་་་་་་་་་་་
་
ངས་རོལ་བགྱིད་ཡོད་འབྲི་བགྱིན་ཡོད། ཧ་ཧ། སུས་ཁས་བླངས།། །།
རྩོམ་བྲིས་ལེགས་པ་ལ་དགའ་བསུ་ཞུ། ང་ལ་བྱ་དགོས་པ་མང་བས། ལོང་མེད་ཀྱང་། བོད་ཀྱི་མཁས་པས་བྲིས་པའི་མིང་ཚིག་དང་། བྱ་ཚིག་རེ་གཉིས་རང་གི་འདོད་ཚུལ་ནི།
བ་མོ་གླང་། ཞེས་པར། བ་དང་གླང་། ར་ཅོས་གད་པ་རྡུང་ཙམ་ཐེངས་འགའ་བྱས་ཏེ། ཞེས་པརར་ཅོས་གད་པ་རྡུང་ཙམ་ཐང་འགའ་བྱས་ཏེ། ཞེས་པར་སྤྱོད་འཇུག་ལེའུ་དང་པོའི་ཚིགས་བཅད་ལྔ་པར་གཟིགས་གྲོགས།
ཤེས་རབ་སྣང་བ་བསྩལ་དུ་གསོལ། དིང་དུས་ཀྱི་ཚིག་མཛོད་དག་གི་ཤན་ཞུགས། སྔར་གྱི་མཁས་པ་དག་གི་དཔེ་དག་པ་རྣམས་ན། སྩོལ། སྩལ། སྩལ། སྩོལ། ཅེས་སོ། བསྩལ། ཅེས་པ་ནི། སྩེལ་གྱི་འདས་ཚིག་ཏུ་བཀོད་པར མཐོང་། སྩེལ་ཞེས་པ་སེལ་ཞེས་བརྡ་གསར་རྙིང་གི་ཁྱད་པར་འབྱེད་པ དག་ཡིག་ལི་ཤིའི་གུར་ཁང་ན་མཆིས།
ཟ་འདོད་ཆེ་བའི་ངར་སྒྲ་སྒྲོག།། འདིར། སྒྲོགས། སའི་ཡང་འཇུག་དགོས། འབྲུག་ལྟར་ཆེར་སྒྲོགས། ཞེས་དང་། ཡང་འཇུག་ས་མེད་ན། སྡོམ་བྱེད་ལ་འཇུག་སྟེ། ལྕགས་སྒྲོག ཅེས་པ་ལྟ་བུའོ།
བདག་གི་ཡིག་ནོར་དག་ལ་ཞུས་དག་མཛོད།
ལ་དྭགས་འཇམ་དཔལ་ལགས་ཀྱི་ལམ་སྟོན་གནང་བར་བཀའ་དྲིན་ཆེ་གནང་།
རྒྱལ་གཅེས་པ་དོན་གྲུབ་དབང་ཆེན་ལགས་ཀྱིས།
https://www.facebook.com/voatibetan/videos/1604790432890069/?hc_ref=ARRyagTXYolL6ev5ZKRFYZ6i9SJ7KOgI4Qe1v_6i9gucR5rxCgmot42bbmInZmrtxUE&fref=gs&dti=372268546551837&hc_location=group