རྔ་བ་རྒྱལ་ཁམས་པ།
ཁ་བའི་འདབ་མ་སྟུག་པོ་ཡིས།།
གསེར་ལྡན་གདོང་བ་ཀུན་ནས་གཡོགས།།
འཁྱག་རོམ་ཞུ་བའི་ཤེལ་རྡོ་དག།
ཆུ་སྲིན་ཁྲོས་པའི་མཆེ་བ་འདྲ།།
ས་བདག་འདོད་པའི་སྤར་ཤད་ཀྱིས།།
བག་མེད་འབྲད་པའི་གོ་ལ་འདིས།།
སྡུག་ཡས་ཕྲག་པས་མ་ཐེག་པར།།
དངུལ་ཁྲག་ཁ་བའི་ཟོལ་དུ་བབ།།
བྱུ་རུ་དཀར་པོའི་སྡོང་རྩེ་ན།།
བྱ་ཁྲ་ཧོར་པས་ངུ་ཟུག་བྱེད།།
སྲོག་ལྡན་སྲོག་མེད་སྐྱེ་དངོས་དག།
རེ་ཞིག་ཁུ་སིམ་གཉིད་དུ་ཡུར།།
ད་ལོའི་ཁ་བ་ན་ནིང་ལས།།
ལྷག་པར་མང་ལ་ལྗིད་ཀྱང་ཆེ།།
མ་འོང་དབྱར་ཁ་དེ་རིང་ལས།།
ཆར་རླུང་ཆུང་བར་སེམས་ནས་སྨོན།།
མདང་དགོང་ཉལ་སྐྱིད་གཉིད་བདེ་བས།།
ཁ་ཆེན་བབ་པར་མྱོང་བས་ཤེས།།
ད་ནིང་ཁ་བར་འཐབ་པས་ལུས།།
ད་ལྟ་ལྷག་པར་བདེ་ཞིང་རྐྱེན།།
རེ་འགར་ཆར་བ་ཟིམ་ཟིམ་འབབ།།
དགུན་དཀྱིལ་དབྱར་ཁའི་སྤྲོ་སྣང་མྱོང་།།
སྐབས་རེར་ཁ་ཆར་བུ་ཡུག་ཁྲོད།།
རང་ལམ་རྡོག་པས་ནོན་པར་དཀའ།།
ཆོས་ཉིད་གནམ་གྱི་རྒྱལ་མོ་ཡིས།།
ཆ་སྙོམས་དུས་བཞི་ཕབ་གྱུར་ཀྱང་།།
ས་བདག་སྨྱོན་པས་འཕྲུལ་འཁོར་གྱིས།།
གནམ་གྱི་འཁོར་ལོ་འདི་ལྟར་དཀྲུགས།།
ཁ་བ་བབ་བྱུང་།།
མཐིང་མདོག་ནམ་མཁའི་ཕོ་བྲང་ན།།
ཚོམ་པུར་ཆགས་པའི་ཆུ་ཤེལ་ཕྲེང་།།
གྲང་རེག་རལ་གྲིའི་འཕྲུལ་འཁོར་གྱིས།།
འཐག་པའི་ཁ་བ་དེ་རིང་བབ།།
ཁ་བའི་འདབ་མ་རེ་རེ་ནི།།
ཚེ་སྲོག་རེ་རེའི་བསྟི་གནས་ཏེ།།
ང་ཚོས་འདབ་མའི་གྲུ་ཆུང་རེ།།
ཞོན་ནས་མཁའ་ལ་ལྡིང་སྐོར་བྱེད།།
ཡབ་ཆེན་གནམ་གྱི་སྲས་པོ་དང་།།
ཡུམ་ཆེན་ས་ཡི་ལྷ་མོ་གཉིས།།
དགའ་བས་འཕྲད་པ་ཁ་བའི་ཟོལ།།
རླུང་ཞགས་ནག་པོས་ཕྱི་ཕྱིར་འཐེན།།
ཁ་བ་དཀར་བོའི་མཛེས་སྡུག་གིས།།
མ་བརྒྱན་སྲིད་པའི་འཇིག་རྟེན་ནི།།
དགུན་གྱི་ལྷ་མོའི་བརྩེ་དུང་གི།
འོ་མ་འཐུང་ལ་དབང་བ་མིན།།
ཁ་བའི་འདབ་རེ་ཡང་མོད་ཀྱི།།
ཁྲི་འབུམ་རྩེག་པ་ཤིན་ཏུ་ལྕི།།
ཤིན་ཏུ་ལྕི་བའི་ཁ་བའི་ཁྲོད།།
མི་དག་ངལ་བས་དབུགས་ཐུང་འཐེན།།
ཐག་ཐག་རྒྱུ་བའི་ཆུ་ཚོད་ལགས།།
ང་ལ་སུན་པོ་མ་བཟོ་ཞིག།
དོ་ནུབ་ང་ཡང་ཁ་བའི་འོག།
རི་ཀླུང་མཉམ་དུ་གཉིད་ན་འདོད།།
དགུན་དུས།
དགུན་དུས་ཁ་བ་བབ་པ་བཟང་། །
དཔྱིད་དུས་མེ་ཏོག་ཤར་པས་མཛེས། །
དབྱར་དུ་ཆར་པ་བབ་པས་བསིལ། །
སྟོན་དུས་སྟོན་འབྲས་བཟང་བས་འཚོ། །
དཔྱིད་ཀར།
དཔྱིད་ཀ་དུས་ཀྱི་རྒྱལ་མོ་ལ། །
མེ་ཏོག་སྣ་མིན་སྣ་ཚོགས་དང་། །
དྲི་ངད་དྲི་བཟང་ཀུན་དུ་ཁྱབ། །
དེ་དུས་ན་གཞོན་འཁྲུགས་སེ་འཁྲུགས། །
དབྱར་ཀ
དབྱར་དུས་ཆར་པ་བབ་པའི་སྔོན། །
འབྲུག་སྒྲ་ལྡིར་བཞིན་རྨ་བྱ་མྱོས། །
མྱུ་གུ་ལོ་མ་རིང་ཐུང་འགྲན། །
འབུ་རིགས་ཡོད་ཚད་སྐྱིད་ཉམས་དོད། །
སྟོནད་ཀ
སྟོན་ཀར་ལོ་མ་སེར་གྱུར་ཡང་། །
ལོ་ཏོག་འབྲས་བུ་སྨིན་པས་ཕྱུག །
དབྱར་ཀྱི་ཆར་རྒྱུན་ཆད་གྱུར་ཡང་། །
དགུན་ཀྱི་ཁ་བ་བབས་རྒྱུ་བསྡད། །
རྔ་བ་རྒྱལ་ཁམས་ཀྱི་དཔེ་ཡག་པོ་བྲིས་འདུག་་་ཐུགས་རྗེ་ཆེ། ང་བསྡད་ནུབ་ཕྱོགས་
མི་ཡུལ་ལའང་འདི་ལོ་ཁ་བ་དཔེ་མི་སྲིད་པ་བབས་སོང། ཕྱི་ལོ་་༡༠༦༡ ལོེར་་་ཁ་བ་
མི་དྲར་་་༤༤ བབས་ཡོད་པ་དང་འདི་ལོ་ཁ་བ་མི་ཏྲིར་་་་༤༢་་་བབས་པ་ཞེས་་་གནམ་གཤིས་ལས
ཁང་ང་ནས་བཤད་སོང་བ་མ་ཚད་གསར་འགྱུར་ཚགས་པར་ནང་དུའང་བཀོད་འདུག།
ཡིན་ཡང་ཁྱེད་འདྲ་བོ་ངས་གནམ་གཤིས་དང་བསྟུན་ནས་རྩོམ་ཡག་པོ་འབྲི་མི་ཤེས།