ཁ་བ་ནག་པོ་ནས།
སིམ་འཛུལ། ཨོ་སི་ཊི་ལི་ཡའི་རྒྱལ་ཁབ་ནང་རྒྱ་ནག་གི་ཤུགས་རྐྱེན།
ཉེ་ཆར་ཨོ་སི་ཊི་ལི་ཡའི་རྒྱལ་ཁབ་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབས་ཡོད་པའི་སྐོར་གྱི་དཔེ་དེབ་སྐད་གྲགས་ཅན་ཞིག་པར་སྐྲུན་བྱུང་བ་རེད། དཔེ་དེབ་དེ་སྐད་གྲགས་ཆགས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་དཔེ་དེབ་དེ་ཨོ་སི་ཊི་ལི་ཡའི་རྒྱལ་ཁབ་ནང་རྒྱ་ནག་གི་ཤུགས་རྐྱེན་སྐོར་བྲིས་པ་ཙམ་མ་ཡིན་པར། དཔེ་དེབ་པར་སྐྲུན་སྔ་རྗེས་ཀྱི་གནས་ཚུལ་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་རེད།
རྒྱུ་མཚན་ནི་དཔེ་དེབ་པར་སྐྲུན་བྱེད་འཆར་ཡོད་སྐབས་རྒྱ་ནག་གཞུང་གིས་པར་སྐྲུན་ཁང་དེ་ཁྲིམས་ཁང་དུ་བསྐྱལ་རྒྱུའི་ཉེན་བརྡ་བཏང་བ་དང་། པར་སྐྲུན་ཁང་ནས་རྩོམ་པ་པོ་ལ་དཔེ་དེབ་བསྐྱར་བཅོས་བྱས་ན་མ་གཏོགས་པར་སྐྲུན་བྱེད་མི་ཐུབ་ཚུལ་བརྗོད་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ཨོ་སི་ཊི་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད། གང་ཡིན་ཟེར་། རྒྱ་ནག་གཞུང་གིས་ནམ་རྒྱུན་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཕན་ཚུན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱེད་རྒྱུའི་འབོད་སྐུལ་བྱེད་བཞིན་དུ་ཨོ་སི་ཊི་ལི་ཡའི་ནང་དཔེ་དེབ་པར་སྐྲུན་བྱེད་རྒྱུ་གནོན་ཤུགས་སྤྲད་པ་དེ་རེད། དཔེ་དེབ་དེ་ཉེ་ཆར་ཨོ་སི་ཊི་ལི་ཡའི་གསར་འགྱུར་ལས་ཁུངས་ཆེ་ཤོས་ཨེ་སྦི་སི་(ABC) ནས་ཞིབ་འཇུག་རང་བཞིན་ཅན་གྱི་ལེ་ཚན་ཞིག་གི་ནང་། ཨོ་སི་ཊི་ལི་ཡའི་སྲིད་དོན་པ་མང་པོ་ཞིག་ལ་རྒྱ་གཞུང་གི་དངུལ་འབོར་ཆེན་པོ་སྤྲད་ནས་ཉོས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་སྤེལ་བཞིན་པའི་སྐབས་སུ་བཏོན་པ་སོགས། ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་སྐད་གྲགས་ཆེན་པོ་ཆགས་འདུག
དཔེ་དེབ་དེ་འབྲི་དགོས་པའི་རྒྱུ་མཚན།
ཁོང་གིས་འདི་ལྟར་བྲིས་འདུག
(ཕྱི་ལོ་༢༠༠༨་ཕྱི་ཟླ་༤་པའི་ཚེས་༢༤་ཉིན་རིང་མིན་པེ་ཅིང་དུ་ཚོགས་འཆར་ཡོད་པའི་ཨོ་ལིམ་ཕི་ཁི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཨོ་སི་ཊི་ལི་ཡའི་རྒྱལ་ས་ཁེན་སྦི་རར་འབྱོར་ཡོད་པར། རང་ཉིད་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་དོན་སྐད་འབོད་པ་ཚོར་རྒྱབ་སྐྱོར་ཆེད་ཕྱིན་པ་ཡིན། གནས་སྟངས་འདི་འདྲ་ཞིག་ཏུ་ནང་དུ་ལྷུང་རྒྱུ་ཡིན་པ་རང་ཉིད་བསམ་ཡུལ་ལས་འདས་སོང་། རྒྱ་རིགས་སློབ་མ་ཁྲི་ཕྲག་ཁ་ཤས་སྔ་ས་ནས་གནས་འདིར་འབྱོར་ཡོད་པ་མ་ཟད་ཁོང་ཚོ་ནི་ཁོང་ཁྲོ་དང་དྲག་ཤུལ་རྣམ་པ་མངོན་གྱི་འདུག
དཔལ་འབར་འཁྱེར་མཁན་མི་ཚོགས་ཁྲོད་སླེབས་ཉེའི་སྐབས་གྲངས་འབོར་ཧ་ཅང་ཉུང་བའི་བོད་དོན་རྒྱབ་སྐྱོར་བ་ཚོ་ནི་རྒྱ་རིགས་སློབ་ཕྲུག་ཚོས་དར་དམར་གྱི་རྒྱ་མཚོ་སྐྱོམ་པའི་ཁྲོད་ཟིང་རུབ་རྒྱབ་པ་དང་། མཐོང་ཆུང་དམའ་འབེབས་བྱས་སོང་། ཨོ་སི་ཊི་ལི་ཡའི་མི་སེར་ཁག་ཅིག་གིས་ཁོང་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པར་ཁོང་ཚོས་ཚུར་འབུད་རྒྱག་གཏོང་བ་དང་། རྡོག་ཐོ་བཞུ་བ། ཁུ་ཚུར་གྱིས་བཞུ་བ་སོགས་བྱས་འདུག ད་དུང་ཁ་ཤས་ལ་ཁྱེད་ཚོ་འདིར་ཡོང་བའི་ཐོབ་ཐང་ཡོད་པ་མ་རེད་ཅེས་ཀྱང་ཚིག་རྩུབ་སྨོས་འདུག
སྐབས་དེར་ཉེན་རྟོག་པའི་གྲངས་འབོར་ཉུང་ཉུང་ཡིན་པ་དང་མི་ཚོགས་ལ་སྟངས་འཛིན་བྱེད་མི་ཐུབ་པར་བརྟེན་གལ་སྲིད་འཁྲུག་ཟིང་བྱུང་བ་ཡིན་ན་མི་མང་པོར་རྡུང་རྡེག་དང་དེ་ལས་སྡུག་པའི་གནས་ཚུལ་ཡོང་རྒྱུའི་བློ་འཚབ་ཆེན་པོ་བྱུང་།
གནས་ཚུལ་ག་རེ་བྱུང་བ་དེས་ང་རང་ཧ་ལས་ཧོན་ཐོར་བཅུག་སོང་། རྒྱ་མི་མང་པོ་འདི་འདྲ་ཞིག་གང་ནས་སླེབས་ཡིན་ནམ། ཁོང་ཚོ་ག་རེ་བྱས་ནས་འདི་ལྟར་སེམས་ཁྲོས་ཤིང་འཁྲུག་པ་ཡིན་ནམ། སྐབས་དེར་རང་ཉིད་ཧ་ཅང་བློ་ཕམ་གྱི་གནང་སུ་ལྷུང་། ཁོང་ཚོས་འདི་ལྟར་མང་གཙོའི་མཚོན་རྟགས་གཙོ་བོ་རྒྱལ་ཁབ་ཀྱི་གྲོས་ཚོགས་མདུན་དུ་ཁྲིམས་མཐུན་གྱི་སྐད་འབོད་བྱེད་མཁན་ལ་བཀག་སྡོམ་དང་། ང་རང་ཚུད་པའི་མི་མང་བརྒྱ་ཕྲག་ཁ་ཤས་ལ་རང་ཉིད་ཀྱི་བསམ་ཚུལ་གསལ་འདོན་བྱེད་རྒྱུར་ཞེད་སྣང་སྐུལ་པའི་གདེང་ཚོད་ཇི་ལྟར་སླེབས་པ་རེད་དམ།
དྲི་བ་འདི་དག་ལ་ལན་ཇི་ལྟར་འདེབས་དགོས་མ་ཤེས་པ་དང་། གནས་ཚུལ་གང་ཡང་ལྷགས་མེད་པ་ལྟར་དུས་ཚོད་རིང་པོ་ཞིག་ཕྱིན་སོང་། འོན་ཀྱང་། ཉིན་དེར་གནས་ཚུལ་ག་རེ་བྱུང་པ་དེས་རང་ཉིད་ཀྱི་མགོ་བོ་ལ་རྟག་པར་ན་ཟུག་ཚ་པོ་ཞིག་གཏོང་གི་འདུག
ལོ་བརྒྱད་ཀྱི་རྗེས་ཏེ་ཕྱི་ལོ་༢༠༡༦་ལོའི་ཟླ་༨་པའི་ནང་གྲོས་ཚོགས་གོང་མིའི་འཐུས་མི་སེམ་ཌ་སི་ཏི་རི་གྲོས་ཚོགས་ནས་རྩ་དགོངས་ཞུ་དགོས་པའི་བྱུང་པའི་གནས་ཚུལ་ཁྲོད། ཨོ་སི་ཊི་ལི་ཡའི་མི་སེར་ཡིན་པའི་རྒྱ་རིགས་ཕྱུག་བདག་ཚོས་ཨོ་སི་ཊི་ལི་ཡའི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ལ་ཞལ་འདེབས་འབོར་ཆེན་སྤྲད་དེ་དབང་ཤུགས་ཆེན་ཉོ་བཞིན་ཡོད་པའི་གནས་ཚུལ་བྱུང་། སྲིད་དོན་པ་རྣམས་ཁོང་ཚོའི་ལྷན་དུ་ཉལ་ཁྲི་གཅིག་གི་ཐོག་ཉལ་ཡོད་པ་(ནང་རུལ་ཡོད་པའི་དོན)་པར་རིས་ཁག་ཅིག་གིས་གསལ་སྟོན་བྱེད་ཐུབ་ཅེས་སྤྱི་བསྡོམས་རྒྱབ་ཡོད།
དཔེ་དེབ་ཀྱི་ནང་དོན་ཁག་ནི།
དཔེ་དེབ་དེ་ལེའུ་བཅུ་གསུམ་གྱིས་གྲུབ་ཡོད་པ་དང་། ༡། ཨོ་སི་ཊི་ལི་ཡ་དམར་པོར་བསྒྱུར་བ།
༢། རྒྱ་ནག་རང་ཉིད་རྒྱལ་སྤྱིའི་སྟེང་མཐོང་ཚུལ། ༣། ཕྱི་སྡོད་རྒྱ་རིགས་དང་རྒྱ་རིགས་སྐྱིད་སྡུག་ཚོགས་པ་ཁག
༤། དངུལ་ནག་པོ། ༥། པེ་ཅིང་གི་སྦོབ་(སྦོབ་ནི་ཨོ་སི་ཊི་ལི་ཡའི་ཕྱི་སྲིད་བློན་ཆེན་དང་མངའ་སྡེའི་སྤྱི་ཁྱབ་སོགས་བྱས་མྱོང་པའི་སྲིད་དོན་པ་ཞིག་ཡིན་པ། ༧གོང་ས་མཆོག་ལ་མཚན་སྨོད་ཞུས་མྱོང་མཁན་ཞིག་ཀྱང་ཡིན)
༦། ཚོང་ལས་དང་མ་རྩ་འཛུགས་པ། སྟངས་འཛིན། ༧། བསླུ་བྲིད། བཙན་སྐུལ། ༨། གསང་མྱུལ་གསར་རྙིང་། ༩། ནང་རུལ་དང་། ཚན་རིག་རྗེས་མཐུན་གྱི་ཚོགས་སྡེ། ༡༠། གཙུག་ལག་སློབ་གྲྭ་ཁག་ཏུ་མི་སྣ་གསོ་སྐྱོང་། ༡༡། རིག་གཞུང་གི་དམག་འཁྲུག ༡༢། རྒྱ་ནག་གི་གྲོགས་པོ། ༡༣། རང་དབང་གི་གོང་ཚད་བཅས་ཀྱི་གྲུབ་ཡོད་པ་དང་།
མདོར་བསྡུས་ནས་བཤད་ན་སྲིད་དོན་ནས་རིག་གཞུང་དང་། ས་ཁང་ནས་ཞིང་འབྲོག་ལས་ས་ཁུལ། གཙུག་ལག་སློབ་གྲྭ་ནས་ཚོགས་པ་སྐྱིད་སྡུག ཐ་ན་སློབ་ཆུང་སོགས་ཚུད་པའི་ཨོ་སི་ཊི་ལི་ཡའི་སྤྱི་ཚོགས་ཁྱོན་ཡོངས་ལ་སིམ་འཛུལ་བྱས་ཡོད་པའི་བདེན་དབང་གསལ་འདོད་བྱས་འདུག
རྒྱ་གཞུང་གིས་མངོན་ལྐོག་ཅི་རིགས་ནས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་ཨོ་སི་ཊི་ལི་ཡའི་མཐོ་རིམ་མི་སྣ་དམིགས་འབེན་དུ་འཛིན་པ་དང་། ཨོ་སི་ཊི་ལི་ཡ་མི་སེར་ཡིན་པའི་རྒྱ་རིགས་བརྒྱུད་སྲིད་དོན་པ་རྣམས་འདི་དག་ཡོད་ཚད་གཙོ་བོ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ཡོངས་ཀྱིས་དཔུང་པ་མཉམ་རུབ་ཐོག་བྱེད་བཞིན་ཡོད་པ་དང་། འདི་རྒྱ་ནག་རྨི་ལམ་སྟེ་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཏུ་ཡིན་པའི་གསལ་སྟོན་གྱི་ཐབས་ཇུས་ཡིན་འདུག
ཞི་ཅིན་ཕིང་གི་རྒྱ་ནག་གི་རྨི་ལམ་ཁྲོད་ཀྱི་ང་ཚོ།
དེང་སང་རྒྱལ་སྤྱིའི་ཐོག་གི་ཆབ་སྲིད་མཁས་པ་དང་དམག་དོན་མཁས་པ་མང་པོ་ཞིག་གིས་ད་ལྟའི་དུས་རབས་ནི་ཨེ་ཤི་ཡའི་དུས་རབས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཨེ་ཤི་ཡའི་དུས་རབས་ནང་གི་འཁྲབ་སྟོན་གཙོ་བོ་ལྟ་བུ་ནི་རྒྱ་ནག་གཞུང་ཡིན་པ་དང་། རྒྱ་ནག་ལ་ཆབ་དཔལ་དམག་གསུམ་གྱི་སྟོབས་ཤུགས་རྒྱས་བཞིན་པའི་སྐབས་ཨེ་ཤི་ཡ་གཙོ་བྱས་འཛམ་གླིང་རྒྱལ་ཁབ་ཁག་ལ་རང་བཞིན་གྱི་དངངས་འཚབ་ཞིག་ཀྱང་ཡོང་བཞིན་པ་རེད། སིམ་འཛུམ་དཔེ་དེབ་ཀྱི་རྩོམ་པ་པོ་ཁོང་གིས་ཞིབ་འཇུག་གཏིང་ཟབ་བྱས་པའི་བརྒྱུད་རིམ་ནས་ང་ཚོས་མཐོང་ཐུབ་པ་ཞིག་ནི། རྒྱ་ནག་གིས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་འགྲན་ཟླ་མེད་པའི་ཐབས་ཇུས་དང་གཡོ་སྒྱུ། བསླུ་བྲིད། བཙན་པོ་དབང་ཡོད་སོགས་མི་འཛོམས་དགུ་འཛོམས་ཀྱི་འཁྲབ་སྟོན་པ་དེས་རང་དབང་དང་ཡར་རྒྱས་ཧ་ཅང་ཆེ་བའི་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་ལྟ་བུ་ལ་སིམ་འཛུལ་བྱེད་ཐུབ་ན། རང་ཅག་བཙན་བྱོལ་སྤྱི་ཚོགས་ནང་སིམ་འཛུལ་བྱེད་རྒྱུ་ནི་ཧ་ཅང་གི་ལས་སླ་བོ་ཞིག་ཡིན་པ་དཔེ་དེབ་འདི་ནས་ཟུར་བལྟས་ལེབ་མཐོང་སུ་མཆིས་ན། རང་རིགས་དོན་གཉེར་ཚོས་དཔེ་དེབ་བོད་བསྒྱུར་སོགས་གཏིང་ཟབ་པོས་ཞིབ་འཇུག་གནང་རྒྱུ་གལ་ཆེན་པོར་མཐོང་། དེ་ལྟར་མ་གནང་པ་ཡིན་ན་ང་ཚོ་ཁུ་སིམ་སིམ་ངང་ཞི་ཅིང་ཕིང་གི་རྒྱ་ནག་གི་རྨི་ལམ་ཁྲོད་དུ་མོག་མོག་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སྨོས་ཅི་དགོས།
ཁ་བ་ནག་པོ་ལ་ལེགས་གསོལ་ཞུ། དེ་བསྒྱུར་བའི་ཡོོན་ཚད་ཁྱེད་རང་ལ་ཡོད་པ་འདྲ།