རྔ་བ་རྒྱལ་ཁམས་པ།
༈ ༀ་སྭ་སྟི། རབ་འབྱམས་རྒྱལ་བ་ཀུན་ཀྱི་མཁྱེན་བརྩེའི་མདངས།།
དཀར་འཇམ་མཚན་དཔེའི་ཕུང་བོར་གསལ་བའི་ལྷ།།
སྤྱན་རས་གཟིགས་དབང་ཐུགས་རྗེ་རྒྱ་མཚོའི་དཔྱིད།།
རོང་ཆེན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས།།
ལྟ་བ་ནམ་མཁའི་མཐའ་ལ་འཛེགས་གྱུར་ཀྱང་།།
སྤྱོད་པ་རྒྱལ་བསྟན་སྤྱི་ཡི་གཉེན་གྱུར་པ།།
རྣམ་དག་བསླབ་གསུམ་རྒྱན་གྱི་བླ་གོས་ཅན།།
ཐུབ་སྲས་ཉེ་བར་འཁོར་ཁྱོད་ཞབས་བརྟན་གསོལ།།
ཐུབ་བསྟན་སྤྱི་དང་ཁྱད་པར་དགེ་ལྡན་པའི།།
ལུགས་བཟང་མདོ་སྨད་ནོར་འཛིན་ཡངས་པའི་གཞིར།།
སྤེལ་མཁས་སྐྱེ་རབས་གསེར་རིའི་ཕྲེང་བ་ཅན།།
བསྟན་པའི་ཉི་མ་ཆེན་པོར་ཞབས་བརྟན་གསོལ།།
ཐུགས་བསྐྱེད་དྲོད་གཤེར་ཚོགས་པའི་རྟེན་འབྲེལ་ལས།།
ལེགས་འཁྲུངས་ལྔ་རིག་སློབ་གླིང་ཡོངས་འདུས་ལྗོན།།
དགེ་མཚན་འབྲས་བཟང་འཛད་མཐའ་མེད་པ་རུ།།
སྐུ་ཚེ་བསྐལ་བརྒྱའི་བར་དུ་ཞབས་བརྟན་གསོལ།།
ཇི་ལྟར་དུས་ཀྱི་འཚུབ་མ་རྒོད་ན་ཡང་།།
དེ་ལྟར་འགྲོ་ཀུན་སྙིང་རྗེས་མི་གཏོང་བ།།
རྒྱལ་སྲས་འཕགས་མཆོག་བཟང་བོའི་ཐུན་མིན་ཁྱད།།
འཛིན་པའི་སེམས་དཔའ་ཆེན་པོར་ཞབས་བརྟན་གསོལ།།
དག་པའི་ཞིང་ལ་མ་དག་མཆོད་སྦྱིན་གྱིས།།
འདི་ཕྱིའི་གཏན་བདེ་སྒྲུབ་འདོད་བཅོས་མའི་ཆོས།།
སུན་ཕྱུངས་འགྲོ་ལ་སྲོག་གི་སྐྱབས་སྦྱིན་གནང་།།
འགྲོ་བའི་དེད་དཔོན་མཆོག་ཁྱོད་ཞབས་བརྟན་གསོལ།།
ཆེན་པོའི་ལུང་གི་མེ་ཏོག་འཛིན་པའི་ཚོགས།།
མང་མོད་གཟུར་གནས་བློ་ཡིས་ལེགས་དཔྱད་ན།།
གངས་ལྗོངས་བསྟན་སྲིད་སྲི་ཞུའི་ཕན་རླབས་ཆེ།།
རྒྱལ་མཆོག་སྲས་ཀྱི་ཐུ་བོར་ཞབས་བརྟན་གསོལ།།
ཆོས་དང་སྲིད་ཀྱི་གཙུག་ལག་གཉིས་ལ་མཁས།།
བསླབ་གསུམ་ཡོན་ཏན་གཙང་མས་ཐུགས་རྒྱུད་བཙུན།།
མཛད་པ་འཕྲིན་ལས་ཕྱོགས་མེད་དར་བས་བཟང་།།
བསྟན་འགྲོའི་མགོན་དང་དཔུང་གཉེན་ཞབས་བརྟན་གསོལ།།
ལུང་རྟོགས་ཡོན་ཏན་ཁུར་གྱིས་ཆེར་ལྕི་བའི།།
གངས་རིའི་སྲོག་དབང་འཛིན་པའི་དྲང་སྲོང་རྣམས།།
གཅིག་ལས་གཅིག་ལྷག་ཞིང་གཞན་གཞོལ་མཐོང་ནས།།
ད་ནི་མགོན་ཁྱོད་ཅིས་ཀྱང་ཞབས་བརྟན་གསོལ།།
འཁོར་འདས་ཆོས་ཀུན་སྟོང་ཞིང་བདག་མེད་ཀྱང་།།
རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་ཚུལ།།
གཟིགས་པའི་ཆོས་ཀྱི་སྤྱན་ལྡན་མགོན་པོ་མཆོག།
སྐུ་ཚེ་བསྐལ་བའི་བར་དུ་ཞབས་བརྟན་གསོལ།།
གཏུམ་མོས་འཁོར་ལོར་གནད་དུ་བསྣུན་པའི་རྩལ།།
རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས།།
སྣང་སྲིད་ཆོས་ཀུན་ཕྱག་རྒྱ་ཆེན་པོར་ཆུབ།།
རྣལ་འབྱོར་གྲུབ་པའི་དབང་བོར་ཞབས་བརྟན་གསོལ།།
སྒྲོན་བཞིས་བསྐྱེད་པའི་སྣང་བཞིའི་ཡེ་ཤེས་སྤྱན།།
འོད་གསལ་གཉུག་མའི་ཞལ་དུ་འཁྱུད་པ་ལས།།
ཀ་དག་ཆོས་སྐུའི་རྒྱལ་གཞིས་རིང་ནས་ཟིན།།
པད་འབྱུང་གཉིས་པའི་ངོ་བོར་ཞབས་བརྟན་གསོལ།།
རྣམ་དག་དབང་བཞིས་སྐུ་བཞིའི་འབྲས་བུ་སྨིན།།
དགའ་བཞིའི་འགྲོས་ཀྱིས་སྟོང་བཞིའི་ཡེ་ཤེས་བརྙེས།།
རྒྱུད་བཞིའི་ལམ་གྱིས་རིགས་བཞི་རྗེས་སུ་འཛིན།།
ཟུང་འཇུག་གྲུབ་པའི་དབང་བོར་ཞབས་བརྟན་གསོལ།།
ཀུན་འབྱུར་འཁོར་བའི་བཙོན་རར་སྡུག་བསྔལ་བཞིའི།།
ཟུག་རྔུའི་དྲག་མཚོན་ཐེབས་པའི་མ་མ་རྣམས།།
སྒྲོལ་བའི་རྨད་བྱུང་བསྡུ་བཞིའི་དཔལ་ཡོན་ཅན།།
ཐར་བའི་དེད་དཔོན་མཆོག་ཏུ་ཞབས་བརྟན་གསོལ།།
བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གིས།།
ཀུན་མཁྱེན་བུ་རམ་ཞིང་བའི་ལུང་རྟོགས་བསྟན།།
མཁའ་ཁྱབ་སྐྱེ་རྒུའི་ཉེར་འཚོར་བླ་ནས་བླར།།
སྤེལ་བའི་བདག་ཉིད་ཆེན་པོར་ཞབས་བརྟན་གསོལ།།
ཚུལ་མིན་ལས་ཀྱི་སྟ་གྲི་སྣོན་པོ་ཡིས།།
ཐར་བའི་སྲོག་རྩ་གཅོད་པའི་བརླང་བོའི་སྤྱོད།།
ངོ་མཚར་རྒྱན་དུ་རློམ་པའི་མི་སྲིན་ཡིད།།
འདུལ་བའི་བཤེས་གཉེན་མཆོག་ཏུ་ཞབས་བརྟན་གསོལ།།
འཆད་པས་སྐལ་ལྡན་བློ་རིག་བང་མཛོད་རྒྱས།།
རྩོད་པས་ཕ་རྒོལ་ཉོན་མོངས་འཇིགས་ལས་སྐྱོབ།།
རྩོམ་པ་སྡེབ་ལེགས་ངང་མོ་འཛུམ་པའི་དཔལ།།
སྨྲ་མཁས་གཙུག་གི་ནོར་བུར་ཞབས་བརྟན་གསོལ།།
སྲིད་ཞིའི་དགེ་མཚན་ཕུན་ཚོགས་འགུགས་པའི་འཕྲིན།།
ཡོངས་རྫོགས་རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཁུར།།
འཛིན་པའི་གསང་གསུམ་རྒྱན་གྱི་འཁོར་ལོའི་སྟོབས།།
བསྐལ་བ་རྒྱ་མཚོའི་བར་དུ་ཞབས་བརྟན་གསོལ།།
མདོར་ན་སྐྱེ་རྒུ་འདི་དག་བདག་གི་མར།།
དགོངས་ནས་གཞན་ཕན་ཐུགས་བསྐྱེད་གཏེར་གྱི་སྒོ།།
རྒྱ་ཆེར་ཕྱེས་པའི་ཐུགས་དམ་མི་བསྙེལ་བར།།
འཆི་མེད་རྡོ་རྗེའི་ངོ་བོར་ཞབས་བརྟན་གསོལ།།
སྣང་སྟོང་ཆོས་ཉིད་ཟབ་མོའི་རྟེན་འབྲེལ་དང་།།
བདག་སོགས་དད་དམ་མོས་པའི་དགེ་ཚོགས་ཀྱིས།།
གང་གི་ཞབས་སྐྱེས་བཀྲ་ཤིས་རི་མོའི་གཟི།།
ནང་ཡང་བསྟན་འགྲོའི་མཁའ་ལ་བརྟན་གྱུར་ཅིག།
ཅེས་པ་འདི་བཞིན་འགྲོ་མགོན་ཀིརྟི་སྐྱབས་མགོན་མཆོག་གི་ངེས་དོན་རྡོ་རྗེའི་སྐུ་ལ་སྐྱེ་འཆིའི་མཚན་མ་བཞུགས་ཚུལ་མ་དམིགས་ཀྱང་། ཐུན་མོང་སྣང་ངོར་སྐུའི་འདུ་བ་ཅུང་མི་སྙོམ་པའི་མཛད་ཚུལ་བཞེས་བཞིན་བཞུགས་ཡོད་པ་དེ་རིང་ཐོས་འཕྲལ། འདུས་བྱས་ཀྱི་ཆོས་རྣམས་མི་རྟག་འཇིག་པའི་ཆོས་ཅན་དང་། གུས་རང་ཉིད་ཀྱང་དེའི་ནང་གི་གཅིག་ཡིན་སྙམ་དུ་ཡིད་སྐྱོ་ལྷང་ངེ་བ་ཞིག་བྱུང་ཞིང་། མགོན་པོ་ཁོང་གིས་ཐུགས་བརྩེ་བས་བསྐྱངས་པའི་བཀའ་དྲིན་རྣམས་ཡིད་ལ་ལྷང་ངེར་ཤར་ཏེ་དད་གུས་རྩེ་གཅིག་པའི་ངང་སྔར་བྲིས་པའི་ཞབས་བརྟན་གསོལ་འདེབས་འདིར་འཕྲི་སྣོད་ཅུང་ཟད་བྱས་ཏེ་དྲྭ་ཐོག་ཏུ་བཀོད་པའི་དགེ་བའི་རྩ་བ་འདིས། མགོན་པོ་གང་གི་སྐུའི་ཉེར་འཚེ་དམིགས་མེད་ཆོས་ཀྱི་དབྱིངས་སུ་ཞི་ཞིང་། སྐུ་ཚེ་ཞབས་པད་བརྟན་ངོས་རླབས་ཆེན་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་བཅས། སྤྱི་ལོ་༢༠༡༨ཟླ༤ཚེས༢༦ཉིན།
སྔོན་མར་མཉམ་མ་བཞག ད་སྐབས་རྩོམ་གྱི་ཁ་བྱང་ལ་བདུད་རྩིའི་དབྱངས་སྙན་ཞེས་འདོགས་པ་འདི་ཇི་ལྟར་འགྲེལ་དགོས་པ་མ་ཤེས། བདུད་རྩིའི་རོ་མངར་ལྟ་བུ་ལབ་ན་ཡག་པ་མ་གཏོགས། དབྱངས་སྙན་ནི་བདུད་རྩིའི་ཐུན་མིན་ཁྱད་ཆོས་ཅི་ཡང་མིན། བདུད་རྩི་ཕལ་མོ་ཆེ་བུམ་པ་སོགས་རིན་ཆེན་སྣོད་དུ་འཁྱིལ་བསྡད་ཡོད་པས་དེ་ལ་དབྱངས་སྙན་ཅང་འབྱུང་རྒྱུ་མེད། མི་བདེན་བསམས་ན་ཆང་དམ་བི་གང་ལག་ཏུ་བཟུང་ནས་དཀྲུགས་དང་ཤག་སྒྲ་ཞིག་མ་གཏོགས་པི་ཝང་དང་གླིང་བུའི་སྒྲ་ལྟ་བུའི་དབྱངས་སྙན་སྦྱོར་ཆོག་པ་གང་ཡང་ཐོས་རྒྱུ་མེད། ལོ་ཡར་ལ་སོང་ན་དོན་དག་ཆུང་ཆུང་འདི་འདྲ་ཡང་ཞེ་ལ་ཐོགས་ཀི
ཡ་། ཀླུ་ཁྲག་འཐོང་། ད་བཞག་ཤོག།
མཁས་བས་རྒྱན་ན་ཅི་ཡང་འབྱོར་ཟེར་ནི་རེད། མི་བདེན་ན། དམ་བིའི་ནང་གི་ཆང་ཇི་ལྟར་དཀྲུག་ན་འདྲ། གཡུག་ན་འདྲ། (ཤག་སྒྲ)་ཞིག་གྲགས་ཚུལ་མེད་པ་ལྟར་རེད།
ལོ་བརྒྱ་ལོན་ནས། ད་གཟོད་མྱིག་རེ་ཕྱེ་ནས་བསམ་བློ་འདྲ་འཁོར་བཞིན་ཡོད་དམ། ཧ་ཧ་ཧ། མགོར་སོང་བ་རེད།
རང་གི་རྩོམ་ཆག་དེ་ཚོ་ལ་ཕྱིར་མིག་ཞིག་ལྟོས་དང་། ཨ་ལ་ལ་ལ། ད་ལྟ་རིང་ཁྱེད་ཁ་ངོ་ཚ་ནས་འབར་སྲིད།
གདུལ་བྱའི་དཔལ་མགོན་ཀི་རྟི་རིན་པོ་ཆེ།
ཞལ་མདངས་གཟི་བྱིན་རྒྱས་པར་སྤྲོ་བ་འཕེལ།
རྔ་པ་ཡུལ་གྱི་གདུལ་བྱ་སྐྱོང་དགོས་པར།
སྟོབས་སྤེལ་བཀའ་བཞིན་སྒྲུབ་པའི་བདུད་རྩི་འབུལ།།
ང་རང་ཀླུ་སྨྱོན་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།དེང་སང་མི་མང་པོ་ཞིག་གིས་རྩོམ་བྱང་དང་བརྗོད་བྱ་གཉིས་ར་མི་འཕྲོད་པ་དང་།རྩོམ་བྱང་ལ་བསམ་བློ་མི་གཏོང་བར་ཡིད་ལ་དྲན་ཚོད་འབྲི་མཁན་ཇེ་མང་རེད།
བདུད་རྩིའི་དབྱངས་སྙན་ཞེས་པ་དིལ་མགོ་མཁྱེན་བརྩེའི་གསུང་དང་། འཇམ་དབྱངས་མཁྱེན་བརྩེའི་གསུང་། དེ་བཞིན་མཁས་དབང་མང་པོ་ཞིག་གི་གསུང་ལ་ཡང་དེ་ལྟར་འདུག
དེས་ན་གཏན་གཏན་ཇི་འདྲ་ཡིན་ནམ་སྙམས་པ་ན། གཟུགས་རྒྱན་ལ་ལྟོས་ཅེས་བདག་གི་བཤེས་གཉེན་ཞིག་གིས་གསུངས་པ་དྲན།
སྙན་ངག་མཁྱེན་མཁན་ཚོས་དེ་ལ་འགྲེལ་བཤད་ཅིག་གནང་རོགས།
ཆང་འཐུང་བར་དགའ་མཁན་ཚོའི་སྣང་ངོར་ཆང་གིས་གཏམས་པའི་ཆང་ཕོར་དཀྲིགས་པའི་ཤག་སྒྲ་ལས་སྙན་པ་ཞིག་རྣ་བར་གཏན་ནས་མེད། འདིའི་ངའི་ཉམས་མྱོང་ཡིན། ལྟོས་ས་ལྟོས་འཇོག་གིས་དཔེ་རྒྱན་དང་གཟུགས་རྒྱན་འབྲི་དགོས་པ་ལས་འགྲོ་བ་ཚང་མའི་སྣང་ངོར་གཅིག་ཏུ་མཐུན་པ་ཞིག་ཕལ་ཆེར་མེད།
ཆོས་དབྱིངས་བསྟན་འཛིན། དེ་འདྲ་རང་ད་ཨེ་ཡིན་ན། མཆན་འབྲི་སྐབས་བསམ་བློ་ཐོངས།
དྲྭ་གྲོགས་ཚོ་ཕེབས་པར་དགའ་བསུ་ཞུ། སྙན་ངག་པ་ཀླུ་སྨྱོན་ལགས། བདུད་རྩིའི་དབྱངས་སྙན་ཞེས་པ་འདི་ངས་གང་དྲན་དུ་བཏགས་བཞག་པ་ཞིག་ཡིན། རྗེས་སུ་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སང་གིས། ༧གོང་ས་སྐྱབས་མགོན་ཆེན་པོར་མ་འོངས་ལུང་བསྟན་གྱི་ཚུལ་བརྟན་བཞུགས་གསོལ་སྨོན་གནང་བར་གྲགས་པའི་གསོལ་འདེབས་དེའི་མཚན་དུའང་དེ་བཞིན་བཏགས་གནང་འདུག་པ་མཐོང་བས་སེམས་རབ་ཏུ་དགའ། ཅིའི་ཕྱིར་ན་༧གོང་ས་མཆོག་དགུང་ལོ་བརྒྱ་ཅུའི་ནང་ཕེབས་ཏེ་སྐུ་འཚོ་གསལ་དྭངས་མཛད་འཕྲིན་རྒྱས་བཞིན་ཡོད་པ་དང་། ཁོང་གིས་ནམ་རྒྱུན་ཁོང་དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་ངེས་ཀྱི་བཀའ་མོལ་ཡང་ཕེབས་བཞིན་པ་ལྟར། ༧སྐྱབས་རྗེ་རོང་པོ་ཀིརྟི་འདི་པའང་སྐུ་ཚེ་ཡུན་རིང་བརྟན་པའི་རྟེན་འབྲེལ་དུ་གོ མཚན་འདོགས་སྟངས་ཐད། རང་འདོད་བཞིན་འགྲེལ་ན་འཆི་བ་ནི་བདུད་དང་གསོལ་འདེབས་ནི་རྩིའོ།། དེ་ལ་བརྟེན་ནས་འཆི་བ་བཅོམ་པ་ནི་དབྱངས་སྙན་མོའོ།། དཔེ་གཟུགས་གང་གི་ཕྱོགས་སུ་འགྲེལ་ཡང་རུང་སྙམ་མོ།།
རྣ་བར་སྙན་པ་ལ་རྣ་བའི་བདུད་རྩི། མིག་ལ་མཛེས་པ་ལ་མིག་གི་བདུད་རྩི་ཞེས་མཁས་པ་མང་པོས་བྲིས་པ་མཐོང་བས་བདུད་རྩི་ཟེར་ཚད་གཤེར་ཁུ་ཞིག་ཡིན་པས་མི་ཁྱབ་སྙམ།
བདུད་རྩིར་དོགས་སློང་བྱེད་ཀི་ཡོད་ནི་མ་རེད། དབྱངས་སྙན་ལ་དོགས་སློང་བྱེད་ཀི་ཡོད་ནི་རེད། ཚང་མ་ལྷོད་ལ་བོབས། བདུད་རྩི་དང་དབྱངས་སྙན་བར་གྱི་ཁྱད་གཞི་དང་ཁྱད་ཆོས་ལ་དོགས་སློང་བྱེད་ཀི་ཡོད།
ཨ་ཁུ་ཀླུ་སྨྱོན།
བདུད་རྩིའི་དབྱངས་སྙན་རྣ་བར་མཇེད་རྒྱུ་མེད།
པད་མའི་དྲི་ཆུ་མིག་ལ་ངོམས་མི་འགྱུར།
ཟླ་བའི་སྙིང་གཏམ་སེམས་ལ་ཀུན་ནས་བབས།
མཚན་མོའི་རོལ་རྩེད་ལྷ་ཡུལ་དོ་ཟླར་བསྒྲུན།
དེ་བཞིན། རྣ་བའི་བུ་རམ། མིག་གི་བདུད་རྩི། པད་མའི་རོ་བཅུད། ༼འདིར་པད་མ་བུད་མེད་ཀྱི་མཚན་མར་གོ།༽ མ་སྐྱེས་ཨ་མ། ལས་ཀྱི་ཆུ་བོ། ཀླུ་སྨྱོན་དབྱངས་སྙན།
བདུད་རྩིའི་སྐད་དོད་ཨམྲྀཏ་སྟེ་འཆི་བ་མེད་པ་ཡིན་ཅིང་། འཆི་བ་མེད་པའི་སྒྲ་ཐོས་པ་ནི་དབྱངས་སྙན་པའི་ཚད་ཡིན་པས་བོད་ཀྱི་མཁས་པས་འཆི་མེད་བདུད་རྩི་ཞེས་སྒྲ་སྦྱོར་མཛད་པ་ནི་འགྱུར་ལེགས་པའི་ཚད་དོ། །
སླར་གོ་བདེ་ཙམ་བརྗོད་ན། བདུད་རྩིའི་སྐད་དོད་ཨམྲྀཏ་སྟེ་འཆི་བ་མེད་པ་ཡིན་ཅིང་། འཆི་བ་མེད་པའི་སྒྲ་ཐོས་པ་ནི་དབྱངས་སྙན་པའི་མཆོག་ཡིན་པས་བོད་ཀྱི་མཁས་པས་འཆི་མེད་བདུད་རྩི་ཞེས་མིང་དང་དོན་གཉིས་ཀ་སྟོན་པའི་སྒྲ་སྦྱོར་མཛད་པ་ནི་འགྱུར་ཤིན་ཏུ་ལེགས་པའི་ཚད་དོ། །ད་ལྟ་ང་ཚོས་འཆི་མེད་ཅེས་པའི་དབྱངས་སྙན་འཇེབས་ལྡན་པ་དེ་རང་དགར་བཞག་སྟེ་བདུད་རྩི་ཁོ་ནར་བསམ་མནོ་བཏང་བས་མགོ་འཁོར་བ་ཡིན་ནོ། དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན།།ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ།། གསུངས་བ་དང་འདྲའོ།།
འཆི་བ་མེད་པའི་སྐད་དོད་ཨམྲྀཏ་ཡིན་པ་མ་གཏོགས་བདུད་རྩིའི་སྐད་དོད་ཨམྲྀཏ་ག་ལ་ཡིན། མཚམས་སྦྱོར་ལྔ་བ་ངས་ཀྱང་སྦྱོང་མྱོང་།
གསུངས་རྣམ་པར་དག་པ། དབྱངས་སྙན་པ། ཟེར་བ་ལས་སྐུ་དང་བདུད་རྩི་རྣམ་པར་དག་པ། དབྱངས་སྙན་པ་ཟེར་ན་རྣ་བར་མི་སྙན་པ་འདྲ་ཞིག་འདུག། སྙན་ངག་མཁས་རྣམས་དཔྱད་པར་འཚལ།