རྔ་བ་ཀུན་བཟང་།
བུ་མོ་འཁྱགས་པོ་ཞིག་ཀུན་བཟང་སྒྲོལ་མ།།
བུ་ཕོ་རིག་རྒོད་ཞིག་སེར་རྡོར་རིན་ཆེན།།
ལེ་བར་སྟོང་ཕྲག་གི་ཕ་རོལ་ཞིག་ནས།།
རྨི་ལམ་ཆུང་ཆུང་ཞིག་རྨིས་ན་ཨེ་ཆོག།
རེ་བ་ཆེ་ཆེ་ཞིག་སེམས་ན་ཡོད་ཀྱང་།།
ལས་དབང་ཆུང་ཆུང་ཞིག་རྒྱང་ལ་ཤོར་བས།།
མྱི་ཁ་དམར་དམར་དེ་མགོ་ལ་ལྷུང་ནས།།
རྨི་ལམ་གཉིས་པ་ཞིག་སྙིང་ལ་བཞག་སོང་།།
སེམས་པ་གཙང་གཙང་ཞིག་ང་ལ་ཡོད་ཀྱང་།།
རེ་བ་ཆེ་ཆེ་ཞིག་ཁྱོད་ལ་ལྡན་པས།།
འཕྲང་ལམ་དོག་དོག་ཞིག་ཡིད་ལ་འཁོར་དུས།།
རྟ་མེད་རྐང་ཐང་ལ་འདི་ལྡར་ཤོར་འགྲོ།།
ལོ་ཟླ་ཞག་གསུམ་དེ་འདི་ལྡར་འགྲོ་ཡང་།།
སེམས་སོང་བྱམས་པ་ཁྱེད་རྒས་ནི་མི་ཤེས།།
སྙན་ངག་མང་མང་ཞིག་འདི་ལྡར་བྲིས་དུས།།
སྨྱུག་ཁའི་བརྩེ་ཞགས་དེ་དབང་མེེད་ཤོར་འགྲོ།།
ལྟ་ལོག་རེད་ཟེར་མང་མང་ཞིག་གི་སྨད།།
མཁས་པ་རེད་ཟེར་མང་མང་ཞིག་གི་མཆོད།།
འཇིག་རྟེན་མི་ནི་སྤྱི་གཞུང་གྲགས་དགའ་བས།།
སུ་དང་གང་ལ་བདེན་ཚིག་ཞིག་ནི་མེད།།
དམར་དམར་ཁྲག་ཐིག་ས་ལ་ལྷུང་ཡང་ཆོག་གོ།།
དཀར་དཀར་དུང་སོང་རླུང་ལ་བཏང་ཡང་ཆོག་གོ།།
བདུད་དང་དུང་འགྲོ་དབྱེ་སྒོ་མ་རྟོགས་ན།།
འཆར་འཆར་སྣང་བའི་གཏམ་ནི་བྱིས་སྒྲུང་ངོ་།།
བརྩེ་བའི་རི་མོ་ཞིག་དུང་ལ་བཀོད་ཀྱང་།།
དུང་དཀར་རི་མོ་ང་གཉིས་མ་གཏོགས་མི་ཤེེས།།
གསང་བའི་ཁང་ཆུང་ཞིག་གངས་འདབ་ན་ཡོད་ཀྱང་།།
གསང་སྒོའི་ལྡེ་མིག་དེ་འུ་གཉིས་མ་གཏོགས་མི་ཤེས།།
ཁྱོད་ཀྱི་སྙན་ངག་དེ་སྙིང་ཆུང་ཁྲག་ཡིན།།
ཁྱོད་ཀྱི་བློ་རིག་དེ་མེ་རྟག་དམར་ཡིན།།
ཁྱོད་ཀྱི་སྣང་བ་དེ་དྲི་མེད་ཟླ་ཡིན།།
ཅོལ་ཆུང་བུ་མོ་ང་ཁྱོད་ལ་ཤོར་སོང་།།
དམར་པའི་བཙན་འོག་ནས་ཁྱེད་རང་མ་བསྐྱབས།།
གཞན་ཚིག་རྣོད་མོ་ལས་ཁྱེད་རང་རྡུང་དུས།།
འདྲ་མེད་འཁྱགས་པོ་ང་ས་མཐའ་སྐོར་ནས།།
ཆུ་འཁྱགས་རྩམ་འཁྱགས་ཀྱི་འཚོ་བ་སྐྱེས་ཡིན།།
ལུས་དྲི་ཙན་དན་བཞིན་ཞིམ་པ་མེད་ིཡང་།།
ཤ་ཁ་བལ་དཀར་བཞིན་འཇམ་པ་མེད་ཡང་།།
སེམས་པ་གངས་རི་བཞིན་དཀར་བ་མེད་ཡང་།།
ཡོད་ཚད་ཁྱེད་རང་ལ་གཏད་ན་འདོད་གི།།
རྨི་ལམ་ཆེ་ཆེ་ཞིག་རེད་འདུག་མ་གསུང་།།
གཏམ་རྙོག་བྱིས་གཏམ་ཞིག་རེད་འདུག་མ་ཟེར།།
ལེ་བར་སྟོག་ཕྲག་གི་འཕྲང་དོག་ཞིག་ནས།།
མུན་ནག་མཚན་མོ་ཡི་རྨི་ལམ་ཞིག་གོ།།
གློའུ་ཞེད་འདྲེས་ཟེར་པ་བདེན་པ་རེད་ལ།
བུ་མོ་ཀུན་བཟང་ལགས། བཀླགས་ཟིན།