རང་ཐར།
གཟའ་སྤེན་པ་བསླེབས་བྱུང་། ཞོགས་པའི་སློབ་ཐུན་འཚོག་ཏུ་མ་ཕྱིན་སྔོན་ལ། ངས་གྲོགས་པོ་བསོད་དར་ལ་ཁ་པར་བཏང་ནས་ཕྱི་དྲོར་ཡར་རྡ་སར་ཡོང་སྟེ་གཟའ་མཇུག་ཁོའི་ཁྱིམ་དུ་སྐྱེལ་འཆར་ཡོད་པའི་སྐོར་བཤད། ཞོགས་པའི་སློབ་ཐུན་རྣམས་རེ་རེ་བཞིན་སྐད་ཅིག་གིས་རྫོགས་སོང་ལ། གུང་ཟས་ཟོས་ནས་སློབ་གྲྭའི་ཁོར་ཡུག་གཙང་མ་བགྱིས་རྟིང་གཟའ་མཇུག་གི་གུང་གསེང་དངོས་སུ་འགོ་ཚུགས།ནམ་རྒྱུན་ས་རཱ་ནས་རྡ་སར་འགྲོ་རྒྱུ་དེ་དགེ་སློབ་ཚོས་དང་ལེན་བྱས་ཟིན་པའི་དཀའ་ངལ་ཆུང་ཆུང་ཞིག་རེད། འོན་ཀྱང་ད་ཐེངས་ང་ལ་ལམ་འགྲོ་རྒྱུགས་སོང་། ང་དང་སློབ་གྲོགས་གཞན་ཞིག་ས་རཱའི་རྒྱལ་སྒོའི་མདུན་གྱི་ལམ་ཟུར་ན་ལངས་ཏེ་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་བཞིན་ཡོད་དུས། གླ་འཁོར་དཀར་པོ་ཞིག་རྡ་ཤོད་དུ་འགྲོ་སའི་ལམ་ནས་ཡོང་ཞིང་བྲེལ་བར་སློབ་གྲྭའི་རྒྱལ་སྒོ་ནས་ཡར་འཛུལ་ཕྱིན་པ་དང་། སྐར་མ་འགའ་ཤས་ཀྱི་རྗེས་སུ་སླར་ཡང་ཕྱིར་རྒྱལ་སྒོ་ནས་ཐོན་བྱུང་། གླ་འཁོར་དེ་ལ་སྔོན་ཡར་འཛུལ་སྐབས་ཀྱི་བྲེལ་བ་དེ་མེད་པར་མ་ཟད། ངེད་གཉིས་ཀྱི་ཐད་དུ་བཀག་པ་དང་། སྐབས་བཅུ་དྲུག་པའི་སློབ་མ་འཇམ་དབྱངས་ཀྱིས་ཤེལ་སྒོ་མར་ཕབ་སྟེ“ཡར་འགྲོ་རྒྱུ་ཡིན་ནམ”ཞེས་དྲིས་བྱུང་།
“ཡིན། ཡིན།” ངེད་གཉིས་ཀྱིས་མགྲིན་གཅིག་ཏུ་ལན་བཏབ་པ་དང་འབྲེལ་གླ་འཁོར་དཀར་པོའི་ཕྱོགས་སུ་རྒྱུགས།
ཡིན་ན་ཡང་ངེད་གཉིས་འཁྲིས་སུ་འབྱོར་ནས་རྒྱབ་ཀྱི་སྒོ་འབྱེད་པར་རྩོམ་དུས། སྒོ་འབྱེད་སྤྱད་ཀྱི་འཇུ་ལུང་དེ་ལྷོད་ཤིག་གེར་ཡོད་པ་ལས་སྒོ་བྱེ་རོགས་མ་བྱས་པས། ཁ་ལོ་བས་ཁོག་སྟོད་ཕྱིར་འཁོར་ནས་རྒྱབ་ཀྱི་ཤེལ་སྒོའི་མཚམས་ཀྱི་མཐེའུ་ཆུང་ལྟ་བུའི་ནག་ཏོག་ཆུང་ཆུང་དེ་ཡར་འཐེན་ཙམ་བྱས་རྗེས། ད་གཟོད་གཞི་ནས་ངེད་གཉིས་ཀྱིས་སྒོ་ཐྲོག་སྒྲ་གཉོམ་པ་ཞིག་དང་ལྷན་དུ་འབྱེད་ཐུབ་བྱུང་།
ཨ་ཅང་ཅང་། རྒྱབ་ཀྱི་འགྲུལ་བའི་འདུག་སྟེགས་ཐོག་མི་གཅིག་ཀྱང་མ་མཆིས།
“མེག་ལོར་དུ་འགྲོ་རྒྱུ་ཡིན་ནམ།” ངེད་གཉིས་གླ་འཁོར་ནང་འཛུལ་ནས་བདེ་ལ་བབས་པར་མ་ཟད། གླ་འཁོར་གྱི་འཁོར་ལོ་འགྲིལ་འགོ་བརྩམས་ཚར་རྗེས། ངས་འཇམ་དབྱངས་ཀྱི་ལྟག་རྒྱབ་ལ་བལྟས་ནས་དྲིས།
“མིན། རྡ་ཤོད་རང་ཡིན། ཁྱོད་གཉིས།?” ཁོས་ཁ་ཕྱིར་མི་འཁོར་བར་མདུན་གྱི་ལམ་དུ་ལྟ་བཞིན་དེ་ལྟར་ཕྱིར་ལྡོག་འདྲི་བྱས་བྱུང་། ངས་ཁོའི་བྱ་སྤུའི་སྟོད་ཐུང་སེར་པོ་མཐུག་པོ་དེའི་གོང་བ་དང་། སྐྲ་སུར་ཕྱེད་ཙམ་སྐྱེས་པའི་མགོ དེ་བཞིན་རྣ་ཅོག་ཅུང་ཆེན་པོ་གཉིས་ཀྱི་རྒྱབ་ལས་ངོ་གདོང་མི་མཐོང་། ད་ནི་གླ་འཁོར་གང་འཚམ་མགྱོགས་སུ་ཕྱིན་འདུག་པས། ལམ་ཟུར་གཡས་གཡོན་ན་སྐྱེས་པའི་ལྗོན་ཤིང་མཐོན་པོ་རྣམས་སྐད་ཅིག་སྐད་ཅིག་གིས་རྒྱབ་ཏུ་སྐྱུར་བཞིན་འདུག
“ང་མེག་ལོར་དུ་འགྲོ་རྒྱུ་ཡིན།” ངའི་གཞོགས་སུ་བསྡད་པའི་སློབ་གྲོགས་ཀྱིས་ལན་སྟེར་སོང་བ་དང་། ངས་ཀྱང་རང་ཉིད་གངས་སྐྱིད་དུ་འགྲོ་རྒྱུ་ཡིན་ཚུལ་བཤད། གླ་འཁོར་མུ་མཐུད་རིངས་པར་རྒྱུགས་པ་དང་། ང་ཚོའི་བར་དུ་རེ་ཞིག་ཁ་བརྡ་ཆད་དེ་གླ་འཁོར་རྒྱུགས་པའི་འུར་སྒྲ་ལས་མ་མཆིས།
“རྡ་ཤོད་ལ་ལས་ཀ་གལ་ཆེན་འདྲ་ཡོད་དམ། གླ་འཁོར་ཁྲིད་ནས།” ཡུད་ཙམ་གྱི་རྗེས་སུ་ངས་འཇམ་དབྱངས་ལ་དྲིས། ངས་དེ་ལྟར་དྲིས་ཚར་རྗེས། མི་གཞན་གྱི་ལས་དོན་ལ་དེ་འདྲའི་ཐེ་ཇུས་བྱས་ན་འགྲིག་མ་སོང་སྙམ་པའི་ཚོར་སྣང་ཞིག་སྐྱེས་མོད། འོན་ཀྱང་འཇམ་དབྱངས་ནི་དེ་འདྲའི་ཐོག་ལ་རྣམ་རྟོག་གཏན་ནས་མི་བྱེད་པའི་གྲྭ་པ་ཞིག་རེད་དེ། ཁོ་རྒྱུན་པར་མི་གཞན་ལ་ཕར་སྐད་ཆ་སྣ་ཚོགས་བརྗོད་རྒྱུར་ལོབས་ཡོད་ལ། མི་གཞན་གྱིས་ཀྱང་ཁོ་ལ་ཅི་བཤད་ཀྱང་ཕོག་མི་སྲིད།
”དམིགས་བསལ་གལ་ཆེན་པོ་ཞེ་བུ་མེད། དོ་དགོང་མར་ལོག་དགོས་བསམས་ནས་ཏྲག་སིའི་(གླ་འཁོར)གླས་པ་ཡིན། ཅ་ལག་ཙག་ཙིག་འགའ་དང་ཕོ་ཁེབས་ཤིག་ཉོ་དགོས། བདུན་ཕྲག་འདིར་འཁྱགས་ནས་འཆི་གྲབས་བྱས་སོང་། ཕོ་ཁེབས་ཐོག་ཏུ་ཀམ་པ་ལིང་བཀབ་ནས་ཉལ་རུང་།ད་རུང་དྲོད་འཁོར་གྱི་མི་འདུག ཁྱོད་ཚོ་དེ་འདྲ་མ་རེད་དམ།” འཇམ་དབྱངས་ཀྱིས་བརྗོད་བྱུང་།
ངོ་མ་ད་ལོའི་གནམ་གཤིས་འདི་ཁྱད་མཚར་ཞིག་རེད། སྤྱི་ཟླ་བཅུ་གཅིག་ཧྲིལ་བོ་དང་བཅུ་གཉིས་ཀྱི་སྟོད་དུ་ཧ་ལམ་ཉིན་ལྟར་ཉི་མ་ཤར་ནས་གྲང་ངར་དེ་ཙམ་མེད་པས། གུང་ཚིགས་ཟ་བར་འགྲོ་དུས་དང་ཉིན་གུང་གི་བར་གསེང་སྐབས་སུ་སློབ་མ་ཚོས་སྟོད་ཐུང་ཕུ་མེད་གོན་ནས་ཕྱི་ལ་བསྡད་ན་ཆོག་མོད། འོན་ཀྱང་བདུན་གཅིག་ཙམ་གྱི་གོང་ནས་གནམ་གཤིས་གློ་བུར་དུ་འཁྱག་ཏུ་ཕྱིན་པར་མ་ཟད། བདུན་ཧྲིལ་བོར་ཆར་བ་ཟམ་ཟིམ་ཞིག་བབས་ནས་ཐང་སྐམ་དུ་མ་བཅུག ལྷག་པར་དུ་མཚན་མོ་འགའ་ལ་བརྟན་པོར་འགྱིང་པའི་ལྗོན་ཤིང་རྣམས་ཀྱང་སྒྱེལ་གྲབས་བྱེད་པའི་དྲག་རླུང་འུར་འུར་དུ་ལྡང་ཞིང་འཛིན་ཁང་གི་ཤེལ་སྒོ་འགའ་སིང་སྒྲ་དང་བཅས་ཐང་དུ་གཡུགས་སོང་།
དེ་རིང་ཞོགས་པར་གནམ་ཕྲན་བུ་དྭངས་ནས་ཉི་མའི་འོད་ཟེར་མཐོང་ཙམ་བྱུང་རུང་། ད་ལྟ་ང་ཚོ་ཡར་གླ་འཁོར་ནང་འགྲོ་སྐབས། ནམ་མཁའ་ཧྲིལ་བོ་སྤྲིན་ནག་སྲབ་མོའི་ཡོལ་རས་ཤིག་གིས་དལ་བུར་གཡོག་བཞིན་མཆིས་ལ། བལྟས་ཚོད་ལ་དོ་ནུབ་ཀྱང་ཆར་བ་འབབ་རྒྱུ་ཡིན་པར་སྣང་།
ང་ཚོ་རྡ་ཤོད་ལ་འབྱོར་གྲབས་ཡོད་དུས། རྡ་སའི་རི་གྲོང་ཧྲིལ་བོ་དང་རྡོ་ལ་རྡ་ཡི་རི་བོའི་ངོས་སུ་སྨུག་པ་ཁྲལ་ཁྲིལ་ཞིག་གིས་གཡོགས་ནས་ནག་ཤིག་གེར་ཡོད་པས། ཧ་ལམ་ས་རུབ་ལ་ཉེ་བའི་ཚོར་སྣང་ཞིག་ངང་གིས་སྐྱེ་རུ་བཅུག་བྱུང་།
ང་ཚོ་རྡ་ཤོད་དུ་འབྱོར་དུས། སློབ་གྲོགས་གཞན་དེ་འཇིབ་འཁོར་ལ་བསྡད་དེ་ཐད་ཀར་མེག་ལོར་དུ་ཕྱིན་སོང་ལ། ང་དང་འཇམ་དབྱངས་གཉིས་ཁྱིམ་ཆས་ཚོང་ཁང་གཉིས་ལ་ཕྱིན་ནས་ཁོའི་བློ་ལ་བབས་པའི་ཉལ་ཆས་ཤིག་ཉོས་རྗེས། ཁོས་མར་སློབ་གྲྭར་མ་ལོག་གོང་དེ་མིན་གྱིས་ཙག་ཙིག་འགའ་ཉོ་དགོས་ཟེར་ནས་ཁྲོམ་གསེང་དུ་ཕྱིན་སོང་བ་དང་། ང་རང་གཅིག་པུར་ཡར་གངས་སྐྱིད་ལ་རྐང་ཐང་དུ་འགྲོ་འགོ་བརྩམས་པ་ཡིན།
རྡ་ཤོད་ནས་ངས་དོ་ནུབ་ཀྱི་དགོང་ཟས་ཆེད་དུ་བྱ་ཤ་རྒྱ་མ་གང་ཉོ་རྒྱུའི་བསམ་བློ་འཁོར་མོད། འོན་ཀྱང་ངའི་གློ་ཁུག་ནང་རོགས་པ་ཞིག་གི་ལག་ནས་གཡར་བའི་སྒོར་ལྔ་བརྒྱ་ལས་མེད་པ་དང་། དེ་ནི་འཛིན་ཁང་དུ་དཀྲིས་ཆོག་པའི་ཤོ་ལོ(shawl)ཞིག་ཉོ་སླད་ཡིན་པས། གྲོགས་པོ་བསོད་དར་གྱི་འཁྱམ་སྒམ་ནང་ཤ་ཡོད་པའི་རེ་བ་རྒྱག་རྒྱུ་ལས་མ་འདས། རྒྱུན་པར་ཁོའི་འཁྱག་སྒམ་ནང་ཤ་ཡོད།
དྲང་པོར་བརྗོད་ན། འཛིན་ཁང་ནང་གྱོན་རྒྱུའི་ཤོ་ལོ་ཞིག་ཉོ་རྒྱུ་ནི་ད་ཐེངས་ཀྱི་ཞོར་ལས་ཡིན། ང་རང་རྒྱུན་པར་གཟའ་མཇུག་ལ་གངས་སྐྱིད་དུ་འགྲོ་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཤ་ཡོད་ཀྱི་ཁ་ལག་ཞིམ་པོ་རེ་རག་པའི་ཆེད་དུ་ཡིན། སྐད་ཆ་འདི་ཅུང་འུད་བརྗོད་བྱས་པ་ཞིག་ཡིན་པར་སྣང་མོད། འོན་ཀྱང་༢༠༡༥དང་༢༠༡༦ནང་ས་རཱར་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན། ཕལ་ཆེར་སྐད་ཆ་འདི་བདེན་པ་ཡིན་པ་རྟོགས་ངེས་ཏེ། སློབ་གྲྭའི་གསོལ་ཚིགས་ནང་ལ་ཤ་མེད་པའི་ཐོག ཉེ་འཁོར་ལ་ཟ་ཁང་ཡག་པོ་ཞིག་མེད་པ་དང་། ཡོད་ཀྱང་འགྲོ་སྤྱད་ཀྱི་སྒོར་མོ་མེད་པས། མཚམས་མཚམས་སུ་གཟའ་མཇུག་དང་སྟབས་བསྟུན་ནས་གྲོགས་པོ་བསོད་དར་གྱི་ཁྱིམ་དུ་ཕྱིན་ནས་ཤ་ཡོད་ཁ་ལག་ཡིད་ཚིམས་པ་རེ་ཟོས་ཏེ་ཕྱིར་སློབ་གྲྭའི་ནང་འབྱོར་དུས། ཉིན་གཉིས་གསུམ་ལ་གཟུགས་པོ་བརྟན་ཤིག་གིར་ཡོད་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེ་འོང་།
ནམ་མཁའ་མུ་མཐུད་སྤྲིན་ནག་གི་ཡོལ་བས་བསྒྲིབས་ཤིང་རྡ་སའི་རི་གྲོང་གི་སྨུག་པ་དེ་དལ་བུར་རི་རྩེ་རུ་འགོས་པ་ལས་འབབ་ལ་ཉེ་བར་སྣང་བའི་ཆར་པ་དེ་ད་རུང་མ་བབས། ངས་རྡ་ཤོད་ནས་གངས་སྐྱིད་དུ་ཐེན་པའི་ལམ་བུ་ཀྱག་ཀྱོག་དེ་དེད་ནས་ཡར་འགོ་དུས། རྒྱ་གར་ཨར་པོ་བ་ཚོ་གཅིག་མར་ཡོང་བཞིན་འདུག ཕར་བལྟས་ཚོད་ལ། ཁོ་ཚོ་འབབ་ལ་ཉེ་བའི་ཆར་བ་དེ་གཡོལ་ཆེད་ལས་མཚམས་བཞག་སྟེ་ཁྱིམ་དུ་ལོག་བཞིན་ཡོད་པར་སྣང་། བུད་མེད་ཚོས་བཟོ་བཅོས་བཏང་ནས་ལུང་ཐག་སྦྱར་བའི་གྲོ་འབྲས་ཀྱི་ཁུག་མ་རེ་སྒྱིད་པའི་ཐད་དུ་ཐོགས་འདུག་ལ། སྐྱེས་པ་གཉིས་གསུམ་གྱི་བར་དུ་ས་ཁེམ་མམ་འཇོར་རེ་ཕྲག་པར་བཟར་ནས་ཡོང་བཞིན་གདའ། ཁོ་ཚོ་ངའི་འཁྲིས་ནས་སྐད་ཅོར་རྒྱག་བཞིན་མར་འགྲོ་སྐབས། རྙིང་ཟད་དུ་གྱུར་བའི་འགྱིག་གི་བསིལ་ལྷམ་ནག་པོའི་ནང་དུ་གྱོན་པའི་ཚེལ་དྲེག་ཆགས་པའི་ཨུ་སུག་དང་། ཕྲག་པར་བཀབ་པའི་(ཁ་ཤས་ཀྱི་མགོ་ཐོག་ཏུ་གྱོན་འདུག)ཤོ་ལོ་ངན་ངོན་དེ་ཚོས་བདག་ལ་འཁྱག་སྣང་འཕར་མ་ཞིག་བྱིན་པར་མ་ཟད། ཁོ་ཚོའི་འཚོ་བའི་གནས་བབས་ལ་ཡ་ང་བའི་ཚོར་སྣང་ཞིག་དབང་མེད་དུ་སྐྱེ་རུ་བཅུག
ཁོ་ཚོ་ངའི་འཁྲིས་ནས་མར་འགྲོ་དུས། ཕན་ཚུན་ལབ་གླེང་བྱེད་པར་བྲེལ་བ་ལས་ང་ལ་དོ་སྣང་མ་སྤྲད་ལ། ངའི་འཁྲིས་ནས་མར་ཡོལ་རྗེས་ཕྱིར་ལྟས་མེད་པར་བབས་སོང་བས། ཁོང་ཚོས་ངས་ཁོ་ཚོའི་རྒྱབ་གཟུགས་ལ་བལྟས་ནས་ཁོ་ཚོའི་ལས་དབང་ལ་བསམ་གཞིགས་བྱེེད་བཞིན་པ་ག་ལ་རྟོགས། ཁོ་ཚོ་ཕལ་ཆེར་རྡ་ཤོད་ཀྱི་ཉེ་འགྲམ་དུ་ཆགས་པའི་དབུལ་གྲོང(slum)དུ་ལོག་བཞིན་ཡོད་པར་སྣང་། གཅིག་བྱས་ན། ཁོ་ཚོ་དེ་ལྟར་འགྱིག་ཁུག་དང་ས་འཇོར་ཐོགས་ནས་མར་ལོག་སྐབས། སེམས་ནས་འགྱིག་ཤོག་གི་གུར་ཧྲུལ་ནང་དུ་ཁོ་ཚོར་བསྒུགས་ནས་ཡོད་པའི་བྱིས་པ་ཚོར་དོ་ནུབ་ཀྱི་དགོང་ཟས་ཅི་ཞིག་སྟེར་དགོས་མིན་ཐད་ལ་བསམ་གཞིགས་བྱེད་ཀྱིན་ཡོད་སྲིད། རེད། ངོ་མ་འགྱིག་ཤོག་གི་གུར་ཧྲུལ་ནང་ཨར་ལས་སུ་ཕྱིན་པའི་ཕ་མར་བསྒུགས་ནས་ཡོད་པའི་བྱིས་པ་དེ་ཚོ་ལ་སློབ་གྲྭ་འགྲིམ་པའི་གོ་སྐབས་ཕྲ་བས། མི་རིང་བར་ཁོ་ཚོའང་ད་ལྟ་ཁོ་ཚོས་སྒུག་བཞིན་པའི་ཕ་མ་རྣམས་ལྟར་དགོང་མོ་རེ་རེར་ས་འཇོར་ཐོགས་ནས་ལོག་མཁན་གྱི་ཨར་པོ་བ་ཞིག་འགྱུར་བའི་ཉེན་ཁ་ཆེ། ཅིའི་ཕྱིར་མི་ལ་ཁྱད་པར་འདི་འདྲ་ཤོར་སོང་བ་ཡིན་ནམ། དེང་སྐབས་གྲོགས་པོ་འགའི་སྐད་འཕྲིན་རྒྱབ་ཏུ། འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་ཀྱི་གྲལ་དུ་ཡོད་པའི་བྷེ་ལི་གྷེ་ཏི(Bill Gates)ཡི་ལེགས་བཤད“སྐྱེས་དུས་དབུལ་ན་ཁྱོད་ཀྱི་ནོར་འཁྲུལ་མིན་མོད། འཆི་དུས་དབུལ་ན་ཁྱོད་ཀྱི་ནོར་འཁྲུལ་ཡིན”ཞེས་པ་ཞིག་བརྒྱུད་སྐུར་བགྱིས་ནས་དབུལ་ཕོངས་ཀྱི་དོང་དུ་ལྷུང་མིན་དེ་སོ་སོའི་འཇོན་ཐང་ལ་ཐུག་པར་སྒྲུབ་ཀྱིན་འདུག་ཀྱང་། སློབ་ཆུང་འགྲིམ་པའི་གོ་སྐབས་ཀྱང་མ་ཐོབ་པའི་དབུལ་པོའི་བྱིས་པ་དེ་ཚོ་བརྡ་འཕྲིན་དང་ཚོང་ལས་ཀྱི་དུས་རབས་ཉེར་གཅིག་ནང་དབུལ་ཕོངས་ཀྱི་དོང་ཁ་ནས་དོན་མ་ཐུབ་པ་དེ་ཁོ་ཚོའི་ནོར་འཁྲུལ་དུ་བརྩི་དགོས་སམ། དངོས་གནས་འཇིག་རྟེན་འདིར་སྔོན་ཆད་ཆ་སྙོམ་མྱོང་མེད་ལ། ད་ལྟ་མི་སྙོམ་པ་དང་། འབྱུང་འགྱུར་ལའང་བསྙམ་མི་སྲིད་པར་སྣང་།
ངས་དེ་ལྟར་བསམ་གཞིགས་བྱེད་ཀྱིན་ཕྱིན་པས། ཇི་ལྟར་གྷམ་རོ་ན་ཡོད་པའི་གྲོགས་པོ་བསོད་དར་གྱི་ཁང་པ་ཡོད་སའི་ཐོག་བརྩེགས་ཆུང་ཆུང་དེའི་མདུན་དུ་འབྱོར་བར་མ་ཚོར། གྲོགས་པོའི་ཁང་པ་དེ་ཉིས་ཐོག་ལ་ཡོད་སྟབས། ང་རང་ཨར་འདམ་གྱིས་གྲུབ་པའི་རྡོ་སྐས་དོག་མོ་ལས་ཡར་འཛེགས་ནས་སྒོ་ཁར་ཕྱིན། ང་རང་སྒོའི་འཁྲིས་སུ་ཐོན་ཙ་ན། སྒོ་ཡི་ལྕགས་ལོང་ཐོག་བརྒྱུས་པའི་ཟྭ་ཆེན་པོ་དེ་འགུལ་མེད་དུ་འཕྱངས་འདུག བསོད་དར་ནང་དུ་ལོག་མི་འདུག ཕྱི་དྲོའི་ཆུ་ཚོད་ལྔ་པ་ཟིན་ལ་ཉེ་བའི་ཐོག འདི་ལྟར་གནམ་ངོ་རུབ་ནས་དྲག་ཆར་འབབ་གྲབས་ཡོད་མོད། ཁོ་ད་རུང་ལས་ཀ་ནས་ཁྱིམ་དུ་འབྱོར་མི་འདུག
ངས་སྒོའི་ཐད་ཀྱི་ལྕགས་གདུང་ནག་པོའི་སྟེང་བཀར་བའི་གློ་ཁུག་རྙིང་ཟད་དེའི་ཟུར་ཁུག་ནང་མཛུབ་མོ་བརྒྱུས་པ་ན། ལུང་ཐག་མེད་པའི་ལྡེ་མིག་ཅིག་ཚོར་བྱུང་། གཟའ་སྤེན་པར་ཡང་བསོད་དར་གྱི་ལས་ཀ་ཆུ་ཚོད་བཞི་དང་ཕྱེད་ཀ་བར་མི་གྲོལ་བས། ངས་གཟའ་མཇུག་ཁོའི་ཁང་པའི་ནང་སྐྱེལ་འདོད་དུས། གཟའ་པ་སངས་ཀྱི་དགོང་མོའམ་སྤེན་པའི་ཞོགས་པ(ཁོ་ལས་ཀར་མ་ཕྱིན་སྔོན་དུ)ནས་ཁོ་ལ་ཁ་པར་བཏང་ནས་ལྡེ་མིག་འཇོག་དགོས་ཚུལ་བརྗོད་པ་ན། ཁོས་རྒྱུན་པར་ལྡེ་མིག་སྒོའི་ཐད་ཀྱི་ལྕགས་གདུང་སྟེང་དུ་རྒྱུན་རིང་བཀལ་ནས་རྙིང་ཐད་དུ་་སོང་བའི་གློ་ཁུག་དེའི་ཟུར་ཁུག་ནང་བླུགས་ནས་འཇོག་ལ། དེ་རིང་ཡང་དེ་ལས་མ་འདས།
ངས་སྒོ་ཕྱེ་ནས་ནང་དུ་འཛུལ་བ་ན། བསོད་དར་གྱི་ཁང་པ་རྒྱུན་ལྡན་ལྟར་གཙང་མ་མེད་པ་མཐོང་། རྒྱུན་པར་ཁོ་ནི་ང་དང་མི་འདྲ་བར་ཁ་ལག་ཟོས་རྗེས་སྣོད་དང་ཕོར་པ་བཀྲུས་ནས་ཉར་བ་དང་། མལ་ལས་ལངས་མ་ཐག་ཉལ་ཆས་ལྟེབ་མཁན་གྱི་མི་དེ་རིགས་ཡིན་མོད། འོན་ཏེ་དེ་རིང་ངས་སྣོད་དང་ཕོར་པ་རྣམས་མདོ་ཁང་གི་གྲུ་ཟུར་དུ་ཡོད་པའི་འཁྲུད་གཞོང་ནང་བླུགས་ནས་བསྐྱུར་ཡོད་པ་མཐོང་།
ངས་ལྷམ་ཕུད་དེ་བརྙན་འཕྲིན་ཡོད་སའི་སྦུག་ཁང་ནང་མ་འཛུལ་གོང་དུ་མདོ་ཁང་གི་སྒོ་མཚམས་སུ་བསླངས་པའི་འཁྱག་སྒམ་གྱི་སྒོ་ཕྱེ་ནས་ཤ་ཨེ་འདུག་བལྟས་མོད། འོན་ཀྱང་ནང་དུ་རྒྱུན་པར་ཡོད་པའི་ཙོང་དང་ཀྲོ་མ་ཀྲོ། མར་དང་ཇིམ་ཡོད་པ་ལས་ཤ་འཇོག་སར་ཚིལ་ལུ་ཉུང་ཉུང་ཞིག་ལས་མ་མཆིས། (རྡ་ཤོད་ནས་ལུག་ཤ་ཉོ་སྐབས། རྒྱུན་པར་ཚིལ་ལམ་མགོ་ཤ་ཏོག་ཙམ་ཞིག་མི་ལེན་རང་ལེན་ཡིན་ཞིང་། ཁོས་རྟག་ཏུ་ཚིལ་བླངས་ནས་ཤ་ཚར་རྗེས་ཐུག་པ་སྐོལ་བྱེད་དང་ཚལ་རྔོ་བྱེད་ལྟ་བུར་བཀོལ་གྱི་ཡོད།)
སྦུག་ཁང་གི་ཞ་ལའི་ཐོག་ཏུ་ས་གདན་སྔོན་པོ་ཞིག་དང་དེའི་དཀྱིལ་དུ་གྲུམ་ཙེ་ཅུང་རྙིང་པ་ཞིག་བཏིངས་ཡོད་མོད། འོན་ཀྱང་ངའི་ལྷམ་ཕུད་མ་ཐག་པའི་རྐང་པ་གྲང་ལྷང་ངེར་འདུག་པས། ངས་ལམ་སེང་ཁང་པའི་ཕྱོགས་གཅིག་ན་བརྒྱབས་པའི་ཉལ་ཁྲིའི་སྟེང་འཛེགས་ནས་སྐྱིལ་ཀྲུང་དུ་བསྡད་པ་མ་ཟད། ཉལ་ཁྲིའི་མགོ་ན་བརྩེགས་པའི་ཕོ་ཁེབས་ཤིག་གི་ལྟེབ་བརྩེགས་བཤིགས་ནས་རང་ཉིད་ཀྱི་ལུས་སྨད་དུ་བཀག་སྟེ་བདེ་ལ་ཕབ་རྟིང་། ཉལ་ཁྲིའི་མཚམས་སུ་བཞག་པའི་ཅོག་ཙེ་དམའ་མོ་དེའི་ཐོག་ནས་རྒྱང་འཛིན་ཡར་ལག་ཏུ་བླངས་ཏེ་བརྙན་འཕྲིན་གྱི་གློ་སྒོ་ཕྱེ།
ངས་བརྙན་འཕྲིན་ལྟ་བཞིན་བསྡད་ལ། དེ་ལྟར་སྡོད་སྐབས་སེམས་སུ་བསོད་དར་མ་འོང་གོང་དུ་འཁྲུད་གཞོང་ནང་བླུགས་པའི་ཕོར་པ་དང་སྣོད་དེ་དག་བཀྲུས་ནས་ཁོ་འབྱོར་དུས་དགོང་ཟས་བཟོ་ཆོག་ཆོག་བྱེད་དགོས་སྙམ་པའི་བསམ་བློ་ཞིག་འཁོར་མོད། འོན་ཀྱང་ཕོ་ཁེབས་ནང་བདེ་དྲོད་ཇི་ཙམ་འཁོར་བ་དེ་ཙམ་གྱིས་ཁང་པ་ཧྲིལ་བོ་དང་ལྷག་པར་དུ་ཞ་ལའི་གྲང་ངར་ཇེ་ཆེར་འགྲོ་བར་སྣང་བས། ཉལ་ཁྲིའི་བདེ་དྲོད་བློས་མ་ཐོངས་པར་ཏོག་ཙམ་ནས་ཏོག་ཙམ་ལ་ཕྱི་རུ་བསྒྱངས་ནས་བསྡད།
དེ་བས་ཆུ་ཚོད་ལྔ་པ་ཙམ་ལ་བསོད་དར་ཁྱིམ་དུ་འབྱོར་དུས། ང་རང་ད་རུང་བརྙན་འཕྲིན་ལྟ་བཞིན་བསྡད་ཡོད་ཅིང་། ཁྲུས་གཞོང་ནང་གི་སྣོད་ཕོར་རྣམས་སྔར་བཞིན་ལུས་ཡོད།
བརྙན་འཕྲིན་གྱི་སྐད་དམའ་མོར་བཞག་ཡོད་སྟབས། ངས་ཐོག་མར་བསོད་དར་རྡོ་སྐས་ལས་ཡར་འཛེགས་པའི་སྡོག་སྒྲ་ཐོས་ཤིང་། དེ་ནས་སྦུག་ཁང་གི་སྒེའུ་ཁུང་ཐད་ལ་མངོན་ཙམ་བྱས་ནས་མདོ་ཁང་གི་སྒོའི་(ཡར་འཛུལ་ས་རེད།)ཕྱོགས་སུ་ཆས་པ་མཐོང་བྱུང་། ཡིན་ན་ཡང་། མདོ་ཁང་གི་སྒོ་ཕྱེ་ནས་བརྒྱབས་པའི་སྒྲ་གྲགས་རྗེས། ངས་བསྒུགས་པ་ལྟར་ཁོས་ལམ་སེང་སྦུག་ཁང་གི་སྒོ་ནས་ཡར་མ་བལྟས་པ་དང་། དེའི་ཚབ་ཏུ་ངས་འཁྱག་སྒམ་གྱི་སྒོ་འབྱེད་པའི་སྒྲ་དང་། འགྱིག་ཤོག་གི་སག་སྒྲ། ད་རུང་ཅ་ལག་འགའ་ཕར་འཇོག་ཚུར་ལེན་བྱེད་པའི་སྒྲ་བཅས་ཐོས་བྱུང་། ངས་ཅི་ཡང་མ་བཤད་པར་ཁོ་ཡར་འཛུལ་རྒྱུར་བསྒུགས་ནས་བསྡད།
“ཡ་ཁོ་རེ། ནམ་ཐོན་ཡིན།” ཡུད་ཙམ་གྱི་རྗེས་སུ་ཁོས་སྦུག་ཁང་གི་སྒོ་ནས་ཡར་ངའི་ཕྱོགས་སུ་བལྟས་ནས་དེ་ལྟར་དྲིས་པ་དང་སྦྲགས། གཟུགས་པོ་རིང་པོ་དེ་ཕར་ཡོ་ཚུར་ཡོ་ཙམ་བྱས་ནས་ལྷམ་མགོ་སྒོ་ཐེམ་གྱི་མཚམས་སུ་ཕུད་དེ་ཡར་འཛུལ་བྱུང་།
“ཆུ་ཚོད་གཅིག་ཙམ་གྱི་སྔོན་དུ་ཡིན་པ་ཡོད།” ངས་ཁོ་ལ་ལན་སྟེར་བ་དང་། ཉལ་ཁྲིའི་སྟེང་གཡོ་ཙམ་བྱས་ནས་ཁོ་ལ་འཛུམ་ཞིག་བསྟན། ཁོ་ཐད་ཀར་ང་འདུག་སའི་ཉལ་ཁྲིའི་མགོ་ནས་འཕྲེད་དུ་བརྒྱབས་པའི་ཉལ་ཁྲིའི་སྟེང་དུ་ཕྱིན་པ་དང་། མར་འདུག་ཞོར“བོད་སྐད་སྟོན་དང་། དེང་སང་ལྟད་མོ་ཆེན་པོ་ཞིག་སྟོན་བཞིན་འདུག”ཟེར།
ངས་རང་གི་པང་དུ་ཉར་བའི་རྒྱང་འཛིན་ཡར་ལག་ཏུ་བླངས་ནས་བརྙན་འཕྲིན་གྱི་ཐད་དུ་བཙུགས་ཏེ་ང་རང་གིས་ལྟ་བཞིན་པའི་ཨིན་ཇིའི་གློག་བརྙན་ལས་བོད་ལྗོངས་བརྙན་འཕྲིན་དུ་བསྒྱུར་དུས། ཁོ་ཡང་ཉལ་ཁྲིའི་ཐོག་སྐྱིལ་ཀྲུང་དུ་བསྡད་པ་དང་། ཉལ་ཆས་ཀྱི་བརྩེགས་ཕུང་ཐོག་ནས་ཀམ་པ་ལིང་ཞིག་ཕར་ཐེན་ནས་ཁོག་སྨད་དུ་བཀབ་རྗེས། གཡས་འགུལ་གཡོན་འགུལ་གྱིས་བདེ་རུ་ཕབ་སྟེ་བརྙན་འཕྲིན་ལ་རོལ་བའི་གྲ་སྒྲིག་ཨང་གསར་བགྱིས་སོང་།
ཁོས་ལྟ་འདོད་པའི་བརྙན་འཕྲིན་འཁྲབ་ཚན་གྱི་ལེའུ་དེ་འགོ་ཚུགས་ཚར་འདུག་པས། ཁོས་ཅུང་ཕངས་པའི་ངག་གིས“ཨ་ཁོ་རེ། བསྟན་ཚར་འདུག ལྟད་མོ་ཆེ་སར་བསླེབས་ཡོད”ཟེར་ནས་མིག་ཟུང་འོད་ཤིག་གེར་བརྙན་འཕྲིན་གྱི་འཆར་ཡོལ་ལ་ཅེར་ནས་སྡོད་པ་ལས་དུས་རྒྱུན་ང་ཡོང་དུས་ལྟར་ཀུ་རེ་དང་ཁ་ཡ་མི་བྱེད། དེ་བས་ངས་ཀྱང་ཁོ་དང་ལྷན་དུ་བརྙན་འཕྲིན་ལ་བལྟས་ནས་ཡུད་ཙམ་བསྡད། ཡིན་ན་ཡང་དེ་ནི་རྟག་ཏུ་བོད་ལྗོངས་བརྙན་འཕྲིན་ཐོག་སྟོན་པའི་གློག་བརྙན་གྱི་རིགས་ཏེ། དུས་རབས་ཉི་ཤུའི་འགོ་སྟོད་ལ་ཉི་ཧོང་གིས་གདུག་རྩུབ་ཆེན་པོས་རྒྱ་ནག་ལ་བཙན་འཛུལ་བྱེད་སྐབས། རྒྱ་ནག་མི་དམངས་ཀྱིས་སྙིང་སྟོབས་ཞུམ་མེད་དང་། རང་སྲོག་བློས་གཏོང་གིས་སོ་སོའི་མི་རིགས་དང་རྒྱལ་ཁབ་ཉེན་སྲུང་བྱེད་ཚུལ་སྐོར་གྱི་གློག་བརྙན་ཞིག་རེད་འདུག་སྟབས། ང་རང་ཉོབ་ནས་ལྟ་སྙིང་མི་འདོད་པར་གྱུར་བར་མ་ཟད། ངག་ནས“ཡང་རི་པིན་འདྲེ་དམག་རེད་འདུག་ག རྒྱ་ནག་གིས་མི་རིགས་དང་རྒྱལ་ཞེན་གྱི་ལྟ་བ་གོང་མཐོར་གཏོང་ཆེད་བཟོ་བསྐྲུན་བྱས་པའི་གློག་བརྙན་འདི་འདྲར་ལྟ་རྒྱུ་ཅི་ཡོད”ཅེས་བཤད་སོང་།
“ཁོ་རེ་དེ་འདྲ་མ་ཟེར། འགོ་ནས་མར་བལྟས་ན་བྲོ་བ་ཆེན་པོ་འདུག” བསོད་དར་གྱིས་ལན་སྟབས་བདེ་དེ་འདྲ་ཞིག་བཏབ་རྗེས། མིག་ཟུང་མུ་མཐུད་འཆར་ཡོལ་ལ་འབྱར་བ་ལྟར་བསྡད།
“རྒྱ་ནག་ལ་འདི་འདྲའི་གློག་བརྙན་བཟོས་ནས་ཉོབ་རྒྱུ་ཞིག་མེད་པ་འདྲ། ང་ཆུང་ཆུང་སྐབས་གྲོང་ཚོའི་གློག་བརྙན་ཁང་དུ་འགྲོ་དུས་ནས་ཀྱང་རི་པིན་དམག་མི་ཚོས་ཀྲུང་གོའི་བུད་མེད་ལ་བཙན་གཡེམ་དང་། མི་སེར་ལ་གདུག་རྩུབ་བྱེད་པའི་སྐོར་ཞེ་གཅིག་མ་རེད་དམ། དེ་དུས་གནས་ཚུལ་རྣམས་ཧ་མ་གོ་བས་ལྟད་མོ་ཆེན་པོ་འདྲ་ཞིག་ཡོད་མོད། འོན་ཀྱང་ད་ལྟ་འདིའི་རིགས་ལ་བལྟས་ནས་ཆོ་ཅི་ཞིག་འདུག” ངས་རང་གི་བསམ་ཚོར་རྣམས་འཛེམ་དོགས་མེད་པར་ཁོ་ལ་བཤད།
ད་ཐེངས་ཁོས་མིག་ཟུང་བརྙན་འཕྲིན་གྱི་ངོས་ལས་ཚུར་བསྡུས་ནས་ངའི་ཕྱོགས་སུ་འཕངས་བྱུང་། ཁོའི་ངོ་གདོང་ལ་ཅུང་ཕོག་པའམ་ཧ་ལས་པའི་མདངས་ཤིག་མངོན་འདུག་ཅིང་། ཅུང་སེམས་ཚོར་ཆེན་པོས“དེ་འདྲ་མ་ལབ་མ་གཏོགས་ཤེས་ཡོན་ཅན་དང་འདྲ་བོ་མི་འདུག (ངས་བོད་ཨིན་འབྲི་ཀློག་ཕྲན་ཙམ་ཤེས་པས་ཁོས་རྒྱུན་པར་ང་ཤེས་ཡོན་ཅན་དུ་བརྩི་ཡི་ཡོད།) གློག་བརྙན་འདི་རིགས་ལའང་བལྟ་རྒྱུ་ཆེན་པོ་ཡོད། དཔེར་ན། སྔོན་ཆད་རི་པིན་གྱིས་ཀྲུང་གོའི་མི་སེར་ལ་གསོད་འཕྲོག་བཅོམ་གསུམ་བྱས་པ་དེ་ད་ལྟ་ཀྲུང་གོས་ང་ཚོ་བོད་མི་རིགས་ལ་བྱེད་ཀྱིན་ཡོད། དེ་ལས་ལྡབ་ཀྱིས་ཤུགས་ཆེ་བ་ཡོད། ང་ཚོ་མི་རེ་ངོ་རེས་ལྟད་མོ་འདི་རིགས་ནང་གི་ཀྲུང་གོའི་དཔའ་བོ་དང་དཔའ་མོ་ཚོ་ལ་མིག་དཔེ་བལྟས་ནས་རང་གི་གཅེས་པའི་སྲོག་གིས་སོ་སོའི་ཕ་མ་དང་བུ་ཕྲུག ཕ་ཡུལ་དང་རྒྱལ་ཁབ། སྤུན་ཟླ་དང་མི་རིགས། སྐད་དང་རིག་གཞུང་ཉེན་སྐྱོབ་བྱས་ན་ཅི་འདྲའི་ཡག་རྒྱུ་རེད། འདི་ཆོ་མེད་ཟེར་ན་ག་ལ་འགྲིག”ཅེས་སྨྲས་བྱུང་།
ཁོའི་སྐད་ཆ་དེས་ང་རང་ཁུ་སིམ་མེར་བཏང་སོང་། ཡང་གཅིག་བཤད་ན་ངས་ཅི་ཞིག་བཤད་དགོས་སམ། ཁོའི་སྐད་ཆར་གནས་ལུགས་མི་འདུག་ཟེར་ག་ལ་ཐུབ། ང་ཚོས་རྒྱ་ནག་གི་ལྟད་མོའི་ནང་གི་རང་སྲོག་བློས་གཏོང་གིས་དགྲ་བོར་འཛིང་མཁན་གྱི་དཔའ་བོ་དེ་དག་ལ་སློབ་སྦྱོང་བྱས་ནས་དགྲ་བོ་ལ་ཐབས་བརྒྱ་ཇུས་སྟོང་གིས་རྒོལ་ལན་བསློགས་ན་ཅིས་མི་འགྲིག་ཨང་།
ཡིན་ན་ཡང་ང་རང་གུང་ཁྲན་ཏང་མི་རྣམས་མི་དམངས་ཀྱི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་བྱང་ཆུབ་སེམས་དཔའ་ཞེ་གཅིག་ཡིན་པའི་སྐོར་གྱི་གློག་བརྙན་དེའི་རིགས་ལ་བལྟས་ན་ཞེ་མེར་ཡོང་བས། ངས་ཁོ་ལ་“ཁྱོད་ཀྱིས་བརྙན་འཕྲིན་བལྟས་ནས་སྡོད་དང་། ངས་ཕོར་པ་བཀྲུ་ཡོང”ཞེས་སྨྲས་ནས་ཁོག་སྨད་དུ་བཀབ་པའི་ཉལ་ཆས་གཞོགས་སུ་གཡུགས། ཁོས“འདི་མཉམ་དུ་ལྟ། མང་པོ་མེད། ཚར་རྗེས་ཁྱོད་ཀྱིས་ཕོར་པ་ཁྲུད། ངས་ཁ་ལག་བཟོས་ན་སྐར་མ་གཅིག་གི་ལས་ཀ་རེད”ཟེར་ནས་བཀག་རུང་། ང་སྦུག་ཁང་ནས་མདོ་ཁང་དུ་ཕྱིན།
མདོ་ཁང་ནང་ཅུང་ནག་འཐིབས་སེར་ཆགས་ནས་དངོས་པོ་རྣམས་ཡག་པོ་ཞིག་མི་མཐོང་བས། ཐོག་མར་ང་སྒོ་འགྲམ་དུ་ཕྱིན་ནས་གློག་སྒྲོན་བྱེད་དེ་ཚག་སྒྲ་དང་བཅས་མར་མནན་པ་ན། ཁང་པའི་ནང་གསལ་གྱི་ལེར་གྱུར་སོང་། དེའི་རྗེས་ཕོར་པ་རྣམས་གཡུགས་ཡོད་སའི་ཁྲུས་གཞོང་ཡོད་སར་ཕྱིན་པ་ན། དེའི་ཟུར་རམ་ཐབ་པའི་མཚམས་སུ་ཚགས་པར་གྱིས་གཅུད་པའི་བྱ་ཤ་རྡོག་པོ་ཞིག(རྒྱ་མ་གཅིག་ཡིན་པར་སྣང་།)བཞག་འདུག་པ་དེ་ནི་བསོད་དར་གྱིས་མར་ཞོར་ཉོས་ཡོང་བ་བཤད་ག་ལ་དགོས།
ངས་ཕུ་ཐུང་བརྫེས་ནས་ཕོར་པ་རྣམས་འཁྲུད་འགོ་མ་བཙུགས་གོང་དུ་སླར་སྦུག་ཁང་དུ་ལོག་སྟེ་གློག་གི་ཆུ་སྐོལ་བྱེད་དེ་བླངས་རྗེས། ཆུ་གང་བླུགས་ནས་རང་སོར་སྦུག་ཁང་དུ་ཡར་བསྐྱལ་ཏེ་གློག་སྒོ་མར་མནན་ནས་བཞག སྤྱིར་ཡིན་ན་ངས་སྔ་མོ་ནས་ཆུ་ཞིག་བསྐོལ་ནས་འཐུང་འདོད་སྐྱེས་རུང་། ཉལ་ཆས་ཀྱི་བདེ་དྲོད་བློས་མ་ཐོངས་ནས་ད་བར་ལྷག་སོང་བ་རེད།
ཀ་ལའི་ནང་གི་ཆུ་ཧ་ཅང་གྲང་སྟེ། ངས་སྣོད་དང་ཕོར་པ་རྣམས་ལ་ཡི་ཙི་བརྒྱབ་ནས་བཤལ་དུས། རུས་པར་ཟུག་གཟེར་ལངས་ནས་ཐེངས་གཉིས་ལ་འཁྲུད་མཚམས་འཇོག་དགོས་ཁེལ་ལ། དེ་ནས་ཟུག་གཟེར་ཕྲན་བུ་འཇགས་རྗེས་ཡང་བསྐྱར་བཤལ་བ་ཡིན།
དེ་ལྟར་ངས་མདོ་ཁང་གི་གྲུ་ཟུར་ན་སྣོད་དང་ཕུར་པ་འཁྲུད་བཞིན་པའི་ཚེ་ན། སྦུག་ཁང་ན་བསོད་དར་གྱིས་ལྟ་བཞིན་པའི་བརྙན་འཕྲིན་གྱི་སྒྲ་གསལ་བོར་གོ་ཐུབ། མེ་མདའ་སྦག་སྦག་རྒྱག་པའི་སྒྲ་དང་། མི་སེར་རྣམས་ཀྱི་འཇིགས་སྐྲག་གི་སྐད་ཅོར་ལ་ཉན་ན། ཡང་སྙིང་རྗེའི་དྲི་མ་མི་བྲོ་ཞིང་སྣ་སྒོར་སྤུ་ཚོམ་ཅན་གྱི“རི་པིན་འདྲེ་དམག”འགའ་ཡིས་ཀྲུང་གོའི་ཉེས་མེད་མི་སེར་ཚོའི་ཁྲོད་དུ་གང་བྱུང་མེ་མདའ་རྔོ་བཞིན་ཡོད་པ་འདྲ། ང་རང་ཆུང་ཆུང་བྱིས་པ་ཡིན་སྐབས། གྲོང་ཚོའི་འགོ་ཁྲིད་ཀྱི་བརྙན་འཕྲིན་ནང་དུ་ཤར་བའི་སྡུག་ཅག་སྟེ། ལུས་པོ་ཕྲན་བུ་རྒྱགས་ཤིང་གདུག་རྩུབ་དང་བླུན་རྟགས་འདྲེས་མའི་ངོ་གདོང་ཅན་གྱི“རི་པིན”དེ་དག་ལ་ཤིན་ཏུ་སྡང་མྱོང་ཡོད། (ཀྲུང་གོས་བཟོས་པའི་གློག་བརྙན་ལ་བལྟས་ནས་འཚར་ལོང་བྱུང་བའི་མི་ཞིག་ཡིན་ན། ངས་བརྗོད་པའི་སྐད་ཆ་འདིར་རྫུན་འདྲེས་མེད་པ་རྟོགས་ངེས།) སྣ་སྒོའི་འོག་གི་སྤུ་ཚོམ་དང་། རྣ་ལྷེབ་ཅན་གྱི་རས་ཞྭའམ་ཡང་ན་ཤ་མོག་དབྱིབས་ཅན་གྱི་ལྕགས་ཞྭ། ད་རུང་སེམས་ཁམས་སྐྱིད་ལ་མ་སྐྱིད་སྐབས་སུ་ཀྲུང་གོའི་ཉེས་མེད་མི་སེར་རྣམས་དང་། ཐ་ན་སོ་སོའི་དམག་རོགས་དང་སྦྲུམ་ལྡན་བུད་མེད་ཚོའི་ལྟོ་བའི་ནང་སྣུན་རྐྱང་དང་འཛུགས་རྐྱང་བྱེད་པའི་མེ་མདའི་ཁ་གྲི་བཅས་ནི། “རི་པིན་འདྲེ་དམག”དང་ཁོ་ཚོའི་ཚད་མཚམས་མེད་པའི་གདུག་རྩུབ་མཚོན་བྱེད་གཙོ་བོ་རེད།
ངས་སྣོད་དང་ཕོར་པ་རྣམས་བཀྲུས་ནས་དེ་དག་རང་རང་སོ་སོར་བཞག་རྟིང་། བསོད་དར་ལ་དགོང་ཟས་ཅི་ཞིག་བཟོ་འཆར་ཡོད་ཚུལ་དྲིས་པར། ཁོས“བྱ་ཤ་ཉོས་ཡོད། ནམ་རྒྱུན་དེ་འདོམ་བདེ་ཤོས་དང་ཞིམ་ཤོས་མ་རེད་དམ། ད་ཁྱོད་རང་ལྟད་མོ་བལྟས་ནས་ལྷོད་ལྷོད་སྡོད་དང་། ཚར་མ་ཐག་ངས་སྐར་མ་གཅིག་མི་འགོར”ཟེར་ནས་མུ་མཐུད་བརྙན་འཕྲིན་ལྟ་བཞིན་འདུག་པ་ལས། སྦུག་ཁང་གི་སྒོ་ནས་ཡར་ཁོ་ལ་བལྟས་ནས་ཡོད་པའི་ང་ལ་དོ་སྣང་མི་སྤྲོད། ངས་ཁོས་བཤད་པ་ལྟར་སྦུགས་ཁང་དུ་འཛུལ་ནས་བརྙན་འཕྲིན་ལ་ལྟ་རྒྱུའི་ཚབ་ཏུ། གློག་གི་ཀོ་ཡ་ཀོའི་ནང་འབྲས་རན་ཚོད་ཅིག་བླུགས་ནས་གློ་སྒོ་མར་མནན་རྗེས། གྱང་མཚམས་སུ་བཞག་པའི་ཚལ་བླུག་ས་ནས་ཞོག་ཁོག་རྡོག་པོ་འགའ་བླངས་ཏེ་ཤུན་ལྤགས་བཤུ་འགོ་བརྩམས། བསོད་དར་དང་ངེད་གཉིས་ལྷན་དུ་འཛོམས་སྐབས། རྒྱུན་པར་བྱ་ཤ་སྤྱི་རྒྱ་གང་ངམ་ཕྱེད་རེ་རྩིང་པོར་གཏུབས་པའི་ཞོག་ཁོག་དང་ལྷན་དུ་བརྔོས་ནས་ཟོས་ན། ལས་སླ་ཤོས་དང་ཞིམ་ཤོས་མཐོང་བས། དོ་ནུབ་ཀྱང་དེ་འདྲ་ཞིག་བཟོ་བཞིན་ཡོད། ངོ་མ་འདི་ལྟ་བུའི་གྲང་ཤུལ་ཤུལ་གྱི་དགོང་མོར། བྱ་ཤ་དང་ཞོག་ཁོག་བརྔོས་མའི་ནང་དུ་ཁུ་བ་གང་འཚམ་བསྣན་ཏེ་བསྐོལ་རྗེས། ཁུ་བ་ཕོར་པའི་ནང་བླུགས་པའི་འབྲས་ཚ་བོའི་ཐོག་བཏབས་ནས་ཟོས་པ་ཡིན་ན། ལུས་ལ་ཚ་དྲོད་རྒྱས་ཤིང་གཟུགས་པོར་ཤིན་ཏུ་ཕན་པའི་སྣང་བ་ཞིག་བཅོས་མིན་དུ་སྐྱེ་འོང་།
ངའི་སེམས་སུ“ད་ནི་ང་རང་ལངས་ཚར་བས། བརྙན་འཕྲིན་གྱི་ལེའུ་ཚན་མ་རྫོགས་གོང་དུ་དགོང་ཟས་བཟོས་ཚར་བ་བཟོ་དགོས”སྙམ་ནས་ཞོག་ཁོག་གི་ཤུན་ལྤགས་གང་མགྱོགས་བཤུས་མོད། འོན་ཀྱང་ཞོག་ཁོག་རྣམས་བཤུས་ཚར་ནས་རྩིང་པོར་གཏུབ་པའི་འགོ་བརྩམས་པ་ན། ལེའུ་ཚན་དེའི་མཇུག་རྫོགས་པའི་གླུ་གཞས་གོ་བ་དང་། ཅུང་ཙམ་མ་འགོར་བར་བསོད་དར་སྦུག་ཁང་ནས་མར་དོན་བྱུང་། ཁོས“ཁོ་རེ་ལྟད་མོ་ཆེན་པོ་བྱུང་། ད་ང་ཡིན། ཁྱོད་ལྷོད་ལྷོད་དང་དྲོན་པོར་སྡོད་དང་། ངས་སྐར་མ་གཅིག་གཉིས་ནང་བཟོ་ཡོང”ཟེར་བཞིན་སྟོད་ཐུང་གི་ཕུ་ཐུང་གྲུ་ཚིགས་སུ་བརྫེས་པ་ན། ངས་ཁོ་ལ་དོ་ནུབ་བྱ་ཤ་ངས་བརྔོས་ན་ཆོག་པའི་སྐོར་བརྗོད་རུང་། ཁོས“ག་བ་ག་བ། ང་ཡིན། ཁྱོད་བརྙན་འཕྲིན་བལྟས་ནས་སྡོད།”ཅེས་བཤད་དེ་ཚལ་གཏུབ་བྱེད་ཀྱང་ངའི་ལག་ནས་བླངས་སོང་།
ང་རང་ལྷམ་ཕུད་དེ་ཡར་སྦུག་ཁང་དུ་འཛུལ་བར་རྩོམ་ཚེ། བསོད་དར་གྱིས“ཁོ་རེ། ཆུ་ཁོལ་སོང་། ཕོར་པ་ལོངས”ཟེར་བས། སླར་ཕྱིར་འཁོར་ནས་ཐབ་འགྲམ་གྱི་ཕོར་སྟེགས་ཐོག་ཁ་སྦུབས་སུ་བཞག་པའི་ཕོར་པའི་ཁྲོད་ནས་རང་གི་ཕོར་པ(ཁོས་ངའི་ཆེད་དུ་དམིགས་བསལ་གྱི་ཕོར་པ་ཞིག་བཞག་ཡོད།)བླངས་ཏེ་སྦུག་ཁང་དུ་འཛུལ།
བརྙན་འཕྲིན་ནང་ལྟ་འདོད་པའི་ལྟད་མོ་ཞིག་མི་འདུག་པས། ངས་རྒྱུད་ལམ(Channel)འགའ་ཕར་བརྗེ་ཚུར་བརྗེ་དང་ཁ་པར་འཕུར་བཞིན་ཕྲན་ཙམ་བསྡད། ཡུད་ཙམ་ལས་མ་ཕྱིན་གོང་དུ། དངོས་གནས་བསོད་དར་གྱིས་ལག་གཡས་གཡོན་ན་འབྲས་ཀྱིས་གང་བའི་ཕོར་པ་རེ་ཁྱེར་ནས་སྦུག་ཁང་དུ་འཛུལ་ཡོང་བ་མ་ཟད། “ཡ་ཁོ་རེ། ད་ཟ་གྲབས་བྱོས། བཟོས་ཚར་ཡིན་ད།”ཟེར། ངོ་མ་རྒྱུན་པར་ཁོས་ལས་ཀ་ཅི་ཞིག་བྱས་ཀྱང་ལས་ཆུད་ཤིན་ཏུ་ཆེ་བ་དང་། ལྷག་པར་ཁ་ལག་བཟོ་སྐབས་ང་ལས་ལྡབ་ཀྱིས་མགྱོགས་ཤིང་སྣང་བ་དྭགས་པོ་ཡོད།
“དེ་འདྲའི་མགྱོགས་པ་ལ། ཕོ་ཁྱོད་ལ་མགྱོགས་པོ་ཡོད།” ངས་ཁ་ཡག་གམ་དོན་དམ་འདྲེས་མའི་སྐད་ཆ་དེ་འདྲ་ཞིག་བརྗོད་དེ་མདུན་ཅོག་དམའ་མོ་དེ་ཉལ་ཁྲིའི་མཚམས་སུ་ཐེན་ཞིང་ཁ་ལག་ཟ་བའི་སྟ་གོན་བགྱིས། ཁོས་ཕོར་པ་གཉིས་ཅོག་ཙེའི་ཟུར་དུ་བཞག་སྟེ་སླར་མདོ་ཁང་དུ་ཕྱིན་སོང་། སྐར་ཆ་འགའི་རྗེས་སུ་ཡང་བསྐྱར་སྦུག་ཁང་དུ་ལོག་བྱུང་ལ། ཚལ་སླང་ཅུང་ཆེན་པོ་དེའི་རྣ་ཅོག་འདྲ་བའི་ལུང་གུག་གཡས་གཡོན་གཉིས་ལག་ལྕིབས་ཀྱིས་གཅུད་དེ་བྲང་ཐད་དུ་པང་འདུག ངས་ལམ་སེང་ཅོག་ཙེའི་སྟེང་འོག་བར་གསུམ་དུ་མིག་ཉུལ་ཞིག་བགྱིས་རུང། འཇོག་གདན་དུ་རུང་བ་ཞིག་མ་རྙེད་སྟབས། མགྱོགས་མྱུར་ཡར་ལངས་ནས་མདོ་ཁང་དུ་ཕྱིན་པ་དང་། དེ་ནས་སྒོ་ང་འཇོག་སའི་ཤོག་གདན་ཞིག་ཁྱེར་ཏེ་ཅོག་ཙེའི་དཀྱིལ་དུ་བཞག་པ་ན། ཁོས་ཚལ་སླང་དེའི་ཐོག་ཏུ་བཞག་པ་དང་སྦྲགས“ཡ། ད་ཡིན།”ཟེར།
ངེད་གཉིས་མར་བསྡད་པ་དང་། བསོད་དར་གྱིས་བརྔོ་སླང་གི་ཁ་ལེབ་ཐོག་ཏུ་བཞག་པའི་ཟ་ཐུར་ཆ་གཉིས་ལས་གཅིག་ངའི་ལག་ཏུ་བསྲིངས་ཤིང་། གཞན་དེ་སོ་སོའི་ཕོར་པའི་འབྲས་ནང་དུ་བཙུགས་རྟིང་། ཁ་ལེབ་བཤུས་ཏེ་མདུན་ཅོག་གི་སུག་གེའི་མཚམས་སུ་བཞག་པ་ན། བརྔོ་སླང་ནས་ཁ་རླངས་སྐྱ་ཐུ་ལུ་ལུ་ཡར་ལངས་ཤིང་སྣ་བར་སྒོག་དྲི་ཕྲན་བུ་འདྲེས་པའི་དྲི་མ་ཞིམ་པོ་ཞིག་འཐུལ་བར་མ་ཟད། བྱ་ཤ་དང་ཞོག་ཁོག་རྩིང་པོ་རྣམས་ཀྱི་བར་གསེང་དུ་སྣུམ་ཞག་ཕྲན་བུ་ཡོད་པའི་ཁུ་བ་སྨུག་ཤིག་གེར་འཁྱིལ་བ་མངོན་བྱུང་།
“ད་ཡིན་ད། སྒོག་པ་ཉུང་ཉུང་ཞིག་ལས་སྨན་སྣ་གཞན་གཅིག་ཀྱང་བླུགས་མེད།” བསོད་དར་གྱིས་དེ་ལྟར་སྨྲས་པ་དང་འབྲེལ། ཤ་རྡོག་ཆེན་པོ་ཞིག་ཐུར་མའི་བར་དུ་བཙིར་ནས་ཁོ་རང་གི་ཕོར་པའི་ཐོག་ཏུ་ཁྱེར་སོང་། ངས་ཀྱང་ཐོག་མར་རུས་པ་མེད་པའི་ཤ་རྡོག་ཅིག་བསྒྲུགས་ནས་ཕུ་འདེབས་ཙམ་བྱས་ཏེ་ཁ་ནང་དུ་ཁྱེར་བ་དང་། དེ་རྗེས་ཁུ་བ་དང་ཞོག་ཁོག་འདྲེས་མ་བླངས་ཏེ་འབྲས་ཐོག་ཏུ་བླུགས་ནས་རོལ་འགོ་བརྩམས།
ཟ་མ་ཧ་ཅང་ཞིམ་ཞིང་ཡག སྨན་སྣ་འདྲ་མིན་གྱི་གཡའ་མེད་པར་རང་བཞིན་གྱི་བྲོ་བ་ལྡན་པའི་ཐོག ཞོག་ཁོག་སོ་བར་དུ་བཞག་ན་ངང་གིས་ཞིག་པ་ཚོས་འདུག་པས་ང་ལ་ཧ་ཅང་འཕྲོད། རེད། ལོ་གཅིག་ཙམ་གྱི་གོང་ནས་ངའི་ཕོ་ཁ་ན་འགོ་བརྩམས་ཏེ་སྨན་སྣ་འདྲ་མིན་མི་འཕྲོད་པར་གྱུར་བ་དང་། ང་རང་ཞོག་ཁོག་ལེགས་པོར་ཚོས་པ་ལ་དགའ་པོ་ཡོད་པས། བསོད་དར་གྱིས་ཀྱང་དེ་བསྟུན་གྱིས་བཟོས་པ་ཡིན་པར་བཤད་ཅི་ལ་དགོས།
ཡུད་ཙམ་གྱི་ནང་དུ་བྱ་ཤ་དང་ཞོག་ཁོག་གིས་གང་བའི་ཚལ་སླང་དེ་སྟོང་བ་གྱུར་ཞིང་། ཅོག་ཙེའི་ཟུར་གཉིས་ལ་བསྐྱུར་བའི་རུས་སྤུངས་ཆུང་ཆུང་དེ་གཉིས་ལས་ཅི་ཡང་མ་ལྷག ངོ་མ་ངེད་གཉིས་ལ་ཟ་ས་དང་མགྱོགས་ཚད་གཅིག་ལས་གཅིག་ལྷག་པ་ཡོད།
ཟ་མ་ཟོས་རྗེས་སྐད་ཆ་བཤད་དེ་འདུག་རྒྱུ་དེའང་ངེད་གཉིས་ལ་ཡུན་རིང་འཇགས་པའི་གོམས་སྲོལ་ཞིག་ཡིན་ཞིང་། ནམ་རྒྱུན་ཡིན་ན། ཤ་མང་བའི་ཟ་མ་རེ་ཟོས་རྗེས། ཁོས་འཁྲིས་ཀྱི་ཚོང་ཁང་ལས་ལྦུ་སུག་ཅན་གྱི་འཐུང་ཆ་འགྱིག་དམ་གང་རེ་ཉོས་ཡོང་ནས་ཤེལ་ཕོར་ནང་བླུགས་ཏེ་འཐུང་སྲོལ་ཡོད། (ཁོས་དེ་ཡིས་ཟས་འཇུ་བར་ཕན་ཐོགས་ཟེར) ཡིན་ན་ཡང་དོ་ནུབ་གནམ་གཤིས་གྲང་ངར་ཆེ་བར་བརྟེན་ངེད་གཉིས་ཀྱིས་ཡང་བསྐྱར་ཆུ་བསྐོལ་ནས་འཐུང་ཞོར་ཁ་བརྡ་བགྱིས།
ཁོས་ཉེ་ཆར་ངའི་ཕོ་བའི་ན་ཚ་དང་སློབ་སྦྱོང་ཅི་འདྲ་ཡོད་པའི་སྐོར་ལ་སྐད་ཆ་དྲིས་པར། ངས་ཨེན་ཙམ་ཡིན་ཚུལ་བརྗོད། དེ་ནས་ངས་ཁོའི་ལས་ཀ་ཅི་འདྲ་ཡོད་ཚུལ་དྲིས་པ་ན། ཁོས་ཅུང་དགའ་སྤྲོའི་ངང“དེང་སང་རྒན་པོའི་གླ་ཆ་འཕར་སོང”ཟེར།
“ག་ཚོད་འཕར་སོང་།”
“ཉིས་སྟོང་འཕར་སོང་། ད་ནི་ཟླ་རེར་བརྒྱད་སྟོང་ལྔ་བརྒྱ་ཡོད།” ཁོས་དེ་ལྟར་སྨྲས་པ་དང་ཡང་དགའ་སྤྲོ་དང་སྤོབས་པ་འདྲེས་པའི་ངག་གིས“དེའི་ཐོག་མཚན་སྲུང་གི་གླ་ལྔ་སྟོང་བརྒྱབས་ན་དེང་སང་རྒན་པོས་ཟླ་རེར་སྒོར་ཆིག་ཁྲི་སུམ་སྟོང་ལྔ་བརྒྱ་ཟ་བཞིན་ཡོད། ད་རུང་འཚེམ་པོ་རྒྱག་རྒྱུ་ནང་ལ་ཁྱེར་ན་བྷེག་ཀི(གློ་ལ་ཁུར་རྒྱུའི་ཁུག་མ་ཆུང་ཆུང)རེ་ལ་སྒོར་ཉིས་བརྒྱ་ལྔ་བཅུ་ཡོད། ད་ནི་གསོག་མི་ཐུབ་ཀྱང་ཟས་གོས་འབེལ་འབེལ་ལྷུག་ལྷུག་འདུག”ཅེས་བསྣན་བྱུང་།
ཁོས་དངོས་གནས་དེ་ལྟར་སྤོབས་པའི་ཚིག་བཤད་ན་ཆོག་སྟེ། ཕ་ཡུལ་དང་ཕ་མར་ལག་པ་བཟེད་དེ་འཚོ་བ་སྐྱེལ་བཞིན་པའི་ང་དང་མི་འདྲ་བར་ཁོ་རྒྱ་གར་དུ་འབྱོར་ནས་ལོ་ངོ་བཅུ་ལྷག་ཕྱིན་རུང་ཕ་ཡུལ་ནས་སྐར་ལི་གཅིག་ཀྱང་ལེན་མྱོང་མེད། ཁོས་རྒྱུན་པར་ཁོའི་ཁྱིམ་ཚང་དེ་འདྲའི་ཕྱུག་པོ་མིན་པས་སྒོར་མོ་ལེན་མི་ཕོད་པ་དང་། དེ་ལས་སོ་སོའི་དཀའ་སྡུག་ལ་བཟོད་བསྲན་བྱས་ན་དགའ་ཟེར།
འདིར་ཁོ་བཙན་བྱོལ་དུ་འབྱོར་རྗེས་ཀྱི་ལོ་རྒྱུས་སམ་འཚོ་བ་ཕྲན་ཙམ་བཤད་ན། ཁོ་རྒྱ་གར་དུ་འབྱོར་དུས་ཕོ་ལོ་བཅོ་བརྒྱད་བརྒལ་ཟིན་པས་དབུས་སྣེ་ལེན་ཁང་གིས་ཤེས་རབ་དགའ་ཚལ་སློབ་གླིང་(གསོག་སྒར་སློབ་གྲྭ)དུ་བཏང་། དེར་ཁོས་ཐོག་མར་ཁོ་དང་ལྷན་དུ་འབྱོར་བ་བྱིངས་ལྟར་རྩེ་གཅིག་གིས་ཡི་གེ་སྦྱངས་མོད། འོན་ཀྱང་ཁོ་དང་ལྷན་དུ“ཀ་ཁ་ག་ང”དང“ABCD”སྦྱོང་འགོ་བརྩམས་པའི་རོགས་པ་ཚོས་བོད་ཡིག་གི་སྦྱོར་ཀློག་དང་ཨིན་ཇིི་ཐར་ཐོར་ཀློག་ཤེས་པར་གྱུར་རུང་། ཁོས་ཀ་མད་སུམ་ཅུ་དང་དབྱངས་གསལ་སོ་བཞི་ངོས་ཟིན་ལ་མི་ཟིན་ཙམ་ལས་མ་བྱུང་བས། “རང་ཉིད་ཡི་གེ་ཤེས་པའི་ལས་མེད་པར”(ཁོ་རང་གི་ཚིག་རེད།)ཡིད་ཆེས་ནས་སློབ་གྲྭའི་ལག་ཤེས་སྡེ་ཚན་གྱི་འཚེམ་ཁང་དུ་ཞུགས།
ལོ་གསུམ་ལ་ལག་ཤེས་སྦྱངས་ནས་མཐར་ཕྱིན་དུས། ཁོས་ཕ་ཡུལ་གཅིག་པའི་དགེ་བཤེས་ཤིག་གི་ལག་ནས་གཡར་བའི་སྒོར་སྟོང་ཕྲག་འགའ་ལས་མེད་པས། འཚོ་བ་འཁྱོལ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཆེན་པོ་བྱུང་ཟེར། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ། རོགས་པ་ཞིག་བརྒྱུད་དེ་ཁོ་ལ་སྨན་རྩིས་ཁང་གི་མཚན་སྲུང་གི་ལས་ཀ་རག་པས། འཁྱག་ལྟོགས་མ་རེག་ཙམ་བྱུང་བར་མ་ཟད། དེ་རྗེས་རྡ་སའི་འཚེམ་ཁང་ཞིག་ལ་ལས་ཀ་རག དེ་ནི་ཁོས་སློབ་གྲྭའི་ནང་ལག་ཤེས་སྦྱངས་པའི་ཕན་འབྲས་ལོས་ཡིན།
ལོ་འགའི་གོང་དུ་ཡང་ངོ་ཤེས་ཤིག་བརྒྱུད་དེ་ཁོ་ལ་གངས་སྐྱིད་གཞུང་གི་ཁང་བརྩེགས་རྣམས་སྲུང་བའི་ལས་ཀ་རག་པར་མ་ཟད། སྔར་གྱི་ལས་བྱེད་སའི་འཚེམ་ཁང་དེ་ལས་དགོངས་པ་ཞུས་ཏེ་རོགས་པ་ཚོགས་པའི་འཚེམ་ཁང་དུ་ལས་སྒྱུར་བྱས་ཤིང་། ཉེ་ཆར་ཟླ་ཕོག་འཕར་ཡོད་པའི་སྐོར་ཁོས་བཤད་ཚར་མ་ཐག་དེ་རེད།
“ད་ནི་ཁྱོད་ཀྱིས་མཚན་སྲུང་ལས་ཀ་དེ་བསྐྱུར་ན་ཏག་ཏག་རེད། དེའི་ཚབ་ཏུ་ལས་ཁུངས་ནས་ཁུག་མ་འགའ་ཁྱེར་ཏེ་ནང་དུ་བཙེམས་ན། སྒོར་མོ་གཅིག་མཚུངས་རག་ས་རེད། དེའི་ཐོག་མཚན་མོའི་གཉིད་ཆག་པའི་སྡུག་མྱོང་མི་དགོས།” ངས་ཁོ་ལ་སྐབས་དེའི་རང་གི་སེམས་ཚོར་ངོ་མ་དེ་དྲང་པོར་བརྗོད། དྲང་པོར་བརྗོད་ན། ནམ་རྒྱུན་ཁོས་ཉིན་ཧྲིལ་བོར་འཚེམ་ཁང་དུ་ལས་བྱས་རྟིང་། མཚན་མོར་ཡང་གངས་སྐྱིད་གཞུང་གི་ཁང་བརྩེགས་རྣམས་སྲུང་དུ་འགྲོ་དགོས་པ་མཐོང་བ་དེས་ངའི་སེམས་པ་ལྗིད་ཏིག་གེར་གཏོང་ཞིང་། ཁོ་ལ་དཔལ་འབྱོར་ཐད་རོགས་ཕྲན་བུ་རེ་བྱས་ཏེ་མ་མཐར་ཉིན་མཚན་གཉིས་ཀར་དཀའ་ལས་རྒྱག་མི་དགོས་པ་ཞིག་བཟོ་ཐུབ་ན་ཅི་མ་རུང་སྙམ་མོད། འོན་ཀྱང་ང་རང་ཉིད་ཀྱང་ཕ་མ་སྤུན་མཆེད་ཚོར་བརྟེན་པའི་སློབ་མ་དཀྱུས་མ་ཞིག་ཡིན་སྟབས། ཀུན་སློང་བཟང་པོ་དེ་སེམས་ཀྱི་སྦུག་ཏུ་ལུས་པ་ལས་ལག་ཏུ་ལེན་མ་ཐུབ། དེས་མ་ཚད་ཉེ་བའི་ལོ་འགའི་རིང་ལ་ངའི་ཕ་ཡུལ་འབྲི་རུའི་ཆབ་སྲིད་ཀྱི་གནས་བབ་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ནས་ཕ་ཡུལ་དང་འབྲེལ་ཐག་ཡོངས་སུ་ཆད་པས། སྒོར་མོ་གཏོང་ལེན་བྱེད་རྒྱུ་ཕར་ཞོག་ཐ་ན་ཨ་ཕ་གྲོངས་པའི་གཏམ་ངན་གོ་རྗེས། ང་ལ་ཨ་མར་སེམས་གསོ་བའི་སྐད་ཆ་ཚིག་གཅིག་ཀྱང་ཞུ་བའི་གོ་སྐབས་མ་ཐུབ། དེ་བས་དེང་སྐབས་ངས་ཁོ་ལ་རོགས་བྱེད་རྒྱུ་ལས་ལྡོག་སྟེ་ངའི་ཁ་པར་གྱི་དངུལ་སྣོན་མཁན་དང་། སྒོར་ཁུག་ནང་ལྔ་བརྒྱ་དང་སྟོང་ལོར་རེ་ཟུང་འཇུག་མཁན་དེ་ཁོ་ཡིན།
“ག་བ་ག་བ། མཚན་སྲུང་གི་ལས་འདི་བསྐྱུར་འཆར་མེད། ང་རང་རྡ་ས་ནས་མ་ཐོན་བར་བྱེད་རྒྱུ་ཡིན།” ཁོས་ལན་སྟེར་བྱུང་བ་དང་། སྐད་གདངས་ལ་ཆོད་སེམས་ཀྱིས་ཁེངས།
“ཅི་བྱས་ནས? ཉིན་མཚན་གཉིས་ཀར་ཕེར་གྱི་འདུག་གམ།” ངས་ཡང་བསྐྱར་ཁོ་ལ་དྲིས།
“དཀའ་ལས་ཏོག་ཙམ་ཁག་གི་འདུག་རུང་མཚན་སྲུང་བྱེད་རྒྱུ་ཡིན། མི་གཞན་གྱིས་འདི་ལས་ཀ་ཐབས་རྡུགས་ཤིག་ཏུ་བརྩི་བ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་ངས་བོད་གཞུང་གི་ལས་ཁུངས་སྲུང་བ་འདི་རང་གི་སྤོབས་པ་ཞིག་ལ་བསྒོམ་ཡོད། ང་སློབ་སྦྱོང་མེད་པའི་མི་སེར་ཕལ་པ་ཞིག་ལ་མཚོན་ན། རང་གི་གཞུང་དང་རྒྱལ་ཁབ་ལ་ཞབས་འདེབས་ཞུ་བའི་ནུས་པའམ་གོ་སྐབས་འདི་ལས་མེད།” ཁོས་དེ་ལྟར་ལན་བཏབ་པ་དང་། སྐད་ཀྱི་གསེང་དུ་སོ་སོའི་གཞུང་ལ་བློ་དཀར་སེམས་དཀར་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཀྱིས་ཕྱུག ངས་ཅི་ཞིག་བརྗོད་དགོས་མ་ཤེས་པར་ཁ་རོག་ཁོ་ལ་ཉན་ནས་བསྡད།
“ཨ་བྲ་ཆུང་ཡང་སུག་བཞི་ཚང་ཞེས་པའི་དཔེ་ལྟར་ང་ཚོས་གནས་སྟངས་སྐྱོ་ཡང་གཞུང་ནི་བོད་རྒྱལ་ཁབ་ཆེན་པོའི་གཞུང་རེད།” ཁོས་ང་རང་ཁ་རོག་བསྡད་དེ་ཉན་བཞིན་ཡོད་པ་མཐོང་བས་མུ་མཐུད་བྱུང་། “དེ་འདྲ་ཡིན་དུས་ངས་རང་གི་ནུས་པ་ལ་དཔག་པའི་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པ་འདི་མི་ཚེའི་གཟི་བརྗིད་དང་སྤོབས་པ་ཆེ་ཤོས་ལ་བརྩི་ཡི་ཡོད། གལ་སྲིད་ང་རང་ཨ་རི་བ་ཞིག་ཡིན་པའི་དབང་དུ་བཏང་ན། ཨ་རིའི་ཕོ་བྲང་དཀར་པོ་སྲུང་མཁན་ཞིག་ཆགས་ཡོད།”
མཚམས་དེར་ངེད་གཉིས་ཀ་གད་མོ་ཤོར་བ་དང་། སྐར་ཆ་འགའ་ལ་ཁོའི་སྐད་ཆའི་མཚམས་ཆད་སོང་། དེ་ནས་ཁོས་དགོད་མཚམས་བཞག་སྟེ་དོ་ནན་གྱི་རྣམ་འགྱུར་ཞིག་བསྟན་ནས་སླར་ཡང་འདི་ལྟར་སྨྲས་བྱུང་སྟེ། “དགོད་རྒྱུ་ཅི་འདུག ངས་ངོ་མ་བཤད་པ་ཡིན། གལ་སྲིད་ང་ཚོར་རང་བཙན་ཐོབ་པ་ཡིན་ན། ང་ཕོ་བྲང་པོ་ཏཱ་ལ་མཚན་སྲུང་བྱེད་མཁན་ཡིན། སློབ་སྦྱོང་མེད་པའི་མི་དཀྱུས་མ་ང་ལྟ་བུ་ཞིག་ལ་མཚོན་ན། དེ་ལས་ལྷག་པའི་སྤོབས་པ་དང་གཟི་བརྗིད་ཅི་ཞིག་ཡོད། ཨ་ཁོ་རེ། མ་རེད་དམ།”
ཁོའི་བསམ་བློ་གཏོང་སྟངས་དེས་ང་རང་ཧང་སངས་སུ་བཅུག་བྱུང་། མ་གཞི་མི་ཞིག་གི་བསམ་བློའི་སྤུས་ཚད་དེ་ཡི་གེ་འབྲི་ཀློག་ཤེས་དང་མ་ཤེས་ལ་འབྲེལ་བ་དེ་ཙམ་མེད་པ་འདྲ། ངས་དཔེ་དེབ་ནང་ཡོད་པའི་གནས་ཚུལ་རྣམས་ལ་ལྟ་ཀློག་ཐུབ་པའི་རྒྱུ་མཚན་ཁོ་ན་ལ་བརྟེན་ནས་བསོད་དར་གྱིས་རྒྱུན་པར”ཁྱོད་ཚོ་ཤེས་ཡོན་ཅན”ཟེར་ཏེ་སེམས་གཏིང་ནས་བརྩི་མཐོང་ཆེན་པོ(ཡི་གེ་མི་ཤེས་མཁན་ཚོས་ཡི་གེ་ཤེས་མཁན་ཚོ་མཆོག་ཏུ་མཐོང་གི་ཡོད་པར་སྣང་།)བྱེད་རུང་། དོན་དངོས་ཐོག་ཡིག་རྨོངས་ཀྱི་མཚན་སྲུང་བ་འདིའི་འདུ་ཤེས་འཛིན་སྟངས་དེ་རང་ཉིད་ལས་ལྷག་པ་རྟོགས། ངོ་མ་རང་གིས་སློབ་སྦྱོང་བྱེད་པའི་རྒྱུད་རིམ་ཁྲོད། སྒེར་གྱི་ཁེ་ཕན་མི་སེམས་པར་གཞུང་དང་རྒྱལ་ཁབ་ཀྱི་ཆེད་དུ་སོ་སོའི་ནུས་པར་དཔག་པའི་ཞབས་འདེགས་སྒྲུབ་དགོས་སྙམ་པའི་ཀུན་སློང་དག་མ་ཞིག་སྐྱེ་མྱོང་ངམ། མ་གཞི་གངས་སྐྱིད་དུ་ཡོད་པའི་བོད་གཞུང་ནི་དེ་འདྲའི་ཡང་དག་པའི་གཞུང་ཞིག་མིན་རུང་། དེ་ནི་གཞུང་ཞབས་ཡིན་ཟེར་མཁན་དེ་ཚོའི་སྐྱོན་ཡིན་པ་ལས་གཞུང་རང་གི་ནོར་འཁྲུལ་མ་ཡིན་པས། ང་ཚོ་གཞུང་དེའི་མི་སེར་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་གྱི་མི་སེར་ཚོས་སོ་སོའི་གཞུང་ལ་མཐོང་ཆེན་དང་གུས་བཀུར་བྱེད་པ་ལྟར་བྱས་ན་ཆོག་ཨང་། མ་མཐར་བསོད་དར་བཞིན་སེམས་གཏིང་ནས་བློ་དཀར་ཐུབ་ན་ཅིས་མི་ཆོག ངོ་མ་ཤེས་ཡོན་དང་གོ་ཐུབ་ལ་མ་ལྟོས་པར་བོད་པ་མི་རེ་ངོ་རེས་མཚན་སྲུང་བ་དཀྱུས་མ་འདིའི་འདུ་ཤེས་བཟུང་ནས་འཇོན་ཚོད་ཀྱིས་ཞབས་འདེགས་བསྒྲུབས་ན། བོད་རྒྱལ་ཁབ་ཆེན་པོ……།
“ད་ང་རང་འགྲོ་རན་སོང་། འདི་ལྟར་ཁ་བརྡ་བྱས་ནས་འདུག་ཁོམ་མི་འདུག དོ་དགོང་ང་རང་འགྲོ་རེས་ཐོག་མ་དེ་ཁེལ་ཡོད།” བསོད་དར་གྱིས་དེ་ལྟར་བརྗོད་དེ་ངའི་བསམ་གཞིགས་ཀྱི་སྣེ་བཅད་སོང་། ཁོ་ལ་མཚན་སྲུང་རོགས་པ་གཞན་གཉིས་ཡོད་ཅིང་། མཚན་སྲུང་རེ་རེས་ཆུ་ཚོད་གསུམ་རེ་སྲུང་དགོས་པ་དང་། དོ་ནུབ་ཐོག་མའི་འགྲོ་རེས་དེ་ཁོ་ལ་ཁེལ་བ་རེད།
”ཏོག་ཙམ་སྡོད། ངས་ཡང་བསྐྱར་ཆུ་གང་བསྐོལ་ཡོང་། དེ་བཏུངས་ནས་སོང་།” ངས་ཁོ་ལ་བརྗོད། ངེད་གཉིས་ཀྱིས་གླེང་མོལ་བྱེད་ཞོར་ཆུ་བཏུངས་པས། གློག་སྣོད་ནང་བསྐོལ་བའི་ཆུ་དེ་བཏུངས་ཟིན།
“མིན་མིན། ད་མ་ཕྱིན་ན་མི་འགྲིག ཁང་པའི་མཐའ་འཁོར་གྱི་གློག་རྣམས་སྤར་དགོས།” ཁོས་དེ་ལྟར་བརྗོད་པ་དང་སྦྲགས་ཉལ་ཁྲིའི་ཐོག་ནས་ཡར་ལངས་པས་ངས་འགོག་ག་ལ་བཏུབ།
ཁོ་ཅུང་བྲེལ་བའི་ངང་སྦུག་ཁང་ནས་མདོ་ཁང་ལ་ཕྱིན་པ་དང་། སྒོ་མཚམས་སུ་སྒུ་ཙམ་བྱས་ནས་ལྷམ་གྱོན་སོང་། ང་ཡང་ཡར་ལངས་ཏེ་སྦུག་ཁང་གི་སྒོ་མཚམས་བར་ཕྱིན་ཞིང་། སྒོ་སྒྲོམ་ཐོག་ལག་པ་བཞག་ནས་བསྡད། ཁོ་མདོ་ཁང་ནང་འབྱོར་རྗེས། མདོ་ཁང་གི་སྒེའུ་ཁུང་མཚམས་སུ་བརྒྱབས་པའི་ཉལ་ཁྲི་ཆུང་ཆུང་དེའི་ཐོག་ཏུ་གཡུགས་པའི་ལག་ཤུབས་མཐུག་པོ་ཆ་དེ་ཡར་བསྒྲུགས་ཏེ་བྱ་སྤུའི་སྟོད་ཐུང་མཐུག་པོ་དེའི་གློ་ཁུག་ནང་བརྫངས་པ་དང་། སྒོ་རྒྱབ་ཏུ་སྒྲིག་ལམ་མེད་པར་བཀལ་བའི་གྱོན་ཆས་དང་འགྱིག་ཁུག་རྣམས་ཀྱི་ཁྲོད་ནས་སྐེ་དཀྲིས་ནག་པོ་དེ་བླངས་ནས་སྐེ་ལ་དཀྲི་ལི་གཉིས་བརྒྱབས་རྗེས་སྣེ་མོ་གཉིས་སྟོད་ཐུང་གི་བྲང་ཁའི་ཐོག་ནས་མར་བསྣར་ཅིང། དེ་ནས་ཡང་སྒོ་རྒྱབ་ཏུ་བཀལ་བའི་ཆར་གོས་དམག་ཆས་ཀྱི་མདོག་ཅན་(སེར་ཁྲ)དེ་མར་ཕབ་སྟེ་ལུས་སྟེང་དུ་བཀབ་སོང་། ཁྱད་མཚར་བ་ཞིག་ལ། ཁོས་དམག་ཆས་མདོག་ཅན་གྱི་ཆར་གོས་དེ་གྱོན་རྗེས། ཁོའི་ལུས་སྟེང་ལ་གློ་བུར་གྱི་རྒས་ཉམས་ཤིག་དོད་འདུག་ཅིང་། དེས་ང་ལ་བརྗོད་མི་ཤེས་པའི་སྐྱོ་སྣང་ངམ་ཞེད་སྣང་ཞིག་སྟེར་བྱུང་། ངས་ད་རུང་ཉེ་བའི་ལོ་འགའི་ནང་ཁོའི་དཔྲལ་བའི་སྐྲ་མཚམས་ཀྱང་མངོན་གསལ་དོད་པོས་ཇེ་མཐོར་འགྲོ་བཞིན་པའང་དྲན་བྱུང་། འདིས་ངེད་གཉིས་ཀྱི་ལང་ཚོའི་མེ་ཏོག་དེ་ས་མཐའི་ཡུལ་གྲུ་འདིར་ཅི་ཡིན་འདི་ཡིན་མེད་པར་རིམ་གྱིས་རྙིད་བཞིན་པ་སྟོན་པ་མ་ཡིན་ནམ། དེ་ནི་སེམས་ཀྱི་གཏིང་རིམ་གང་ཞིག་ན་ཟུག་པའི་གཟུགས་མེད་ཀྱི་ཚེར་མ་ཞིག་དང་ཅི་འདྲའི་མཚུངས་ཨང་།
དེ་རྗེས་ཁོས་འཁྱག་སྒམ་ཐོག་ཏུ་བཞག་པའི་ལུང་ཐག་ཅན་གྱི་ཤུ་རིལ་དེ་ཚུར་བླངས་ནས་སྐེ་ལ་གྱོན་པ་དང་། ལག་པས་གློག་ཁུག་གཡས་གཡོན་ལ་རེག་ཙམ་བྱེད་བཞིན་མཐའ་འཁོར་ལ་ཅི་ཞིག་ལྷག་ཡོད་མེད་ཀྱི་མིག་ཉུལ་ཞིག་བྱས་རྗེས། མདོ་ཁང་གི་སྒོ་ནས་ཕྱིར་དོན་ཞིང་། ཡང་ཅི་ཞིག་དྲན་པ་ལྟར་སྒོ་མཚམས་ནས་ཕྱིར་ལྟས་བྱས་ཏེ“དེ་རིང་ང་སྒང་ལ་ཉལ་འདུག་གི་ཡིན། ཁྱོད་སྒོ་བརྒྱབས་ནས་ལྷོད་ལྷོད་ཉོལ”ཞེས་སྨྲས་ཤིང་སྒོ་ནས་བུད་སོང་། ང་རང་རྐང་རྗེན་དུ་སྦུག་ཁང་ནས་དོན་ཏེ་མདོ་ཁང་གི་སྒོ་གཏན་དུས། བསོད་དར་རྡོ་སྐས་ཐོག་ནས་མར་འབབ་པའི་སྡོག་སྒྲ་ཐོས་བྱུང་།
སྒོ་གཏན་རྗེས་ང་རང་སླར་སྦུག་ཁང་དུ་ལོག ངས་ཅོག་ཙེའི་ཟུར་དུ་སྤུངས་པའི་བྱ་རུས་དང་ཕོར་པ་སྟོང་པ་གཉིས་བརྔོ་སླང་ནང་དུ་བླུགས་ནས་མདོ་ཁང་གི་ཁྲུས་གཞོང་ནང་བསྐྱལ་རུང་། བརྔོ་སླང་ནང་ཆུ་ཕྲན་ཙམ་བླུགས་ནས་བསྐྱུར་བ་ལས་མ་བཀྲུས། ང་ལ་སྣོད་དང་ཕོར་པ་དེ་མར་འཁྲུད་པའི་གོམས་གཤིས་དེ་ཙམ་མེད་པའི་ཐོག དེ་ལྟར་རྐང་རྗེན་དུ་ཕར་ཚུར་རྒྱུགས་པ་དེས་ངའི་རྐང་པ་གྲང་ནས་ཟུག་གཟེར་ལངས་གྲབས་བྱེད་ཀྱིན་འདུག ངས་མགྱོགས་མྱུར་གློག་གི་ཆུ་སྐོལ་བྱེད་ནང་སླར་ཡང་ཆུ་གང་བླངས་ཏེ་གློག་སྒོ་མར་མནན་རྟིང་། ཉལ་ཁྲིིའི་སྟེང་མཆོངས་ནས་ཕོ་ཁེབས་ནང་འཛུལ་བ་མ་ཟད། ལག་པས་མདོ་ཁང་གི་ཞ་ལ་གྲང་མོར་རེག་ནས་ཟུག་གཟེར་ལངས་པའི་རྐང་མཐིལ་ལ་བསྡམ་ཙམ་བསྡམ་ཙམ་བགྱིས་ནས་བསྲོས་པས། བདེ་སྣང་དང་དྲོད་སྣང་དམིགས་བསལ་བ་ཞིག་བྱུང་།
ད་ནི་ས་ཡོངས་སུ་རུབ་ཟིན། ངས་མལ་ཆས་ཀྱིས་ཁོག་སྨད་གཅུད་དེ་ཉལ་ཁྲིའི་ཐོག་བསྡད་ཅིང་། གང་དུ་ཕྱིན་ཡང་རྒྱབ་ཁུག་ནང་ཁུར་བའི་འབྲི་དེབ་དེ་པུས་མོའི་ཐོག་བཞག་སྟེ་ཉིན་ཐོ་འབྲི་ཞོར། ཉལ་ཁྲིའི་མཚམས་ཀྱི་ཅོག་ཙེའི་ཟུར་དུ་བཞག་པའི་ཕོར་པ་ཡང་ཡང་ཁ་རུ་ཁྱེར་ནས་ཆུ་ཁོལ་བཏུངས།
ཉིན་ཐོའི་ནང་ངས་ཐོག་མར་དོ་ནུབ་བསོད་དར་གྱིས་བཤད་པའི་སྐད་ཆ་དང་དེས་མཚོན་པའི་བསམ་བློས་ང་ལ་སེམས་འགུལ་ཚད་མེད་ཐེབས་པའི་སྐོར་བྲིས་ཤིང་། དེ་ནས་ངེད་གཉིས་ཐོག་མར་གསོག་སྒར་སློབ་གྲྭའི་ནང་ཐུག་པ་དང་། (ཁ་ལག་ཟ་སའི་ཅོག་ཙེ་གཅིག་པ་རེད།) གསར་པའི་སྐབས་སུ་ང་ཚོ་ཅོག་ཙེ་གཅིག་པ་འགའ་མཚོ་པདྨར་གནས་སྐོར་དུ་འགྲོ་དུས། ངའི་དངུལ་ཁུག་བོར་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་བ་ན། ཁོས་ལམ་གླ་དང་ཟ་འཐུང་གི་འགྲོ་སོང་འདང་ཙམ་གཡར་བ་ནས་བཟུང་ངེད་གཉིས་གྲོགས་པོ་བཟང་པོར་གྱུར་བའི་ཚུལ་བྲིས་པར་མ་ཟད། ད་རུང་ཉིན་ཞིག་ལ་ངས་རང་ཉིད་རྒྱ་གར་དུ་ཡོང་བ་དེ་ནོར་འཁྲུལ་ཞིག་མིན་ནམ་སྙམ་ཞིང་། རྒྱ་གར་དུ་ཡོང་ནས་གནས་ཚུལ་སྣ་ཚོགས་པ་ཞིག་ཤེས་ཀྱང་ཕན་ཐོགས་མེད་པའི་སྐོར་བརྗོད་པར། ཁོས་མགོ་བོ་གཡུག་བཞིན་ཅུང་སེམས་ཕམ་པའི་གདངས་ཀྱིས“ཁྱོད་ཚོ་ཤེས་ཡོན་པ་ཚོས་བསམ་བློ་ཅི་འདྲ་གཏོང་གི་ཡོད། ང་རྒྱ་གར་དུ་ཡོང་ནས་ཡི་གེ་དང་ཤེས་ཡོན་མ་ཤེས་ཀྱང་། འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་དང་མཇལ། སོ་སོའི་རྒྱལ་ཁབ་ཀྱི་གཞུང་ངོ་མ་དེ་ངོས་ཟིན་པ་དེ་ཙམ་གྱིས་འགྲིག་འདུག་སེམས་ཡོད། དྲང་པོར་བཤད་ན། ང་ཚོ་བོད་དུ་འདུག་སྐབས་ཅི་གང་ཤེས་ཀྱི་མེད་པ། གནས་ཚུལ་མང་པོ་ཞིག་ཤེས་པ་དེས་འདི་ཡིན་ཟེར་བའི་ཕན་ཐོགས་རྡོག་རྡོག་ཅིག་སྟོན་མི་ཐུབ་ཀྱང་། བསམ་བློའི་འཛིན་སྟངས་ལ་ཁྱད་པར་བཟོ་ངེས། མ་འོངས་པར་ང་ཚོ་ལ་ཕྲུ་གུ་ཡོད་དུས་སློབ་གསོ་སྤྲོད་སྟངས་མི་འདྲ།”ཞེས་བཤད་དེ་ཤེས་ཡོན་ཅན་གྱི་ང་རང་ཅུང་སླ་པོ་བཟོས་པའི་སྐོར་སོགས་བསོད་དར་གྱིས་རང་ལ་བཞག་པའི་བག་ཆགས་ཟབ་མོ་རྣམས་དྲན་པའི་གོ་རིམ་བཞིན་བྲིས།
ཉིན་ཐོ་ཚར་དུས་ཆུ་ཚོད་བཅུ་པ་ཡོལ་འདུག (ང་ལ་སྤྱིར་ལས་ཆོད་ཁྱོན་ནས་མེད་པའི་ཐོག རྩོམ་འབྲི་དུས་ལྷག་ཏུ་འགོར།) ངའི་སེམས་སུ་ལས་དོན་ཆེན་པོ་ཞིག་གྲུབ་པའི་དགའ་སྤོབས་ཀྱིས་ཁེངས། ངོ་མ་རྒྱུན་པར་རང་གི་ཚོར་སྣང་དང་བསམ་ཚུལ་རྣམས་ཇི་བཞིན་ཡིག་ཐོག་ཏུ་འབེབས་ཐུབ་ན། བརྗོད་མི་ཤེས་པའི་ཚིམ་སྣང་ཞིག་ལུས་སེམས་ཀུན་ཏུ་ཁྱབ་འགྲོ།
ང་རང་ཁང་པའི་ཕྱི་ལ་ཡོད་པའི་གསང་སྤྱོད་དུ་ཉལ་ཁའི་གཅིན་པ་གཏོང་བར་འགྲོ་སྐབས། སྨག་ནག་སྟུག་པོའི་ཁྲོད་དུ་རྡ་ཤོད་གྲོང་བརྡལ་དང་ཀང་རཱ་ལུང་གཤོངས་ནི་སྐར་ཚོགས་ས་རུ་འཕོས་པ་ལྟར་ཁྲ་ཐིང་ངེར་འདུག་ལ། རླུང་བུ་ཤུགས་ཤུགས་ལྡང་ཚུལ་ལ་ཉན་ན། དྲག་ཆར་ཞིག་འབབ་ལ་ཉེ་བ་རྟོགས་ཐུབ། གསང་སྤྱོད་ཀྱི་དཀར་ཡོལ་ཞ་ལའི་ཐོག་ལངས་ནས་གཅིན་གཅིས་དུས། ང་ལ་ཁོག་འདར་ཞིག་དབང་མེད་དུ་ཤོར་སོང་།
གཅིན་བཏང་ཚར་མ་ཐག ངས་མྱུར་མོར་མདོ་ཁང་གི་སྒོ་གཏན་ནས་སྦུག་ཁང་དུ་འཛུལ་ཞིང་། ཕོ་ཁེབས་གཉིས་དང་ཀམ་པ་ལིང་གཅིག་བླངས་ནས་ཉལ་ས་དྲོན་པོ་ཞིག་བཅས་རྟིང་། ནང་འཇམ་མ་གཏོགས་བྱ་སྤུའི་སྟོད་ཐུང་དང་གོས་ཐུང་ཕུད་དེ་ཕོ་ཁེབས་ཐོག་གཡུགས་ནས་ཉལ་ཆས་འོག་ཏུ་འཛུལ། དེ་ལྟར་ཉལ་ཆས་ནང་འཛུལ་ཚར་བ་ན། ལག་ཡ་ཉལ་ཆས་ཀྱི་གོང་བ་ནས་ཕར་བརྐྱངས་ཏེ་ཅོག་ཙེའི་ཟུར་དུ་བཞག་པའི་རྒྱང་འཛིན་ཚུར་བླངས། ང་ལ་མཚོན་ན། གནམ་གཤིས་འདི་འདྲའི་གྲང་ངར་ཆེ་དུས། མལ་ས་དྲོན་མོའི་ནང་ཉལ་ནས་བརྙན་འཕྲིན་ལ་ལྟ་བ་ནི་མཆོག་ཏུ་གྱུར་བའི་བདེ་བ་ཞིག་ཡིན། ངས་བརྙན་འཕྲིན་གྱི་རྒྱུད་ལམ(Channel)འགའ་ཤས་བརྗེས་མཐར། “ཨ་རིའི་གླུ་ངག”ཅེས་པའི་གླུ་གཞས་འགྲན་ཚོགས་ཐད་གཏོང་ཞིག་ལ་བལྟས། འགྲན་ཚོགས་ནང་ཞུགས་མཁན་དཀྱུས་མ་རྣམས་བུད་ཚར་ནས་ཕུལ་དུ་བྱུང་བའི་གཞས་པ་ཚོས་ཆེས་མཐའ་མཇུག་གི་རྒྱལ་ཁ་རྩོད་བཞིན་འདུག་པས་ལྟད་མོ་ཆེན་པོ་འདུག
ཡིན་ན་ཡང་། ཅུང་ཙམ་གྱི་རྗེས་སུ་གློ་བུར་དུ་བརྙན་འཕྲིན་དང་ཁང་པའི་གློག་ཤི་ནས་ཁང་པ་ཧྲིལ་བོ་ནག་འཐེབས་སེར་དང་འཇམ་ཐིང་ངེར་གྱུར་སོང་། ངའི་སེམས་སུ་རྡ་སའི་གློག་ནི་ལྟད་མོ་བྲོ་བ་ནམ་ཆེ་བའི་སྐབས་སུ་ཤི་འགྲོ་སྙམ་ནས་ཕངས་སེམས་ཆེན་པོ་ཞིག་སྐྱེས་ཀྱང་བྱ་ཐབས་ཅི་ཡོད།
ད་ནི་བརྙན་འཕྲིན་ནང་གི་འགྲན་ཞུགས་པ་ཚོའི་གླུ་སྐད་དང་སྒྲ་དབྱངས་མེད་པས། ངས་ཕྱི་རུ་རླུང་བུ་ཤུགས་ཤུགས་སུ་ལྡང་བཞིན་པ་ཐོས་ཐུབ། ངའི་སེམས་སུ་གནམ་གཤིས་འདི་འདྲ་ཡིན་དུས་གློག་མགྱོགས་པོ་ཡོང་མི་སྲིད་སྙམ་པ་དང་། མལ་ཆས་ལས་དོན་ནས་བརྙན་འཕྲིན་དང་ཁང་པའི་གློག་སྒོ་རྣམས་བསད་རྗེས། ཕྱིར་ཉལ་ཆས་ནང་འཛུལ་ཞིང་བདེ་རུ་ཕབ་པ་དང་། ལག་པས་ཉལ་ཆས་ཀྱི་ཟུར་སྣེ་ལུས་པོའི་འོག་ཏུ་ཐེན་ཙམ་བྱས་ཏེ་མཁའ་དབུགས་གྲང་མོ་ཡོང་ས་མེད་པ་བཟོས་པ་ན། མལ་ས་ལ་བདེ་དྲོད་གསར་པ་ཞིག་མཆིས། ངོ་མ་ཕྱི་རུ་གྲང་རླུང་ཤུགས་ཤུགས་སུ་ལྡང་བའི་མཚན་མོར། ལག་ཟུང་སྐུམ་སྐུམ་བྱས་པའི་པུས་མོའི་ཐོག་བཞག་སྟེ་ཉལ་བ་དེའང་ཅི་འདྲའི་བདེ་སྐྱིད་ཅིག་རེད་ཨང་།
ཐོག་མར་རླུང་ཤུགས་དེ་ཙམ་མི་ཆེ། ལྗོན་ཤིང་ཐོག་ནས་འཕྱངས་པའི་ལོ་མ་དང་། གློག་ཀར་རྩེ་ནས་ཐེན་པའི་གློག་སྐུད་ལ་རེག་པའི་ཤུགས་སྒྲ་ལས་མེད་རུང་། རིམ་གྱིས་ཇེ་ཆེར་གྱུར་ནས་མཚམས་ཤིག་ལ་མདོ་ཁང་གི་སྒེའུ་ཁུང་ཡང་ཆག་སྒྲ་དང་བཅས་རྡེབ་འགོ་བརྩམས་སོང་སྟབས། ངས་ཡང་བསྐྱར་མལ་ས་དྲོན་མོའི་བདེ་བ་བློས་གཏོང་ཐེངས་གཅིག་བྱེད་དགོས་བྱུང་། ངས་ཁ་པར་གྱི་གློག་བསྒྲོན་ནས་མྱུར་སྟབས་ཀྱིས་ཕྱི་རུ་དོན།
ངས་ཁང་པའི་སྒེའུ་ཁུང་རྣམས་དམ་པོར་རྒྱག་སྐབས། གནམ་གཤིས་ཀྱིས་སྒུག་མི་བཟོད་པ་ལྟར་ཆར་ཐིགས་ཆེན་པོ་རྣམས་ཤག་ཤག་ཏུ་འབབ་འགོ་བརྩམས་པར་མ་ཟད། ནམ་མཁའ་ཧྲིལ་བོ་ཕྱེད་གཤག་གཏོང་ཨེ་འགྲོ་སྙམ་པའི་གློག་དམར་རེ་འཁྱུགས་ནས་རྡ་སའི་རི་གྲོང་ཉིན་མོ་ལྟར་དཀར་ཤིག་གེར་བསྒྱུར་རྗེས། ས་གཞི་ཐམས་ཅད་དབྲལ་ཨེ་འགྲོ་བསམ་པའི་འབྲུག་སྒྲ་རེ་ལྡིར་ཡོང་།
ང་རང་སླར་ཡང་ཉལ་ཆས་ཀྱི་འོག་ཏུ་འཛུལ་ནས་བདེ་རུ་ཕབ་པ་ན། མལ་ས་ལ་སྔར་ལས་ལྷག་པའི་བདེ་དྲོད་འཕར་མ་ཞིག་ཡོད་པའི་ཚོར་སྣང་སྐྱེས། ངས་ཁ་པར་གྱི་གློག་སྒྲོན་བལྟལ་བ་དང་། སྔོན་བཞིན་ལག་པས་ཉལ་ཆས་ཀྱི་སྣེ་མོ་ལུས་ཀྱི་འོག་ཏུ་བཅུག་ནས་མཚན་མོའི་མཁའ་རླུང་གྲང་མོ་རུམ་དུ་འཛུལ་ས་མེད་པར་བཟོས། དེ་ནས་ཡང་ངས་གནམ་གཤིས་འདི་ལྟ་བུའི་སྐབས་སུ་ཁ་པར་གྱིས་གློག་འཐེན་ཟེར་བ་དྲན་པས། སླར་ཁ་པར་ལག་ཏུ་བླངས་ནས་གློག་སྒོ་ཡོངས་སུ་བརྒྱབས་པ་ཡིན།
ང་རང་མལ་ས་དྲོན་མོའི་ནང་བདེ་རུ་འཁོར་ནས་གཉིད་ཡོང་བར་སྒུག་བཞིན་པའི་ཚེ། ངས་གློ་བུར་དུ་བསོད་དར་དྲན་བྱུང་། ཁོ་ད་ལྟ་གང་དུ་ཡོད་དམ། ཁོས་སྐེ་ལ་ལུང་ཐག་ཅན་གྱི་ཤུ་རིལ་དེ་གོན་ཞིང་ཁོག་སྟོད་ལ་དམག་ཆས་མདོག་ལྡན་གྱི་ཆར་གོས་དེ་གཡོགས་ནས་གངས་སྐྱིད་ཀྱི་ཁུག་ཀྱོག་གང་ཞིག་ཏུ་ཆར་གཞའ་བྱེད་ཀྱིན་ཡོད་དམ། སྐད་ཅིག་ལ་འཁྱུག་པའི་གློག་འོད་ཁྲོད་དུ་ཁོ་རང་ཁང་པའི་ཁུག་ཀྱོག་གང་ཞིག་ཏུ་འདྲེ་ལྟར་ནག་ཡོལ་རེར་ལངས་ཡོད་པ་མཐོང་ཐུབ་སྲིད་ལ། ད་རུང་ཁོའི་སྐེ་རུ་གོན་པའི་ཤུ་རིལ་དང་། ཆར་ཆུས་བངས་པའི་ལྷམ། འཁྱགས་ནས་སྐྱ་ཤུ་རེར་གྱུར་བའི་ངོ་གདོང་།
ངས་དེ་ལྟར་བསམ་བློ་གཏོང་སྐབས། སེམས་པར་ཕྱི་ཡི་གནམ་གཤིས་ལྟར་གྲང་ལྷང་ལྷང་གྱུར་སོང་། ངོ་མ་མི་ལ་ཁྱད་པར་འདི་འདྲ་ཤོར་འགྲོ་བ་ཅིའི་ཕྱིར་ཡིན་ནམ། ཁ་གཅིག་གིས་ཉིན་མཚན་ལྟོས་མེད་དུ་དཀའ་ལས་བརྒྱབ་ཀྱང་། ད་རུང་འཐོབ་འོས་པའི་བདེ་སྐྱིད་ཅིག་མི་ཐོབ་པའི་རྒྱུ་མཚན་ཅི་ཡིན་ནམ། བསོད་དར་གྱིས་ཀུན་སློང་བཟང་པོ་འདི་འདྲ་ཞིག་བཟུང་ནས་འཇོན་ཚོད་ཀྱིས་དཀའ་ལས་རྒྱག་བཞིན་ཡོད་མོད། འོན་ཀྱང་ཁོའི་གནས་བབས་འདི་རེད། གལ་སྲིད་ཁོས་ཕ་ཡུལ་ནས་དཀའ་ལས་འདི་འདྲ་ཞིག་བརྒྱབ་ན། གྲུབ་འབྲས་ཅི་འདྲའི་ཆེན་པོ་ཞིག་འཐོབ་སྲིད་ཨང་། འོན་ཀྱང་རྒྱ་གཞུང་གི་དམ་དྲག་ལ་བརྟེན་ནས་ཁོ་ཕ་ཡུལ་དུ་ལོག་ཐབས་བྲལ། རེད། མ་གཞི་ད་ལྟ་སའི་གོ་ལའི་གྲུ་ག་གང་སར་སྲན་སྤུངས་ལ་དབྱུག་པ་གཞུས་པ་ལྟར་ཐོར་བའི་བོད་མི་རེ་རེས་མྱངས་ཟིན་པ་དང་། མྱོང་བཞིན་པ། མྱང་བར་འགྱུར་བའི་ལུས་སེམས་ཀྱི་དཀའ་བ་དང་སྡུག་བསྔལ་ཡོད་དོ་ཅོག་མཐར་གཏུགས་ན་རྒྱ་གཞུང་གི་བཙན་འཛུལ་ལ་ཐུག་པ་མ་ཡིན་ནམ།
ཕྱི་ཡི་དྲག་ཆར་དེ་ཅུང་ལྷོད་དུ་ཕྱིན་ནས་ད་ནི་ཆར་པ་ཤག་ཤག་ཏུ་འབབ་པའི་སྒྲ་གཉོམ་པོ་ཞིག་ལས་གློག་དམར་འཁྱུག་མཚམས་དང་འབྲུག་སྒྲ་ལྡིར་མཚམས་ཆད་སོང་། འོན་ཀྱང་མལ་ས་དྲོན་མོའི་ནང་ཉལ་བའི་ང་ཡིས་མུ་མཐུད་རྒྱ་ནག་གི་བཙན་འཛུལ་དང་དེས་དྲངས་པའི་སྡུག་བསྔལ་གྱི་ཐོག་ལ་བསམ་བློ་བཏང་། ངོ་མ་ཕ་ཡུལ་དང་རྒྱང་ཐག་རིང་བའི་ཡུལ་གྲུ་ནས་མདུན་གྱི་ལྟོ་བ་མི་འགྲང་བ་དང་། རྒྱབ་ཀྱི་ཕྲག་པ་མི་ཁེབས་པ། རང་ལ་དབང་བའི་ཁང་པ་འབུ་ཁུང་ཙམ་ཡང་མེད་པ། ངེས་བརྟན་མེད་པའི་སྐྱབས་བཅོལ་གྱི་འཚོ་བ་དང་ཡིག་ཆ་ལ་སོགས་པའི་དཀའ་སྡུག་ཆེ་ཕྲ་ཆུང་གསུམ་མཐའ་དག་གི་རྩ་བ་ནི་རྒྱ་གཞུང་གི་ཁྲིམས་མཐུན་མིན་པའི་བཙན་འཛུལ་ལ་ཐུག་འདུག་ཨང་། འོ་ན་དཀའ་སྡུག་འདི་དག་གི་རྩ་བ་དེ་སེལ་ཐབས་འདྲ་ཡོད་དམ།
མཚམས་འདིར་ངའི་སེམས་པ་ཡིད་ཆད་དང་རེ་ཟད་ཀྱིས་ཁེངས་སོང་བས། ཉལ་སའི་ནང་གཞོགས་བརྗེས་ཏེ་དངན་་པ་ཐེངས་གཅིག་ཤོར་སོང་། དེང་སྐབས་ཕ་ཡུལ་བཙན་གྱིས་འཛིན་མཁན་རྒྱ་ནག་ནི་སྟོབས་འབྱོར་འཕེལ་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ནས་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཁོ་ལ་བསྟུན་དགོས་པ་ཆགས་ཡོད། ངོ་མ་དགྲ་བོ་སྟོབས་ཆེན་འདི་ལྟ་བུ་ཞིག་གི་ལག་ཏུ་ཤོར་བ་དེ་ང་ཚོར་ལམ་འགྲོ་མེད་པ་རང་རེད། གང་ནས་བལྟས་ཀྱང་དགྲ་བོའི་སྟོབས་འབྱོར་མངའ་ཐང་གོང་ནས་གོང་དུ་འཕེལ་རྒྱུ་ཡིན་པར་སྣང་ཞིང་། ང་ཚོ་ནི་དགྲ་བོའི་ཉ་རྒྱའི་ནང་ཚུད་པའི་ཉ་ཆུང་ཞིག་ལྟར་སྔ་ཕྱི་མ་གཏོགས་དགྲ་བོའི་མིད་པའི་ནང་ཕྱིན་ནས་གསོན་ཤུལ་ཙམ་ཡང་མེད་པར་འགྱུར་རྒྱུ་ལས་ཐར་བའི་རེ་བ་ཞིག་མེད་པར་མངོན།
ཁང་པའི་ཕྱི་ལ་ད་རུང་ཆར་སྒྲ་གཉོམ་པོ་ཞིག་གྲག་བཞིན་མཆིས། ངས་དེ་ལྟར་བསམ་བློ་གཏོང་དུས། བྲང་ཁ་ཅི་ཞིག་གིས་བཙིར་བའམ་བྲུས་པ་ལྟར་དམ་ཤིག་གེར་དང་སྟོང་ལྷང་ངེར་གྱུར་སོང་། ངོ་མ་ཨེ་ཤི་ཡའི་མཐོ་སྒང་སྟེ་རི་མཐོ་ས་གཙང་གི་གནས་དེར་ཟས་སུ་ཤིང་འབྲས་ཟོས་ཤིང་གོས་སུ་ཤིང་ལོ་གྱོན་ནས་ཐོག་མར་ཁྱིམ་གཞི་འཛིན་མཁན་གྱི་མི་རིགས་དེ་ནམ་མཁའི་འཇའ་ཚོན་ལྟར་འགྱུར་ལ་ཉེ་བའི་སེམས་ཁྲལ་དང་སྡུག་བསྔལ་དེ་ཅི་འདྲའི་ཆེ་བ་མི་རིགས་དེས་མ་གཏོགས་སུ་གཅིག་གིས་རྟོགས་མི་སྲིད། སྡུག་བསྔལ་དེའི་ན་ཟུག་ཅི་འདྲའི་ཟབ་ཅིང་རྣོ་ཨང་།
ངས་བསམ་གཞིག་བྱས་ནས་གཉིད་མ་ཡོང་བ་ཡིན་ནམ་ཡང་ན་གཉིད་མ་ཡོང་ནས་བསམ་གཞིག་བྱེད་བཞིན་པ་བརྗོད་དཀའ་རུང་། གང་ལྟར་མུ་མཐུད་བསམ་གཞིག་གི་འཕྲོ་མཐུད། ངས་གོང་དུ་བརྗོད་པ་ལྟར། ཐོག་མར་ངའི་སེམས་སུ་རྒྱ་ནག་ནི་ཆབ་དཔལ་རིག་གསུམ(དཔལ་འབྱོར་ཆེ་ན་གཞན་གཉིས་རང་བཞིན་གྱིས་ཆེ་བ་གསལ་པོ་རེད།)གང་གི་ཐད་ནས་རྒྱལ་ཁབ་གཞན་གྱིས་འགྲན་ཟླ་མེད་པར་འགྱུར་བཞིན་པས། ང་ཚོ་ལ་གོ་སྐབས་དང་རེ་བ་མེད་པའི་ཚོར་སྣང་ཤུགས་ཆེན་བྱུང་མོད། འོན་ཀྱང་དེ་ནས་ངས་ལོ་རྒྱུས་སློབ་ཚན་ནང་སྦྱངས་པའི་བཙན་རྒྱལ་རྣམས་ཀྱི་ལོ་རྒྱུས་དྲན་བྱུང་། ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་དུ་རོ་མ་བཙན་རྒྱལ་གྱི་མངའ་ཐང་ཡང་འདི་ལྟར་རྒྱས་ནས“ལམ་བུ་ཐམས་ཅད་ཀྱི་སྣེ་མོ་རོམ་མར་ཟུག་ཡོད”ཅེས་པའི་ཁ་དཔེ་སྐད་གྲགས་ཅན་དེ་དར་བ་རེད་ལ། དེ་ནས་དུས་རབས་བཅུ་གཉིས་བཅུ་གསུམ་ནང་སོག་པོའི་བཙན་རྒྱལ་དར་ནས”དཀོན་མཆོག་ལ་སྙིང་རྗེ་ལྡན་རུང་སོག་པོ་ལ་སྙིང་རྗེ་མི་ལྡན”ཞེས་པའི་བཤད་སྲོལ་ཆགས། དེ་རྗེས་དུས་རབས་བཅུ་བདུན་བཅོ་བརྒྱད་ཡས་མས་སུ་ཨིན་ཇི་བཙན་རྒྱལ་གྱི་སྟོབས་ཤུགས་རྒྱས་ནས“ཉི་མ་ནམ་ཡང་ཨིན་ཇིའི་བཙན་རྒྱལ་གྱི་མགོ་ཐོག་ནས་ནུབ་མི་སྲིད”ཅེས་པའི་ཁ་དཔེ་བྱུང་བ་རེད། འོན་ཀྱང་ད་ལྟ་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ལ་སྟོབས་འབྱོར་མངའ་ཐང་རབ་ཏུ་རྒྱས་ནས་ནམ་ཡང་ཉམས་པ་དང་འཇིག་པ་མེད་པར་སྣང་བའི་བཙན་རྒྱལ་དེ་དག་ཐམས་ཅད་ལོ་རྒྱུས་དེབ་ཐེར་བར་གྱི་ཐ་སྙད་ཙམ་དུ་གྱུར་ཡོད་པ་མ་ཡིན་ནམ།།
ངས་དེ་ལྟར་བསམ་གཞིག་བྱེད་ཀྱིན་གཉིད་དུ་ཡུར་བ་དང་། རྨི་ལམ་དུ་བསོད་དར་པོ་ཏ་ལའི་མཚན་སྲུང་བར་གྱུར་བ་རྨིས།།
དངོས་ནས་ཀློག་རིན་ཡོད་པ་དང་གོ་དོན་ལྡན་པ་བྲོ་བ་ཆེན་པོ་ཞིག་བྲིས་འདུག་པས་བཀའ་དྲིན་ཆེ་ཞུ།
ཁྱེད་ཀྱིས་དཀའ་བ་སྤྱད་དེ་བྲིས་པ་དེ་ངས་ཆ་ཚང་བཀླགས་ཟིན། དུམ་བུ་འགར་གཏུབས་ནས་མུ་འགོད་བྱས་ན་ཀློག་པ་པོ་མང་པོས་ཆ་ཚང་ཀློག་ཐུབ་པའི་དགོས་པ་མཆིས།