རླུང་དམར།
བདེན་པའི་སྐྱེས་ཐོབ་གདོད་ནས་སྨིན་པའི་དྲི་མེད་ཆོས་ཀྱི་དབྱངས་གསོལ་བཞིན།།
ཤེས་རབ་དད་པའི་མ་བསླུས་ཕན་པའི་དགེ་ཚོགས་གཏམ་གྱི་བདེན་བཤད་འདུག།
དེང་གི་གསེར་ལྗོངས་རྒུད་མིན་སྒུལ་བའི་ངན་ངོན་རང་སྟོན་མཚང་བྱེད་བསྒྲེས།།
གཡོ་མེད་གློག་ཞགས་ཐུར་མདའི་རྒོད་པོས་མ་རིག་ནག་པོའི་དཔུང་གདང་གཅུན།།
སཱ་ལའི་ལྗོངས་འདིར་གཙུག་རྒྱན་ཆོ་འཕྲུལ་ངོ་མཚར་བྱེ་བ་དུས་དབང་དགྱེས།།
ལས་དབང་དམན་པའི་རླུང་རྟ་ནག་པོ་དམར་དམག་དཔུང་གི་རྟབ་རྟབ་བཟུང་།།
འཁོར་བའི་འདུ་ཟིང་འཁྲུག་རྐྱེན་དེ་མ་ཉིད་དུ་རྨོངས་བའི་འཕྲུལ་ལྟར་བགྲངས།།
སྐྱོ་ངལ་རྡོག་ཁྲེས་རིགས་ཞེན་ཐུ་བྷོད་འབངས་ཀྱི་ཐོག་ལ་བཙན་བརྡར་སྨྱོས།།
ས་མཐའི་བགྲོད་ལམ་ཚེ་འདིར་བསྐོས་པའི་མི་འདོད་ལས་ལམ་སྲ་མཁྲེགས་ཏེ།།
སྐྱབས་རེ་བྲལ་ཡང་སྔོན་སྨོན་ལས་ཀྱི་གདུལ་བྱའི་དམ་ཚིག་རང་མཐུན་པས།།
ཕྱི་རོལ་མི་རྟག་སྒྱུ་མའི་གླིང་འདིར་སྟོན་པ་ཏཱ་ལའི་བླ་མའི་དྲུང་།།
རང་རིགས་ཆོལ་ཞེན་གཅིག་ཏུ་བསྒྲིལ་ཡང་དམ་ཉམས་སྤྱང་ཁྱིས་བརླག་བར་གཙེས།།
མི་མཐུན་བདུད་ཀྱི་ཆོ་འཕྲུལ་ཡིན་སྙམ་རིགས་ཀྱི་ལས་བྱེད་འདུས་ཚོགས་ཁྲོད།།
རང་སྐྱོང་རིགས་སྤུན་ལས་ལ་ཁྲོས་སྨྱོན་ཟློས་གར་མངོན་པར་སེར་སྐྱ་ཟུང་།།
བདེན་མིན་རྫུན་ཆོས་རྣམ་པར་བསྐོར་ཏེ་འཁོར་བའི་བཙན་བྱོལ་རྟག་ཏུ་དམོད།།
ཡ་མ་བརླ་འདྲའི་སྲིད་དཔོན་འཁོར་དང་འཐེན་ཁྱེར་བདུད་ཀྱི་འདས་ལོག་བྱུང་།།
ཁ་ཤོམ་ཧམ་གླེང་ཐད་འདེབས་རྩོམ་པའི་དྲྭ་ཇག་རུ་དཔུང་གླེན་སྨྱོན་ཚོས།།
ནམ་ཚ་རིང་བོའི་དེ་ནས་གདོང་འབག་རྫུ་བག་ཁྲེལ་མེད་སྐྱེས་ཏེ་འདུག།
རིགས་གཅིག་ཐུ་བྷོད་ནང་འཁྲུག་བདེན་རྫུན་གཉིས་ཀྱི་བར་ནས་རྒྱུན་མེད་མཆེད།།
ཛ་རེ་ཛོ་རེའི་རྩ་དོན་མཐོང་བས་ད་དུང་རྡོ་བས་བདེན་པ་བརྡུངས།།
བདེན་བཤད་ཆོས་ཀྱི་ལམ་བཟང་དཀར་པོ་མགོ་ནག་བོད་ཀྱི་རིགས་ན་འཐུས།།
སྲིད་ཀྱི་དཔོན་པོའི་དབང་ཆ་སྒེར་གཅོད་འཆི་མེེད་ཚེ་རིང་ཡིན་པར་འཐད།།
ཀི་ཧི་འདེབས་ཀྱང་བདེན་དོན་རང་བཤད་ངར་མའི་སྟག་གཟིག་མཆེ་ཁ་འདྲས།།
ཁྱོད་དང་འཁོར་ངན་རྩ་གཏོར་ཡོང་བའི་ལུང་བསྟན་ལག་ལེན་གསེར་མདུད་ཡོད།།
འཇིན་རྟེན་བདེན་རྫུན་ཚར་གཅོད་བགྱི་བའི་མི་རབས་གསར་བ་ལེགས་སོ་དེས།།
རིག་རྩལ་ང་རོ་རྫོགས་མེད་སྐྱེས་ཏེ་གདོན་གེགས་རིགས་ཞེན་རྩད་གཏུབ་བྱེད།།
དེང་གི་དུས་འདིར་བདེན་རྒྱབ་སྒེར་ལངས་སེམས་ཀྱི་བླ་ནོར་ཁོ་ན་གཅིག།།
དེ་དང་དེའི་རིགས་ཁྱོད་ཀྱིས་ནམ་ཡང་ཕམ་ལྟུང་གཡོ་བསླུ་ཡོད་མ་ཡིན།
གཏམ་འདོད་ཚ་བོའི་དུག་ཆང་ནང་ན་ཉམ་སྟོང་རྫིག་སྟོང་ཁྱོད་འདྲ་མཆིས།།
མི་དམངས་གཞུང་འདི་༧གོང་ས་བླ་མའི་བཀའ་དྲིན་ཁོ་ནས་བསྐྲུན་པ་འདི།།
དོན་མེད་རྩེད་ཆས་བྱེད་པའི་དཔོན་ངན་བློན་ངན་བྱུང་བའི་དུས་ངན་རེད།།
ངན་བཟློག་འཕྲུལ་གྱི་བཙན་པོས་རྒྱང་སྤྱུགས་བཙན་རྫོང་ནང་དུ་དམ་ལ་འདོགས།།
༧རྒྱལ་བའི་བཀའ་དགོངས་གསེར་གྱི་བདུད་རྩིའི་ལམ་སྟོན་རང་གི་རིགས་ལ་བསྩལ།།
ཡིན་ཡང་ཚོར་མེད་དགྲ་ལྟར་ལངས་བའི་ཁྲམ་བཤད་མཁན་རྣམས་རྡུལ་དུ་རློགས།།
དབུ་མའི་ལྟ་གྲུབ་ཀུན་མཐུན་རིང་མོ་བོད་སྐྱབས་བདེན་པའི་རང་སྒྲ་ཞིག།།
དེ་ལ་དོན་མེད་གཏམ་འཆལ་སྨྲ་བའི་རང་བཙན་ཁ་འཁྱེར་སྙིང་རེ་རྗེ།།
ཆོལ་ཞེན་རོ་ལངས་རྣམ་པར་འཁྲབ་པའི་དྲྭ་འབུ་ཁོག་སྟོང་ཀླད་སྟོང་འགས།།
ཚོད་མེད་གཏམ་གྱི་ཉོག་དཀྲུག་ཡིག་རྨོངས་བསྐུར་ཏེ་རང་གི་བདེན་པ་བོར།།
པར་ཉོག་ཡིག་ཉོག་མང་པོས་ད་དུང་ཐུ་བྷོད་སྐྱོབ་པར་སྟོང་བསམ་དྲན།།
མདོར་ན་ང་ཚོའི་བདེན་པ་རང་སྲུང་ཁོ་ཚོས་རྫུན་གཡོག་ཀུན་དགའ་བྱེད།།
བདེན་པའི་སྲོག་བཙུཊ་མི་དམངས་དག་གིས་དཔྲལ་མིག་བཞིན་དུ་གཅེས་འཛིན་བསྔོ།།
འཛམ་བུའི་གླིང་ནས་ཐུ་བྷོད་མི་མང་བདེན་རྩོད་རང་མཐུན་ལས་ལ་བྲེལ།།
རྡ་སའི་སྲིད་དཔོན་དེ་ལ་རྨོངས་སད་ལག་ལེན་མེད་པ་ཡིད་རེ་སྐྱོ།།
བཙན་བྱོལ་མི་དམངས་བདེན་པའི་ལམ་བགྲོད་བྱས་ཏེ་ཞི་རྒོལ་མུ་མཐུད་རེད།།
ལམ་དང་ལུགས་ཀྱི་རང་ཁྲིམས་སྡོམ་གཅུན་མིག་ནང་མ་བཞག་གཡུགས་ཏེ་སྤངས།།
གྲོཊ་དང་གཉེན་ཉེའི་མཛའ་འབྲེལ་མི་ངན་གཅིག་པུས་གཏོར་བརླག་ཚད་མེད་བགྱིས།།
བྱ་སྤྱོད་བདུད་ཀྱི་སྲིད་དོན་མུ་འབྲེལ་བཙན་བྱོལ་ནང་དུ་བསླངས་ཏེ་བསྙད།།
རེ་འབྲས་ཅི་ཡང་མེད་པའི་གནམ་སྡོད་བྱེའུ་ཚོགས་ལྟ་བུའི་ངུ་ཅོ་འདོན།།
བོད་ཀྱི་ལས་དབང་དམྱལ་ཟངས་ནང་ལ་གཡུག་སྤོབས་ཆེ་བའི་མྱི་དེ་ལ།།
བདེན་པའི་མདའ་གྲི་མདུང་གསུམ་བསྣུན་ཏེ་ངན་ཤན་དགུ་བཟློག་མེད་པར་ཤིགས།།
ལྕེ་བརྒྱ་སྤྲུལ་བའི་བདེན་ལུགས་གཏམ་གྱི་དགོས་འདོད་ལང་ཚོ་དཔལ་དུ་བརྟས།།
བདེན་པའི་དོན་དུ་འཆི་སྤོབས་ཆེ་བའི་འགྲོ་དྲུག་ཡོངས་ལ་བརྡ་རེ་ཕུལ།།
2018-04-08ཉིན་རང་ཤག་ཏུ་སྦྱར་བ་དགེའོ།།
༄༅། བྲིས་དང་མ་བྲིས་རླུང་དམར་ལགས་ནས་བྲིས་པ་ལེགས།
ཕྱོགས་གཅིག་མ་བྲིས་གཡས་གཡོན་གཉིས་ཀར་དཔྱད་དགོས་གལ།
དམའ་འབེབས་མ་བྱེད་རྒྱ་ཆེའི་དམངས་ཀྱིས་བདམས་པ་རེད།
གང་ཟག་སུ་ཡི་བློར་འབབ་མེད་ན་གཏུགས་ས་ཕྱི་ནང་ཀྱི་ཁྲིམས།