སྦྲ་རིགས་ཐོགས་མེད།
ཕྱི་ལོ ༢༠༡༨ ཟླ་ ༤ ཚེས ༢༧ ཉིན་གྱི་ཞོགས་པར། བོད་རིག་པ་སློབ་གླིང་འགན་འཛིན་ཀྱིས་ཛ་དྲག་གློག་འཕྲིན་ཞིག་འབྱོར་འདུག “རྒན་ཚེ་རིང་དོན་གྲུབ་ལུན་གྲོན་ནས་ཨོག་སུ་སྤོར་སློབ་ཆེན་དུ་འཆད་ཁྲིད་ལ་ཕེབས་སྐབས། ལམ་བར་དུ་རླངས་འཁོར་དོན་རྐྱེན་བྱུང་ནས། ད་ལྟ་རང་སྨན་ཁང་དུ་ཁྱེར་འདུག” ཟེར། སྐབས་དེར། ཕལ་ཆེར་ཛ་དྲག་དེ་འདྲ་ཡིན་རྒྱུ་མ་རེད་བསམ་སོང་། ཞིབ་འཇུག་རྩོམ་ཡིག་ཅིག་གི་འཕྲོ་སྐྱོང་བཞིན་ཡོད་མོད། ཉིན་དེར་སེམས་པ་ཟང་ཟིང་དུ་གྱུར་ཏེ་གཏན་ནས་བདེ་ལ་འབབ་མི་ཐུབ། ཉིན་གུང་རྗེས་སུ། བསྐྱར་དུ་གློག་འཕྲིན་ཞིག་འབྱོར་འདུག “རྒན་ཚེ་རིང་ལགས།སྨན་ཁང་དུ་མྱུར་སྐྱོབ་བྱེད་མ་ཐུབ་པར་སྐུ་གཤེགས་སོང་” ཟེར། ཐོག་མར་རང་གི་མིག་ལའང་ཡིད་མི་ཆེས་པ་ལྟ་བུ་ཞིག་བྱུང་། “གཏམ་ངན་པ་དེ་ཚོ་བདེན་ཤས་ཆེ་” ཟེར་བ་ཅི་མ་བདེན། མི་ཚེ་གང་བོར་བོད་ཀྱི་ལས་སྒོ་ཆེ་མ་ཆུང་གསུམ་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མྱོང་ཞིང་། འདས་པའི་ལོ་ངོ་བཅུ་དྲུག་རིང་ཨོག་སུ་སྤོར་སློབ་ཆེན་གྱི་བོད་སྐད་ཡིག་གི་སྲོག་ཤིང་གནང་མཁན། རྒན་ལགས་ཁོང་། དགུང་ལོ ༦༦ སྟེང་མི་ཡུལ་འདི་ནས་ང་ཚོ་དང་གཏན་དུ་ཁ་གྱེས་འདུག
ཕྱི་ལོ ༢༠༡༥ ལོའི་ཟླ་གཉིས་པར། བདག་ཨིན་ཡུལ་དུ་སློབ་སྦྱོང་བྱེད་པར་སླེབས་པ་ཡིན། ལོ་དེའི་བོད་ཀྱི་ལོ་སར་སྐབས་སུ། ངས་རྒན་ཚེ་རིང་དོན་གྲུབ་ལགས་ཐོག་མར་ངོ་ཤེས་བྱུང་། སྐབས་དེར། ཕན་ཚུན་ངོ་སྤྲོད་རེ་བྱས་པ་ཙམ་ལས་རྒྱུས་ལོན་མ་བྱུང་། རྗེས་སུ། གློག་ཀླད་ཆེད་མཁས་ཨ་ཁུ་སྨོན་ལམ་ལགས་ཨིན་ཡུལ་དུ་ཕེབས་སྐབས། རྒན་ཚེ་རིང་ལགས་ཀྱི་ནང་དུ་ཁྲིད་དགོས་བྱུང་། དེ་ནས་བཟུང་། རྒན་ཚེ་རིང་དོན་གྲུབ་ལ་འགྲོགས་འདྲིས་དང་རྒྱུས་མངའ་གཉིས་ཀ་ཆེ་རུ་ཕྱིན། རྒན་ཚེ་རིང་ལགས། བོད་མདོ་སྨད་ཤར་ཁོག་གི་གྲོང་གསེབ་ཅིག་ཏུ་སྐྱེས་ཤིང་ཆུང་དུས་ནས་རྒྱ་གར་དུ་སླེབས་པ་ཞིག་ཡིན་འདུག ཁོང་ཇི་ལྟར་རྒྱ་གར་དུ་སླེབས་ཚུལ་མ་ཤེས་ཀྱང་། ཕལ་ཆེར་ཁོང་ནང་མི་སྤུན་མཆེད་ཀྱིས་ཁྲིད་འོངས་པ་ཞིག་ནི་མིན་པ་འདྲ། ཁོང་གིས་ལོ་རབས་བདུན་ཅུ་བ་དང་བརྒྱད་ཅུའི་སྟོད་དུ་རྒྱ་གར་གྱི་བོད་སློབ་ཁག་ཏུ་སློབ་སྦྱོང་གནང་འདུག ང་ཕྱི་ལོ་༢༠༠༢ ལ་རྒྱ་གར་དུ་སླེབས་ནས་སུ་ཇ་སློབ་གྲྭར་སློབ་སྦྱོང་བྱས་པ་ཡིན། སྐབས་དེའི་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བ་དེ། ད་ལྟ་ཕྱིར་དྲན་བྱས་ན་གནའ་གཏམ་ལྟ་བུ་ཞིག་ཡིན་པར་བསམ་ན། ཕ་ཡུལ་དང་ནང་མིར་ཁ་བྲལ་བའི་ཚེ་རིང་དོན་གྲུབ་གྱི་ལོ་རབས་བདུན་ཅུའི་སྐབས་ཀྱི་རྒྱ་གར་ནང་གི་འཚོ་བ་ག་འདྲ་ཞིག་ཡིན་པ་། ཕལ་ཆེར་ང་ཚོའི་མིག་ལམ་དུ་འཆར་ཐུབ་པ་ཞིག་རེད། འོན་ཀྱང་། དབུ་སྐྲ་རིང་བོ་བསགས་ཤིང་རྐང་རྣམ་དུང་ཆེན་ཁ་གྱོན་མཁན། ཕོ་སར་ཚེ་རིང་དོན་གྲུབ་གྱིས་སློབ་སྦྱོང་མཐར་ཕྱིན་པ་བྱས་འདུག་པ་མ་ཟད། རྗེས་སུ་མི་ལོ་བཅུ་ཙམ་ལ་བོད་ཁྱིམ་སློབ་གྲྭའི་དགེ་ཆེ་ལགས་ཀྱི་འགན་བཞེས་འདུག ཕལ་ཆེར་བོད་མདོ་ཁམས་གཉིས་ཀྱི་གསར་འབྱོར་བའི་ཁྲོད་དུ་བོད་ཁྱིམ་གྱི་གོ་གནས་མཐོན་པོ་འཛིན་མྱོང་མཁན་ཉུང་ཤས་ཤིག་ཡོད་པའི་ཁྲོད་ཀྱི་གཅིག་ཁོང་ཡིན།
ཕྱི་ལོ ༡༩༨༧ ལོར་ཨིན་ཡུལ་དུ་ཕེབས། ལུན་གྲོན་རྒྱལ་སྤྱིའི་ཨིན་ཡིག་སློབ་གྲྭ་རུ་ཆེད་ལས་ཨིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་ཞོར། བོད་ཀྱི་ཐེབས་རྩ་དང་ཚོགས་སྡེ་གང་མང་ལ་ཞབས་ཞུ་ཞུས་འདུག ཕྱི་ལོ ༢༠༠༡ ནས་ཨོག་སུ་སྤོར་སློབ་ཆེན་དུ་ཆེད་ལས་བོད་ཡིག་དགེ་རྒན་དུ་ཕེབས་པ་རེད། ལོ་རབས་བདུན་ཅུའི་ནང་གི་བོད་མི་གསར་འབྱོར་བའི་ཁྲོད་དུ། ཁོང་ལྟ་བུའི་བོད་ཨིན་གཉིས་ཀྱི་ཤེས་ཚད་མཐོན་པོ་ཅན་མང་བོ་མེད། ཁོང་གིས་རྩོམ་ཡིག་དང་སྙན་ངག དངོས་བཤུས་གློག་བརྙན་སོགས་གང་མང་སྐོར་གྱི་ཆེད་ལས་ཡིག་སྒྱུར་མཁན་གནང་མྱོང་བ་མ་ཟད། བོད་ཀྱི་བརྡ་རྙིང་དང་གཏམ་དཔེའི་སྐོར་ལའང་ཁོང་གིས་དེབ་རྒན་ལོངས་པ་ཞིག་ཕྱོགས་བསྒྲིགས་གནང་འདུག དེ་བཞིན། ཁོང་བོད་ཀྱི་ལོ་རྒྱུས་དང་རི་མོའི་སྒྱུ་རྩལ་ཕྱོགས་ལའང་དབྱིངས་ཆེན་པོ་ཡོད་མཁན་ཞིག་རེད། ལོ་སྔོན་མར། རྒན་ལགས་ངེད་གཉིས་ཀྱིས་སྦ་བཞེད་ཀྱི་བརྡ་རྙིང་ཁ་ཤས་ཀྱི་གོ་དོན་སྐོར་ལ་ཆུ་ཚོད་གཅིག་ལྷག་བགྲོ་གླེང་བྱས་པ་དྲན།
རྒན་ཚེ་རིང་དོན་གྲུབ་ལགས། སེམས་པ་བཟང་ཞིང་གཤིས་ཀ་འཇམ། ལུན་གྲོན་གྱི་བོད་རིགས་ཁོང་ངོ་ཤེས་མཁན་ཚང་མས། རྒན་ལགས་ཞེས་ཧ་ཅང་བརྩེ་མཐོང་ཆེན་པོ་གནང་བཞིན་འདུག དེ་བཞིན། རྒན་ཁོང་གཏམ་ཀུ་རེ་ལ་ཡང་ཧ་ཅང་དགའ་མཁན་ཞིག་རེད། ཨོག་སི་སྤོར་སློབ་ཆེན་གྱི་བོད་ཀྱི་ལོ་སར་སྐབས་རྟག་པར་ཁོང་གིས་མགོ་ཁྲིད་དང་། མདོ་འཛིན་པ། རོལ་གཞས་གཏོང་མཁན་སོགས་ཚང་མ་གཅིག་ལྕོགས་གནང་ཀིན་ཡོད། མཚམས་རེར་སློབ་ཕྲུག་ཚོ་དང་མཉམ་དུ་འུར་འདྲ་ལངས་ནས་ཞབས་བྲོ་འཁྲབ་ཅིང་གླུ་གཞས་གཏོང་བ་སོགས་ཀྱང་བྱེད། ད་དུང་། ཁོང་ལ་མི་ལོ་བཞི་བཅུ་ལྷག་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་ཨ་ཅག་གཤིས་བཟང་ཞིག་དང་། སྙིང་ནང་གཅེས་པའི་བུ་མོ་གཉིས་དང་བུ་གཅིག་བཅས་ཡོད། ཁོང་གི་ལས་གྲོགས་ཚོས། “ཨ་ཅག་སྒྲོལ་དཀར་ལགས། རྒན་ཚེ་རིང་དོན་གྲུབ་གྱི་རྔ་མ་རེད་” ཅེས། མཚམས་རེར་ཀུ་རེའང་རྩེད་བཞིན་ཡོད། རྒན་ལགས་གང་དུ་ཕེབས་ན། ཨ་ཅག་སྒྲོལ་དཀར་ཡང་དེར་སླེབས་ནས་ཡོད་ཅིང་། རྒན་ལགས་ཀྱི་དགོད་སྒྲ་གང་དུ་ཡོད་ན། ཨ་ཅག་སྒྲོལ་དཀར་གྱི་འཛུམ་མདངས་ཀྱང་དེ་ན་ཡོད། ན་ནིང་། ནོར་ལྦེར་བོད་རིག་པའི་འཚོགས་འདུར་ཕེབས་མྱོང་མཁན་ཚོས། གཅིག་བྱས་ན། ཁོང་ཁྱོ་ཤུག་གཉིས་ཀྱང་སྐབས་དེར་ཕེབས་ཡོད་པ་དོ་སྣང་བྱུང་ཡོད་སྲིད།
མདོར་བསྡུས་ན། རྒན་ཚེ་རིང་དོན་གྲུབ་ལགས་ནི། མི་ལོ་དྲུག་ཅུའི་སྐྱབས་བཅོལ་གྱི་ལོ་ཟླ། མགོ་ནས་མཇུག་བར་བརྒྱུད་མྱོང་བའི་ང་ཚོའི་མི་རབས་རྒན་པ་ཚོའི་གྲས་ཀྱི་གཅིག་ཡིན་ལ། ཁོང་ནི་བོད་མི་ཡུལ་གྱར་བ་མང་ཆེ་བ་དང་འདྲ་བར། སྐྱབས་བཅོལ་ནས་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡང་། རུས་པ་ལྕགས་ལས་སྲ་ཞིང་སྒལ་ཚིགས་རི་ལས་མཐོ་བའི་ང་ཚོའི་མི་རབས་རྒན་པ་ཚོའི་གྲས་ཀྱི་གཅིག་ཀྱང་ཡིན། ད་དུང་། ཁོང་ནི་མི་ཚེ་ས་མཐའ་རུ་རྫོགས་ཀྱང་རྣམ་ཤེས་མཐོ་སྒང་ལ་ལོག་ཡོད་པའི་མི་ཡུལ་གྱི་འབྲོང་རྒོད་ཅིག་ཀྱང་ཏན་ཏན་ཡིན་ངེས།
༢༠༡༨ /༠༥ /༠༡
རྒན་ཚེ་རིང་དོན་འགྲུབ་ཀྱི་མཚན་ད་རེས་མ་གཏོགས་ཐོས་མ་མྱོང་། ཨ་ཁ་ཁ། བོད་ཀྱི་བུ་རྒོད་ཅིག་ཕེབས་སོང་བ་རེད། ད་དུང་དགུང་ལོ་ཆེན་པོ་རེད་མི་འདུག ཁོང་གི་མཛད་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་ཆབ་གཅིག་མྱ་ངན་ཡང་ཞུ། ཨཱོཾ་མ་ནི་པདྨེ་ཧཱུཾ། །
བཀའ་དྲིན་ཆེ། བཀླགས་ཟིན། ཁོམ་དུས་ཁོང་གི་ལོ་རྒྱུས་གང་ཤེས་པ་རྣམས་རྒྱས་པ་ཞིག་བྲིས་ན་ཡག རྒྱུ་མཚན་ཁོང་ལྟ་བུ་ནུབ་ཕྱོགས་ཀྱི་སློབ་གླིང་ན་བོད་རིགས་དགེ་རྒན་ཉུང་ཤེས་ཁྲོད་ཀྱི་གཅིག་རེད། དེ་བས་ཁོང་གི་ལོ་རྒྱུས་ཤེས་མཁན་ཧ་ཅང་ཉུང་བས་དུས་ཚོད་ཀྱིས་ལྕོགས་ན་ཁ་གསེབ་ཀྱིས་གང་ཐུབ་ངང་རྒྱས་པ་འབྲི་ཐུབ་ན་མང་པོ་ཞིག་ལ་ཕན་རླབས་ཆེ།
སྦྲ་རིགས་ལགས་ཀྱིས་བྲིས་བའི་རྩོམ་ཡིག་དེ་ཆ་ཚང་བཀླག་ཚར་ཡིན་ལ་ སྤྱིར་བོད་ཀྱི་སྐད་ཡིག་དང་བོད་རིག་པའི་སྐོར་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་རྒན་ཚེ་རིང་དོན་འགྲུབ་མི་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། བདག་ལ་མཚོན་ན་རྒན་ཁོང་དང་དངོས་སུ་ཐུག་མ་མྱོང་མོད། རྒན་ཚེ་རིང་དོན་འགྲུབ་ལྟ་བུ་བོད་རིག་པར་སྤྱི་སེམས་ཆེ་བའི་མི་བུ་རླབས་ཆེན་འགར་ནུབ་ཕྱོགས་ཁུལ་ལ་ཡོད་མཁན་དེ་དག་འདིར་ལྟར་བཞུད་སོང་ན།. ངོ་མ་ང་ཚོ་བོད་སྤྱི་ཡོངས་ཀྱི་ཕམ་ཁ་ཆེན་མོ་ཞིག་རེད་འདོད་ཡོད།
ཁྱེད་རྣམ་པ་ལ་རྒན་འདས་པོས་ལྗགས་རྩོམ་གནང་བའི་དེབ་འདྲ་ཡོད་ན་དྲྭ་ཐོག་ཏུ་བཀྲམ་ཐུབ་ཚེ་རང་རིགས་རྣམས་ལ་ཕན་ཐོགས་ཤིན་ཏུ་ཆེ་བས་དེ་དོན་དགོངས་ཆུབ་ཡོང་བ་ཞུ། ཁོང་གི་མཚན་སྙན་ཐོས་པ་དང་པོ་དང་ཐོས་ནས་ཕེབས་པའང་དང་པོ་ཡིན།