ཨཱཙཱརྱ་ཨག་ལོད་ཀྱིས།
མཛེས་ལྡན་བྱམས་པའི་བཞིན་རས། །
ཡུད་ཙམ་མཇལ་རྒྱུ་བྱུང་ན། །
ཚེས་བཟང་བཅོ་ལྔའི་དུང་ཟླ། །
མ་མཇལ་ན་ཡང་ཆོག་གི །
དམར་པོ་སྐག་གི་མཆུ་སྒྲོས། །
ཡུད་ཙམ་གཡོ་རོགས་བྱས་ན། །
བིམ་མའི་ཤིང་འབྲས་དམར་པོ། །
མ་འགུལ་ན་ཡང་ཆོག་སོང་། །
སྤྱན་ཟུང་ཟུར་མིག་ཀེམ་ཀེམ། །
ཡུད་ཙམ་འཕེན་རོགས་བྱས་ན། །
ཉི་མ་ཟླ་བའི་འོད་ཞགས། །
མ་འཕེན་ན་ཡང་ཆོག་སོང་། །
དཀར་འཇམ་ལུས་ཀྱི་རེག་བྱ། །
ཡུད་ཙམ་མྱོང་རྒྱུ་བྱུང་ན། །
ལྷོ་ཕྱོགས་མ་ལཱི་རླུང་གཞོན། །
མ་ལྡང་ན་ཡང་ཆོག་སོང་། །
ཚེ་འདི་མི་ཡུལ་གླིང་དུ། །
འུ་གཉིས་གཤིབ་རྒྱུ་བྱུང་ན། །
ཕྱི་མ་དག་པའི་གླིང་དུ། །
མ་མཇལ་ན་ཡང་ཆོག་སོང་། །
བྱམས་པ་སྐུ་གཟུགས་ལྡེམ་ལྡེམ། །
ཐེངས་གཅིག་འཁྱུད་རྒྱུ་བྱུང་ན། །
ཙ་རིས་སྨྱུག་མའི་སྡོང་པོར། །
འཐམ་རྒྱུ་མེད་ཀྱང་ཆོག་སོང་། །
བརྩེ་དུང་རླབས་ཀྱི་ཕྲེང་བ། །
སེམས་ཀྱི་མཚོ་ཁར་འཕྱུར་ན། །
ཞི་བདེ་རྒྱ་མཚོ་ཆེན་པོར། །
བསྐྱོད་རྒྱུ་མེད་ཀྱང་ཆོག་སོང་། །
ཉི་ཟླ་མཁའ་ནི་ཤར་ཤར། །
སེམས་སུ་བརྩེ་བ་ཤར་ན། །
མཁའ་མཐའ་སྔོན་མོའི་གསང་གསང་། །
སྤྲིན་གྱིས་སྒྲིབ་ཀྱང་ཆོག་གོ །
དཔེ་གསར་ལྭ་བའི་མཛེས་རྒྱན། །
སེམས་ཀྱི་ཟབ་སར་འཐིམས་སོང་། །
ཕྱུ་བ་གོས་ཆེན་འབྲུག་རིས། །
མ་གོན་ན་ཡང་ཆོག་སོང་། །
ཚེམས་ཕྲེང་དཀར་པོའི་རུ་སྒྲིག །
ཡུད་ཙམ་བསྟན་རོགས་བྱས་ན། །
ཀེ་ལ་ཤ་ཡི་མུ་ཁྱུད། །
སྐོར་རྒྱུ་མེད་ཀྱང་ཆོག་སོང་། །
མཛེས་ལྡན་བྱམས་པ་ཁྱེད་རང་། །
སེམས་པའི་རྟེན་དུ་བྱུང་ན། །
ཇོ་བོ་ཤཱཀྱ་མུ་ཎི། །
རྟེན་དུ་མེད་ཀྱང་ཆོག་སོང་། །
རྒྱ་སྐད་དྭངས་མའི་གསུང་འགྲོས། །
རྣ་བའི་བདུད་རྩིར་འཐིམས་སོང་། །
ཕ་སྐད་གཙང་མའི་གླེང་མོལ། །
མ་བྱུང་ན་ཡང་ཆོག་གི །
ཤང་ཤང་སྐྲ་ལོའི་ལན་བུ། །
འཕོངས་ཟུར་སྟེང་ནས་མཐོང་བྱུང་། །
དལ་འཇམ་གངྒཱའི་བཞུར་རྒྱུན། །
མ་མཐོང་ན་ཡང་ཆོག་གི །
དེང་དུས་འབྱུག་པའི་དྲི་ཞིམ། །
ཕྱོགས་དང་མཚམས་ནས་འཐུལ་བྱུང་། །
སྲོལ་རྒྱུན་འབྲོག་མོའི་ལུས་དྲི། །
མ་ཐུལ་ན་ཡང་ཆོག་སོང་། །
སརྦམངྒལཾ།
བཅོ་ལྔ་མཆོད་པའི་ཉིན།
ཨཱཙཱརྱ་འུ་ཐུག་ཐག་ཆོད་པ་འདྲ། འདི་སྣང་གི་བདེ་བ་ཕྲན་བུ་ཞིག་གི་ཆེད་གཏན་གྱི་མདུན་ལ་ཡོངས་རྫོགས་བློས་བཏང་རེད་འདུག འདིར་དམར་པོ་སྐག་གི་མཆུ་སྒྲོས་ཞེས་པའི་སྐག་འདི་ཅི་ཞིག་ལ་ཟེར་བ་ཡིན་ནམ་ལགས།
སེམས་སོང་བུ་མོ་མཁའ་འགྲོ་ཡིན་ཆོག་ལ། །
སེམས་སོང་མཛེས་མ་ཆོས་གྲོགས་ཡིན་ཡང་ཆོག །
སེམས་སོང་སོང་ཤོར་རྐྱེན་ངན་ལམ་ལ་སོང་། །
སེམས་སོང་བྱམས་པ་ཕྱག་རྒྱ་མ་ལ་སོང་། །
ཧ་ཧ། སྐུ་རེའི་ཚུལ་དུ་བྲིས།
སྐག་ནི་ཚོས་རྒྱ་སྐག་ལ་ཟེར་བ་ཡིན་གྱི་རེད།