རྩོམ་པ་པོ། བོད་ཆང་། ཡུལ་ཤུལ། ཚེ་དཔག་རིག་འཛིན་གྱིས་འོས་སྦྱོར་བྱས།
སྤྱིར་ང་ཚོ་བོད་ཀྱི་དགོན་སྡེའི་ཁྲོད་དུ་གྲྭ་པ་རྣམས་སྡོམ་པ་ཞུ་མ་ཐུབ་པ་དང་སྡོམ་པ་ཞུས་ཀྱང་ཤོར་བ་སོགས་མང་པོ་ཡོད། དེ་དག་གིས་སྡོམ་པ་མེད་བཞིན་དུ་གྲྭ་ལྭ་གྱོན་ཏེ་སྤྱོད་ལམ་གྱི་ཐད་ནས་ལྐོག་ཏུ་བུད་མེད་དང་ཆང་རག་སོགས་གཏན་ནས་ཚུལ་དང་མི་མཐུན་པའི་དོན་དག་མང་པོ་ལས་ཀྱིན་ཡོད་པ་རེད། དེ་དག་གིས་གྲྭ་ལྭ་ཕུད་དེ་སྤྱི་ཚོགས་དངོས་ལ་མི་ཞུགས་པའམ་མི་ཕོད་པའི་རྒྱུ་མཚན་གཉིས་ཡོད་པར་སེམས།
གཅིག ཁ་ཤས་ཀྱིས་གྲྭ་ལྭ་འདི་ཕུད་པ་ཡིན་ན་ཁོ་རང་ལ་གྲྭ་ལོག་ཞེས་པའི་ཐ་སྙད་འདོག་པར་སྐྲག་པ་དང་། ད་དུང་ང་ཚོའི་སྤྱི་ཚོགས་འདི་གུ་དོགས་དང་རྙིང་ཞན་ལ་གོམས་པས་གྲྭ་ལོག་ཡིན་ན་དམན་པར་འཛིན་པ་དང་འཕྱ་མོད་སོགས་ལ་སྐྲག་སྟེ་གྲྭ་ལྭ་འདི་ཕུད་མ་ཕོད་པ་རེད།
གཉིས། ལ་ཤས་གྲྭ་ལྭ་འདི་ཕུད་པ་ཡིན་ན་གཉེན་ཉེ་དང་ཕ་མ་ལ་སྐྲག་སྟེ་ཕུད་མ་ཕོད་པ་དང་། ད་དུང་སྐྱ་སར་བབས་པ་ཡིན་ན་འཚོ་བའི་དཀའ་ངལ་ལ་འཇིག་པ་དང་། དེ་བཞིན་སྐྱ་སར་བབས་པ་ཡིན་ན་སྔོན་དང་མི་འདྲ་བའི་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཡན་འགར་བ་གཟུག་དགོས་པར་མ་ཟད། སྔོན་དང་མ་འདྲ་བ་འགན་འཁྲི་དམིགས་གསལ་བ་ཞིག་རང་གི་ཁྱིམ་ཚང་འཚོ་བའི་དཀའ་ངལ་ལ་སོགས་ལ་བསམ་སྟེ་ཕུད་མི་ཕོད་པ་རེད། འདི་དག་དོན་ངོ་མ་བསམ་ཞིག་མ་བྱས་པ་དང་མ་འོངས་པར་འདང་མ་བརྒྱབ་པའི་རྟགས་ཤིག་རེད་མི་འདུག་གམ།
སྤྱིར་གཏང་ཕ་མ་དང་གཉེན་ཉེའི་ཆེད་དུ་འདི་འདྲ་བྱས་པ་ཡག་པོ་ཞིག་རེད་ལ། ཁྱིམ་ཚང་གཟུག་རྒྱུ་སོགས་ལ་ཡང་སྐྲག་པ་ལོས་སྲིད། ཡིན་ཡང་དོན་དག་དེ་ཙམ་བསམ་སྟེ་རང་ཉིད་ཀྱི་མི་ཚེ་འཆོལ་ཐབས་བྱེད་པ་ཤིན་ཏུ་མ་འོས་པ་ཞིག་རེད། ཁྱོད་རང་ལ་སྡོམ་དང་དམ་ཚིག་མེད་བཞིན་དུ་གྲྭ་བའི་དཀོར་རྒྱུ་དང་དཀོར་ཟས་ཧམ་ཟ་དང་ཧམ་འཐུང་བྱས་བསྡད་པ་ཡིན་ན་ཚེ་འདི་དང་ཕྱི་མ་སོགས་ལ་བསམ་ན་་འོས་འཚམ་ཞིག་རེད་དམ། “དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། ། ཟོས་དྲག་ན་ཐར་པའི་གསོད་རྩ་བཅོད། །” གསུངས་པ་ནང་བཞིན་མ་ཡིན་ནམ།
རང་རྒྱུད་ལ་སྡོམ་དང་དམ་ཚིག་མེད་བཞིན་དུ་གྲྭ་ལྭ་གྱོན་ཏེ་དགེ་མདུན་པའི་གྲལ་དུ་བསྙེགས་བསྡད་པ་ཙམ་མ་ཡིན་པར། ད་དུང་ལ་ལས་བན་ཆས་འདི་གྱོན་ནས་ཚོང་ཁྲོམ་ནང་དུ་སོང་སྟེ་རྐེ་ལ་རྡོ་རིགས་མང་པོ་བཏགས་ནས་སྒེར་དོན་གྱི་ཚོང་ལས་བྱེད་པ་དང་། ད་དུང་ཚུལ་དང་མི་མཐུན་པའི་གསང་བ་དང་ལྐོག་གྱུར་ངང་ལས་ཀ་མང་པོ་ཞིག་ལས་ཡོད་པ་རེད། དེ་དག་ནི་སངས་རྒྱས་བསྟན་པ་ལ་རྨ་ཁ་བཟོ་བ་དང་དགེ་འདུན་པ་སྤྱི་ཡི་ཚོགས་པ་ལ་ལྟ་སྟངས་ངན་པ་འཛིན་བྱེད་ཀྱི་རྒྱུ་གཙོ་བོ་རེད། ད་དུང་སྐྱོན་དེ་དག་མཐོང་ནས་མི་མང་པོ་ཞིག་སེམས་གཏིང་ནས་དད་ལོག་སྐྱེས་ནས་ཁྱིམ་པ་སུན་འབྱིན་ཡོང་གི་ཡོད། བན་སྡེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ།། གསུངས་པ་ནང་བཞིན་སངས་རྒྱས་བསྟན་པའི་དགྲ་བོ་ལ་ཆགས་པ་མ་རེད་དམ།
དེ་ལས་གྲྭ་བའི་ཐོབ་ཐང་མེད་བཞིན་དུ་ཨུ་ཚུགས་དང་བག་ཁོམ་བྱས་ཏེ་མི་འདུག་བར། ཚུལ་མཐུན་ལུགས་མཐུན་དང་ཕྱི་གསལ་ནང་གསལ་ངང་སྐྱ་ལམ་དུ་སོང་ན་ཆོས་དང་འཇིག་རྟེན་གང་གི་ཐད་དུ་ཡང་མཐུན་པ་ཞིག་རེད་བསམ་མོ། །
ཡག་པོ་འདུག
གཟིག་དང་སྤྱི་མཐུས་གྲ་བ་འདི་མཚོའི་གནང་ཕྱོགས་སྐྱ་མིན་སེར་མིན་ལས་ཐབས་སྐྱོ་བ་ འཇིགས་སུ་རུང་བ་👹👹👹👹👹👹👹👹👹 དགུ་བོ་ མ་འོང་ང་མཚོ་ལ་ ཆོས་ལུགས་ ཁ་ཆེ(Muslim)དང་(Christian)སྤྱི་མཐུས་ཡང་དགོས་གལ་ཆེ།
འདུལ་བ་ཉམས་པའི་རྟགས་རེད། བསྟན་པ་ལ་ངོ་མ་ཤ་ཚ་ན། ཆོས་རྒྱུད་ཁག་གི་དབུ་ཁྲི་ཚོ་འཛོམས་ནས། དེའི་སྐོར་ལ་ཁ་ཡོད་ལག་ཡོད་ཀྱི་ཐབས་ཤེས་བྱེད་དགོས་པར་སྣང་།
སྔོན་དུས་ལས་ཀ་བྱེད་ཡུལ་ཉུང་། འཚོ་བ་རྙེད་དཀའ་བས། ཁྱེད་ཀྱིས་བྲིས་པ་ལྟར་སྡོམ་པ་མེད་ན་ཡང་། གྲྭ་པ་སྡོམ་ལྡན་གྱི་ཚུལ་བཟུང་ནས་སྡོད་པ་མང་། དིང་སང་སྐྱ་བབས་པ་ལ། གྲྭ་ལོག་ཀྱང་མི་ཟེར། ལ་དྭགས་ན། གཞུང་གིས་ལས་བྱེད་པ་དང་། ཚོང་པ་མང་པོ་ཡོད་འདུག དེ་བཞིན། བོད་ཀྱི་ཕྱི་ནང་གཉིས་ཀར་ཡང་། སྐྱ་བབས་པའི་རིགས་ཀྱིས་ལས་ཀ་ལེགས་པར་བྱེད་པས། མི་གྲས་མཐོང་ཆེ་བར་ཡོད་པ་ཐོས། ལོ་ངོ་༤༠་ཞེ་གྲངས་ཙམ་སྔོན་དུ། ༧སྐྱབས་མགོན་རིན་པོ་ཆེར་མཇལ་ཀར་ཞུ་བའི་སྐགས་སུ། བདག་གི་སྔོན་དུ་གྲྭ་པ་ཞིག་ཆས་གོས་གྲྭ་པ་དང་མཐུན་པ་མེད་པས། ༧སྐྱབས་མགོན་རིན་པོ་ཆེས། གྲྭ་པ་དེ་ལ་བཀའ་བཀྱོན། དེའི་རྗེས་བདག་གིས་ཆུ་པ་ཞིག་གྱོན་པ་སྐུ་མདུན་དུ་མཇལ་བ་ན། འཇམ་དཔལ་ཤོག་ཅིག་ཅེས་གསུངས།
བདག་ནི་གདན་ས་ཆེན་པོར་གྲྭ་པའི་ཚུལ་བཟུང་ནས་བསྡད་ཀྱང་། ཕྱི་དྲོའོ་ཟས་ཟ་བ་ཉིན་ཞག་གཅིག་ཀྱང་སྤངས་མེད།
༧་རྒྱལ་བ་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞབས་། དགུན་ལོ་བཅུ་པར་ནང་གི་དགེ་རྒན་གྱིས་ཕྱི་དྲོའི་ཟས། དགོངས་ཟན་བྱིན་པ་མ་བཞེས་པ་ན། དགེ་རྒན་དེས་ཁྱེད་བསོད་ནམས་ཆེ་ཞེས་ཞུ་ཞིང་། ཕྱི་དྲོའོ་ཟས་ཀྱི་ཚབ་ཏུ་གསོལ་ཇ་མར་མང་དུ་བརྒྱབས་པ་ཕུལ་འདུག
མིང་ཚིག་གི་དྲི་བ།
“མ་འོངས་པར་འདང་མ་བརྒྱབ་པའི་རྟགས་ཤིག་རེད་མི་འདུག་གམ།” ཚིག་བརྗོད་འདིའི་་ནང་གི འདང་། ཞེས་པའི་དོན་དག་གསུང་ན་བདག་སོགས་ཀློག་པ་པོ་མངཔོ་ལ་ཕན། བདག་གིས་མཐོང་བའི་བཀའ་འགྱུར་དང་། བོད་བྲིས་ས་སྐྱ་ལེགས་བཤད་ན། ཆུ་སོགས་དྭངས་པོར་བྱེད་པའི་དོན་རེད་འདུག