བློ་བཟང་ལུང་རྟོགས་ནས་བསྒྱུར།
ལེའུ་གསུམ་པ།
རྒྱ་ནག་གི་སྟོབས་ཤུགས་དང་འདོད་དོན།
གྲངས་འབོར་གྱི་སྟོབས་ཤུགས།
ཆེད་མཁས་མང་པོ་ཞིག་གིས་ཨ་རིའི་དཔལ་འབྱོར་དེ་མུ་མཐུད་ནས་འཛམ་གླིང་ཐོག་གི་ཆེ་ཤོས་སུ་གནས་པར་འདོད། ཁོང་ཚོས་ཨ་རིའི་དཔལ་འབྱོར་གྱི་མཐོ་རླབས་ལ་སྔོན་ཆད་འགྲན་རྩོད་བྱེད་མཁན་བྱུང་མྱོང་བའི་དཔེར་མཚོན་གསར་ཤོས་ནི་ཕྱི་ལོ་༡༩༨༠་ནང་གི་འཇར་པན་ལྟ་བུ་རེད། ཁྱེད་ཀྱིས་འཇར་པན་ལ་ལྟོས་དང་བརྗོད་ཀྱི་ཡོད། གཞན་ལ་བྱུང་བའི་གནས་ཚུལ་དེ་འདྲ་རྒྱ་ནག་གི་འགྲན་རྩོད་ཡང་ལ་འབྱུང་ངེས་པའི་གདེང་ཚོད་ཡོད་ཟེར། འོན་ཀྱང་། རྒྱ་ནག་ནི་གཞན་དང་མ་འདྲ་བ་ཞིག་རེད། གཞན་གྱིས་འགྲན་མ་ཐུབ་ཀྱང་རྒྱ་ནག་གིས་འགྲན་སྡུར་བྱས་ན། ཨ་རིའི་དཔལ་འབྱོར་གྱི་མཐོ་རླབས་ལས་བརྒལ་ཐུབ། གང་ཡིན་ཟེར་ན། རྒྱ་ནག་ལ་སྔོན་གྱི་འགྲན་རྩོད་བྱེད་མཁན་རྣམས་དང་མ་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ངལ་རྩོལ་གྱི་སྟོབས་ཤུགས་དེ་ཨ་མེ་རི་ཀ་ལས་ཆེ་བ་ཡོད་པས་རེད། སྟོབས་ཤུགས་འདིས་ཁྱད་པར་མང་པོ་བཟོ་གི་ཡོད།
ཨང་རྩིས་ཀྱི་རྣམ་གཞག་འདི་ལས་སླ་བོ་ཞིག་ཡིན། འཇར་པན་གྱི་ངལ་རྩོལ་སྟོབས་ཤུགས་ནི་ཨ་མེ་རི་ཀ་ཡི་སུམ་ཆ་གཅིག་ཙམ་ཡིན། དེ་བས་ཨ་མེ་རི་ཀའི་ཐོན་འབབ་ལས་བརྒལ་དགོས་ན་ཆ་སྙོམས་འཇར་པན་གྱི་མི་གཅིག་གིས་ཨ་རིའི་མི་གསུམ་གྱི་ཐོན་སྐྱེད་བྱེད་ཐུབ་དགོས་ཀྱི་ཡོད། འདི་འདྲ་ནམ་ཡང་ཡོང་མི་སྲིད། གང་ཡིན་ཟེར་ན། ཨ་མེ་རི་ཀའི་ལག་རྩལ་དང་འཕྲུལ་རིགས་གསར་གཏོད། བཟོ་ཚོང་ལམ་ལུགས་བཅས་མཉམ་སྡེབ་ཀྱི་དབང་གིས་ཨ་རིའི་ངལ་རྩོལ་སྟོབས་ཤུགས་ནི་ཐོན་སྐྱེད་ལེགས་པའི་རྒྱལ་ཁབ་ཁག་དང་འདྲ་བར་མུ་མཐུད་གནས་རྒྱུ་རེད། དེ་བས་འཇར་པན་གྱི་དཔལ་འབྱོར་ཨ་རིའི་སྒང་ལ་ཤོར་བའི་ཚོད་དཔག་རྙིང་པ་དེ་རྟག་པར་ནོར་འཁྲུལ་རེད། ཕྱོགས་གཞན་ནས་བཤད་ན་རྒྱ་ནག་གི་ངལ་རྩོལ་སྟོབས་ཤུགས་ནི་ཨ་རི་ལས་ལྡབ་བཞི་ཡིས་ཆེ་བ་དང་། དེ་བས་རྒྱ་ནག་གི་ཐོན་འབབ་ཨ་མེ་རི་ཀའི་སྒང་ལ་ཤོར་བར་རྒྱ་ནག་གི་ངལ་རྩོལ་པ་དཀྱུས་མ་ཞིག་གི་ཐོན་སྐྱེད་ཨ་མེ་རི་ཀའི་ངལ་རྩོལ་པ་དཀྱུས་མ་ཞིག་གི་ཐོན་སྐྱེད་ཀྱི་བཞི་ཆ་གཅིག་ཙམ་བྱེད་ཐུབ་ན་ཆོག
ལོ་ངོ་སུམ་ཅུའི་ཡར་སྔོན་ཨ་མེ་རི་ཀའི་ངལ་རྩོལ་པ་དཀྱུས་མ་གཅིག་དང་དང་རྒྱ་ནག་གི་ངལ་རྩོལ་པ་དཀྱུས་མ་གཅིག་གི་གྲུབ་འབྲས་དབར་ཁྱད་པར་ཤིན་ཏུ་ཆེན་པོ་ཡིན་པ་དེ་ཡང་ཧ་ལམ་འདྲ་མཉམ་ཡོང་མི་སྲིད་པ་ཞིག་ཏུ་མཐོང་གི་ཡོད།
རྒྱ་ནག་གི་རྒྱ་ཆེ་བའི་མི་འབོར་གྱིས་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་ཡོང་འབབ་ལ་ཕན་ཐོགས་བསྐྲུན་ཡོད། ཕྱི་ལོ་༡༩༨༠་ལོའི་ཚུན་རྒྱ་ནག་གི་བསྔགས་འོས་པའི་གྲུབ་འབྲས་ཀྱིས་ཨ་རྒྱའི་བར་ཁྱད་ཆུང་དུ་བཏང། ད་ལྟ་དཀྱོགས་མཚམས་ཆེན་པོ་ཞིག་ལ་སླེབས་ཡོད་པ་སྟེ། ཨ་མེ་རི་ཀའི་མི་དཀྱུས་མ་ཞིག་གི་ཐོན་སྐྱེད་ནི་རྒྱ་ནག་གི་གཞི་རྒྱ་ཆེ་བའི་ངལ་རྩོལ་གྱི་སྟོབས་ཤུགས་ལས་བརྒལ་དཀའ་བར་གྱུར་ལ། སྐབས་དེར་ད་གཟོད་རྒྱ་ནག་གི་དཔལ་འབྱོར་ནི་འཛམ་གླིང་ནང་ཆེ་ཤོས་སུ་གྱུར།
འགྱུར་ལྡོག་མགྱོགས་པོ་འདི་འདྲ་ཞིག་བྱུང་བར་ང་ཚོ་ཚང་མ་ཧ་ལས་བཅུག་ཡོད་ཀྱང་། དོན་དངོས་ཐོག་འཕེལ་ཕྱོགས་འདི་དུས་ཡུན་གང་འཚམ་རིང་གསལ་བོར་གྱུར་ཡོད། དཔལ་འབྱོར་གྱི་མཐོ་རླབས་མཐར་གཏུགས་ན་གྲངས་འབོར་གྱི་ཁྱད་པར་ཡིན་པ་ལས་རྒྱལ་ཁབ་ཀྱི་ཕྱིའི་རྣམ་པ་མིན་པ་དེ་ང་ཚོས་བརྗེད་ནས་སྣང་མེད་དུ་བཞག་པ་རེད། རྒྱལ་ཁབ་ཀྱི་ཡོང་འབབ་དེའི་བསྡོམས་འབོར་སླ་བོ་ཞིག་གིས་ཐག་གཅོད་ཀྱི་ཡོད། ལས་ཀ་བྱེད་མཁན་རེ་རེའི་ཐོན་སྐྱེད་ཡོང་འབབ་ལ་མིའི་གྲངས་འབོར་གྱིས་བསྒྱུར་རྩིས་རྒྱག་རྒྱུ་དེ་ཡིན། ཨ་མེ་རི་ཀའི་དཔལ་འབྱོར་ནི་ཕྱི་ལོ་༡༨༨༠་ནང་ཆེ་ཤོས་ཡིན་པའི་རྒྱུ་མཚན་ཡང་ཁོང་ཚོར་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་རྣམས་ཀྱི་ནང་ནས་ངལ་རྩོལ་སྟོབས་ཤུགས་ཆེ་ཤོས་ཡོད་པས་རེད། ཁོ་ཚོའི་ངལ་རྩོལ་གྱི་སྟོབས་ཤུགས་ནི་ཡར་རྒྱས་ལ་འགྲོ་བཞིན་པའི་རྒྱལ་ཁབ་རྒྱ་ནག་དང་རྒྱ་གར་ཕུད་པའི་རྒྱལ་ཁབ་གཞན་ཚང་མ་ལས་ཆེ་བ་ཡོད། ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ལས་ཨ་མེ་རི་ཀ་ནི་ད་ལྟའི་བར་དུ་ལས་ཀ་བྱེད་མཁན་མང་ཤོས་དང་མི་རེའི་ཐོན་སྐྱེད་ཡོང་འབབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར།
ཨ་མེ་རི་ཀའི་རྒྱལ་ཁབ་ཀྱིས་འདི་ལྟར་བསྔགས་པར་འོས་པའི་སྟོབས་ཤུགས་དང་། རང་བྱུང་ཐོན་ཁུངས་ཀྱིས་ཕྱུག་པ་བཅས་ལ་བརྟེན་གྲུབ་འབྲས་འདི་ལྟ་བུ་མངོན་འགྱུར་བྱེད་ཐུབ་བྱུང། ཁོང་ཚོའི་གུ་ཡངས་དང་། གོ་སྐབས་སྤྲོད་པ། རང་དབང་ཅན་གྱི་སྲིད་ཇུས་ལ་བརྟེན་ནས་གཞིས་ཆགས་བྱེད་མཁན་ས་ཡ་མང་པོ་གནས་འདིར་གཞིས་སྤོས་པ་དེས་ཁོང་ཚོའི་བསྡོམས་རྩིས་ལ་ཁ་སྣོན་བརྒྱབ་ཡོད། ད་དུང་ལེགས་བཅོས་དང་བཟོ་ཚོང་གཉེར་ལས། གསར་བཏོད་བཅས་ཀྱི་དབང་གིས་ཁོང་ཚོའི་ངལ་རྩོལ་སྟོབས་ཤུགས་ནི་གོ་ལ་ཁྱོན་ཡོངས་ཀྱི་ཐོན་སྐྱེད་ཆེ་ཤོས་སུ་གྱུར་པས། འཇར་པན་དང་རྒྱལ་ཁབ་ཆུང་བ་གཞན་རྣམས་ཨ་རིའི་ངལ་རྩོལ་སྟོབས་ཤུགས་ལས་བརྒལ་ཐུབ་རྒྱུ་ནི་ཡོང་མི་སྲིད་པ་ལྟ་བུ་རེད། དེ་བས་ཨ་རིའི་དཔལ་འབྱོར་མདུན་དུ་རྒྱ་ནག་དང་ཡང་ན་རྒྱ་གར་གང་རུང་གིས་མ་གཏོགས་འགྲོ་ཐུབ་ཀྱི་མེད། དེ་གཉིས་ལ་ངལ་རྩོལ་བའི་གྲངས་འབོར་ཆེན་པོ་ཡོད་པས། རྒྱབ་ཁབ་དེ་གཉིས་ཀྱིས་ཨ་རིའི་ཐོན་སྐྱེད་ཆུ་ཚད་ལ་སྙོབ་ཐུབ་ཀྱི་རེད་ལ་དོན་དངོས་སུ་དེ་ལྟར་འབྱུང་བཞིན་པ་ཡིན།
ང་ཚོས་རྒྱུན་རིང་གི་གནས་སྟངས་ལ་བལྟས་པ་ཡིན་ན། ད་ལྟའི་རྒྱ་གར་དང་རྒྱ་ནག་གི་ཡར་རྒྱས་ནི་གསར་བརྗེ་རེད་ཟེར་བ་ལས་བསྐྱར་གསོ་རུ་བརྗོད་ན་དོན་དང་མཐུན། དུས་རབས་གཉིས་ཀྱི་བར་གསེང་ངམ་(གུང་གསེང་)བཏང་ནས་ཚུར་རང་འཇགས་ཅན་ནམ་འཆར་ཅན་དུ་གྱུར་པ་རེད་ཟེར་ཆོག རྒྱལ་ཁབ་འདི་གཉིས་ནི་ཕྱི་ལོ་༡༨༠༠་སྔོན་དུ་མི་འབོར་གྱི་དབང་གིས་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་རེད། (རྒྱ་གར་ནག་གཉིས་སྔོན་མ་འཛམ་གླིང་ཐོག་སྟོབས་ཤུགས་ཆེ་ཤོས་ཡིན) བཟོ་ལས་དར་རྒྱས་ཀྱི་སྔོན་དུ་ལུང་པ་ཚང་མའི་ཐོན་སྐྱེད་ཀྱི་ཚད་གཞི་ཕལ་ཆེར་འདྲ་བོ་རེད། དེ་བས་ལྟོས་ས་ལྟོས་འཇོག་གི་དཔལ་འབྱོར་ཆེ་ཆུང་གཙོ་བོ་མི་འབོར་མང་ཉུང་གིས་ཐག་བཅད་ཡོད། བཟོ་ལས་གསར་བརྗེ་ཡི་རྦ་ཀློང་འཕྱུར་བ་དང་མཉམ་དུ་མི་འབོར་དང་རྒྱལ་ཁབ་ཀྱི་ཡོང་འབབ་གཉིས་འབྲེལ་མེད་ལྟ་བུར་གྱུར་པ་དེ་ལ་དཔལ་འབྱོར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཐོན་སྐྱེད་ཀྱི་(ཁ་གྱེས་ཆེན་པོ)་རུ་འབོད། མི་རེའི་ཐོན་སྐྱེད་ཀྱིས་སྔོན་ཐོན་རྒྱལ་ཁབ་ཁ་ཤས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང་འཛམ་གླིང་ཁྱོན་ཡོངས་ལ་དེ་ཙམ་གྱི་ནུས་པ་ཆེན་པོ་ཐོན་མེད། དབྱིན་ཇི་ནས་དུས་རབས་༡༩་པའི་འགོ་སྟོད་དུ་རྒྱ་ནག་གི་དཔལ་འབྱོར་ལས་བརྒལ་ཐུབ་ཡོད་པ་དེ་ཡང་ངལ་རྩོལ་པ་རྣམས་ཀྱི་ཐོན་སྐྱེད་ཧ་ལས་པའི་ཆེན་པོར་ཡིན་པ་དེ་ནི་དབྱིན་ཇི་ས་ཡ་༢༠་ཡིས་རྒྱ་མི་ས་ཡ་༣༨༠་ཡི་ཐོན་སྐྱེད་ལས་བརྒལ་ཐུབ་ཡོད།
ད་ལྟ་འཛམ་གླིང་གི་རྒྱལ་ཁབ་གཞན་ཡོངས་ནས་རྗེས་སྙེག་བཞིན་ཡོང་གི་ཡོད། མ་འོངས་པའི་ལོ་རྒྱུས་སྨྲ་བ་རྣམས་ནས་སྔོན་ཆད་བྱུང་ཚར་བ་ཞིག་དུས་རབས་ཉེར་གཅིག་པའི་ནང་འབྱུང་བཞིན་པར་དེ་ཙམ་ཧང་སངས་མི་དགོས། (ཁ་གྱེས་ཆེན་པོ)་ནི་གཙོ་བོ་སྔོན་མ་(ཡར་རྒྱས་མ་སོང་)བའི་རྒྱལ་ཁབ་ཁག་གི་ནང་ལོ་༢༠༠་སྔོན་ལ་བྱུང་ཟིན་པའི་ནུབ་ཕྱོགས་པའི་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་དུས་སྐབས་དང་འདྲ་བའི་མི་སྒེར་རེ་རེའི་ཐོན་སྐྱེད་ནུས་པའི་ཐོག་ནས་བསྐྱོད་ཀྱི་ཡོད། ཐོན་སྐྱེད་ནུས་པའི་ཁྱད་པར་ད་ལྟ་ཆུང་རུ་འགྲོ་གི་ཡོད་པས་ན་དཔལ་འབྱོར་ཆེ་ཆུང་ཡང་ངལ་རྩོལ་བའི་གྲངས་འབོར་ལ་བརྟེན་དགོས་ཀྱི་ཡོད། དེ་ནས་རྒྱལ་ཁབ་ཆེ་ཤོས་གཉིས་རང་བཞིན་གྱིས་འཛམ་གླིང་དཔལ་འབྱོར་ཆེ་ཤོས་འགྱུར་བཞིན་པའི་ཁྲོད་རྒྱ་ནག་གིས་ད་ལྟ་འགོ་ཁྲིད་ཀྱི་ཡོད། རྒྱ་ནག་གིས་འགོ་འཛུགས་སྔ་བོ་བྱས་ཡོད་ལ་མགྱོགས་པོར་མདུན་དུ་བསྐྱོད་ཡོད་པས། དུས་ཚོད་ངེས་ཅན་ནང་རྒྱ་ནག་གི་ངལ་རྩོལ་སྟོབས་ཤུགས་རྒྱ་གར་ལས་ཆེ་བར་གྱུར། དེ་བས་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་རྒྱ་ནག་གིས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨ་རི་དང་འགྲན་རྩོད་བྱེད་ཀྱི་རེད། དྲང་པོ་བཤད་ན། རྒྱ་གར་མདུན་དུ་མ་ཤོར་གོང་རྒྱ་ནག་གི་དཔལ་འབྱོར་ཨ་རི་ལས་ཀྱང་ཆེ་བར་འགྱུར་ཡོང་།
གོ་རིམ་ངེས་ཅན་གྱི་འཕེལ་ཕྱོགས་འདི་ལ་འགྲེལ་བཤད་རྒྱག་རྒྱུ་ལས་སླ་བོ་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གི་དཔལ་འབྱོར་ཨ་རི་ལས་བརྒལ་རྒྱུ་ཡིན་པ་དེ་ཡིད་ལ་གཤོངས་པ་ཞིག་མིན། ཨ་མེ་རི་ཀ་ནི་རྒྱུན་རིང་པོར་འཛམ་གླིང་ཐོག་གི་རྒྱབ་ཁབ་ཕྱུག་ཤོས་དེ་ཡིན་པ་དང་། ཨ་མེ་རི་ཀའི་དཔལ་འབྱོར་སྟོབས་ཤུགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་སྟངས་བཟོས་ཡོད་རེད། ང་ཚོས་འཛམ་གླིང་གི་འགྲོ་སྟངས་གཞན་པ་ཞིག་ད་ལྟ་བློ་ངོར་འཆར་ཐུབ་ཁག་པོ་ཡིན། དེར་མཚུངས་མི་འབོར་དུང་ཕྱུར་བཅུ་ཡོད་པའི་རྒྱལ་ཁབ་དེའི་མི་མང་དབུལ་ཕོངས་ལས་ཐར་བ་དང་། དེང་རབས་ཀྱི་དཔལ་འབྱོར་ནང་ཞུགས་པ། མི་རེའི་ཡོང་འབབ་OECD་ཡར་རྒྱས་རྒྱལ་ཁབ་རྣམས་གྱི་གནས་ཚད་དུ་འགྲོ་བ་དེ་འདྲ་སྔོན་ཆད་མཐོང་མྱོང་མེད། (རྒྱ་ནག)་རྒྱལ་ཁབ་འདི་ག་འདྲ་ཞིག་དུ་འགྱུར་མིན་དང་། སྟོབས་ཤུགས་ག་འདྲ་ཞིག་རྒྱས་ཀྱི་ཡིན་མིན། ཁོ་ཚོས་སྤྱོད་པ་ག་འདྲ་ཞིག་སྟོན་གྱི་ཡིན་མིན་སོགས་ལ་རྒྱུས་མངའ་ཡང་མེད་པས། ང་ཚོས་དེ་ལ་སྟོན་པའི་ཐོག་མའི་རྣམ་འགྱུར་དེ་ཡིད་མི་ཆེས་པ་དང་དངོས་དོན་ཁས་མི་ལེན་པ་ཡིན་དོན་དེར་ཡ་མཚར་དགོས་སྐྱེས་དགོས་པ་ཞིག་མིན།
གནས་སྟངས་དེ་འདྲའི་འོག་ཞིབ་འཇུག་པ་རྣམས་ཀྱིས་རང་འདོད་ཡིད་ཆེས་བྱེད་མཁན་ལ་ལམ་ཁ་སྤྲད་ཡོད། འདས་པའི་ལོ་ལྔ་བཅུ་ཙམ་གྱི་རིང་། རྒྱ་ནག་ཡར་ལངས་རྒྱུ་འགོ་བཙུགས་པའི་སྔོན་བརྡ་བཏང་ཡོད་ཀྱང་། ང་ཚོ་ནུབ་ཕྱོགས་པ་རྣམས་ཀྱིས་བང་རིམ་གསུམ་གྱི་མཛེས་ཆོས་སྤྲས་པའི་བསམ་བློ་སྟེ་རྒྱ་ནག་གི་འགྲན་རྩོད་བྱས་པར་སེམས་ཁྲལ་མི་དགོས་པའི་ཡིད་ཆེས་བརྟན་པོ་ཞིག་ནང་བཞུགས་པ་རེད།
བང་རིམ་དང་པོ། རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ནས་ཡར་རྒྱས་ལ་འགྲོ་གི་མིན་པ།
གཉིས་པ། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་ཡར་རྒྱས་ལ་ཕྱིན་པ་ཡིན་ན་ཡང་། ཁོང་ཚོས་དཔལ་འབྱོར་གྱི་སྟོབས་ཤུགས་དེ་ཆབ་སྲིད་དང་ཐབས་ཇུས་ཀྱི་སྟོབས་ཤུགས་སུ་བསྒྱུར་ནས་ཨ་རི་ལ་འགྲན་སྡུར་བྱེད་མི་ཐུབ་པ།
གསུམ་པ། གལ་སྲིད་རྒྱ་ནག་གིས་ཆབ་སྲིད་དང་ཐབས་ཇུས་ཀྱི་སྟོབས་ཤུགས་སྐྲུན་ཀྱང་། ཁོ་ཚོས་དེ་བེད་སྤྱོད་བཏང་ནས་ཨེ་ཤི་ཡ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་བྱེད་པའི་ཨ་མེ་རི་ཀའི་གནས་བབ་ལ་འགྲན་རྩོད་མི་བྱེད་བསམ་པ་དེ་རེད།
ཨ་རི་འཕྲད་པའི་ཛ་དྲག་གི་འདེམས་ཀ་ཁག་ཤེས་རྟོགས་ཡོང་བར། ང་ཚོས་དམ་བཅའ་དེ་དག་རེ་རེ་བཞིན་ནོར་འཁྲུལ་ཤོར་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད།
རྒྱ་ནག་དེ་མུ་མཐུད་ནས་འབྱོར་ཕྱུག་ཅན་དུ་འགྱུར་རམ།
དྲི་བ་དང་པོ་ནི་རྒྱ་ནག་མུ་མཐུད་ནས་ཡར་རྒྱས་ལ་འགྲོ་མིན་དེ་ཡིན། འདི་ནི་འགོག་ཐབས་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཁོང་ཚོའི་དཔལ་འབྱོར་གྱི་མཐོ་རླབས་དེ་དམའ་རུ་འགྲོ་སྲིད་ལ། གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་རྒྱབ་ཤིག་བརྒྱག་ཀྱང་སྲིད།
དང་པོ། ཁོ་ཚོའི་དཔལ་འབྱོར་ནང་ལྷན་སྐྱེས་ཀྱི་སྐྱོན་ཆ་ཁ་ཤས་ཡོད། མ་འོངས་པའི་ལོ་ཤས་རིང་རྒྱ་ནག་ལ་ཡུལ་ཐང་འཕར་ཆ་(མར་དང་ཤ་ཡི་གོང་འཕར་བ་ལྟ་བུ)་དང་། རྒྱུན་གནས་མི་ཐུབ་པའི་མ་རྩ་འཛུགས་པ། བུ་ལོན་སྐྱོན་ཅན་ནམ་ཉེན་ཁ་ཅན་སོགས་ཚུད་པའི་ཚབས་ཆེན་གྱི་དཔལ་འབྱོར་གྱི་ལམ་ལུགས་ཁག་ལ་གདོང་ལེན་བྱེད་དགོས། དེ་དག་ལ་སྟངས་འཛིན་བྱེད་པ་དང་ཆབས་ཅིག་མ་རྩ་འཇོག་པ་དང་ཕྱིར་གཏོང་གིས་ཁ་ལོ་བསྒྱུར་བཞིན་པའི་དཔལ་འབྱོར་གནས་སྟངས་དེ་ལས་རྒྱལ་ཁབ་ནང་ལོགས་སུ་ཉེར་སྤྱོད་བྱེད་པའི་ཐོག་(ཐོན་རྫས་རྒྱལ་ཁབ་ནང་ཁུལ་དུ་བེད་སྤྱོད་གཏོང་བ)་བསྒྱུར་བཅོས་གཏོང་བ་སོགས་གཞི་རྩའི་དཔལ་འབྱོར་བཅོས་སྒྱུར་བྱེད་དགོས་ཀྱི་ཡོད།
དཀའ་ངལ་དེ་དག་སེལ་བར་འབད་རྩོལ་བྱེད་པའི་མ་འོངས་པའི་ལོ་ཤས་ནང་རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཀྱི་མགྱོགས་ཚད་ཁྱོན་ཡོངས་ནས་དལ་དུ་འགྲོ་སྲིད། འོན་ཀྱང་། རྒྱ་ནག་གི་སྒྲོམ་གཞིའི་མ་ལག་ལ་དཀའ་ངལ་དེ་དག་སེལ་བའི་ནུས་པ་ཡོད་པ་སྔོན་ཆད་གསལ་སྟོན་བྱས་ཡོད། གང་ལྟར། ཁོ་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱང་དེ་ནི་དུས་ཚོད་ཐུང་ཐུང་ངམ་ཡང་ན་འབྲིང་ཙམ་གྱི་དཀའ་ངལ་ཡིན་པས་དེ་དག་གིས་ཨ་མེ་རི་ཀ་དང་རྒྱ་ནག་དབར་གྱི་རྒྱུན་རིང་གི་སྟོབས་ཤུགས་ལ་འགྱུར་ལྡོག་མི་ཐེབས།
རྒྱུན་རིང་གི་འཕེལ་ཕྱོགས་ལ་བསམ་གཞིགས་བྱས་ན། དཔལ་འབྱོར་གྱི་གྲུབ་འབྲས་ཆེན་པོ་དེ་ནི་གཙོ་བོ་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་གི་མགྱོགས་ཚད་མྱུར་བའི་ཐོན་སྐྱེད་ཀྱིས་ཁ་ལོ་བསྒྱུར་པ་དང་། དེ་ལྟར་ཡོང་ཐུབ་པ་ཡང་ཁོ་ཚོའི་ངལ་རྩོལ་གྱི་ཉིན་རེའི་ཡོང་འབབ་སྒྲོ་ལོ་གཅིག་གཉིས་ཙམ་ཡིན་ཞིང་། འཚོ་གནས་ས་ཞིང་ལ་བརྟེན་པའི་ངལ་རྩོལ་པ་ས་ཡ་བརྒྱ་ཕྲག་མང་པོ་རང་ཡུལ་(གྲོང་གསེབ་)ནས་ཐོན་ཏེ་ཉིན་གླ་སྒྲོ་ལོ་ཉི་ཤུ་སུམ་ཅུ་ཡིན་པའི་བཟོ་གྲྭ་ཁག་གི་ནང་ཞུགས་པ་དེ་རེད།
འདིའི་སྐོར་གྱི་རྒྱ་ནག་བྱུང་བ(ལོ་རྒྱུས)་ནི་ཧ་ལས་དགོས་པ་ཞིག་མ་རེད།
འདི་ནི་སྤྱིར་བཏང་རྒྱལ་ཁབ་གཞན་དག་དང་འདྲ་བར་ཐོག་མར་བཟོ་ལས་གསར་བརྗེའི་འཕེལ་ཕྱོགས་སུ་ཞུགས་པ་དེ་ཡང་ཞིང་ཁ་ནས་བཟོ་གྲྭར་ཞུགས་ཏེ་ཐོན་སྐྱེད་ཀྱི་ཁེ་འབབ་ཐོབ་སྐལ་ཆེ་ཤོས་རྙེད་པ་དེ་རེད། རྒྱ་ནག་མུ་མཐུད་ཡར་རྒྱས་ལ་འགྲོ་བར་ནུས་ཤུགས་ཡོད་པའི་རྒྱུ་མཚན་ནི། རྒྱ་ནག་ལ་ད་དུང་གྲོང་གསེབ་པ་སྐྱོ་བོ། ལས་ཀའི་ཉིན་རེའི་ཡོང་འབབ་སྒྲོ་ལོ་གཅིག་གཉིས་ཙམ་ཡིན་ཞིང་། འཚོ་གནས་ས་ཞིང་ལ་བརྟེན་པའི་ངལ་རྩོལ་པ་ས་ཡ་བརྒྱ་ཕྲག་མང་པོ་རང་ཡུལ་ནས་ཐོན་ཏེ་ཉིན་གླ་སྒྲོ་ལོ་ཉི་ཤུ་སུམ་ཅུ་ཡིན་པའི་བཟོ་གྲྭ་ཁག་གི་ནང་ཞུགས་མཁན་གྱི་རྐང་རྗེས་འབྲང་ཆོག་ཆོག་ཡིན་པ་དེ་རེད།
ཁོ་ཚོས་ད་དུང་དེ་དཔལ་འབྱོར་ནུས་ཤུགས་ལ་ངོས་འཛིན་བྱེད་ཐུབ་མེད། གལ་སྲིད་སྒོ་ལྕགས་དེ་ཕྱེ་པ་ཡིན་ན་རྒྱ་ནག་གི་དཔལ་འབྱོར་རྒྱུན་རིང་པོར་ཡར་རྒྱས་ལ་འགྲོ་བའི་རྨང་གཞི་ཡོད།
འོན་ཀྱང་། མིའི་ནུས་ཤུགས་འདི་ཡང་ཚད་མེད་པ་ཞིག་མིན། ང་ཚོས་ཞིབ་ཏུ་བརྟག་ན་དཔལ་འབྱོར་མགྱོགས་ཚད་དལ་བོ་ཡོང་སྲིད་ཀྱང་རྒྱ་ནག་ཡར་རྒྱས་ལ་འགྲོ་བར་ཐེ་ཚོམ་མི་དགོས། འཛམ་གླིང་དངུལ་ཁང་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཕྱི་ལོ་༡༩༨༠་ལོ་ནས་ཆ་སྙོམས་བརྒྱ་ཆ་༩་དང་དེ་ལས་མང་པ་དང་། ཡང་ན་བརྒྱ་ཆ་༥་ཙམ་མུ་མཐུད་ཕྱི་ལོ་༢༠༢༠་ནང་བར་དུ་འཕེལ་རྒྱས་ཡོང་བར་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
དེ་དུས་རྒྱ་ནག་གི་ངལ་རྩོལ་པ་མང་ཤོས་ཐོན་སྐྱེད་ཆེ་བའི་ལས་མི་ཡིན་པ་དང་། ཁོ་ཚོའི་མ་འོངས་པའི་འཕེལ་རྒྱས་ཀྱང་གཙོ་བོ་ངལ་རྩོལ་མང་པོ་ཡོད་མེད་དང་ཐོན་སྐྱེད་གྲུབ་འབྲས་ཆེ་རུ་གཏོང་ཐུབ་མིན་ལ་རག་ལས་པ་ཡིན།
Demographically མི་འབོར་གྱི་ཁྱབ་སྟངས་ནས་བཤད་ལ་རྒྱ་ནག་ལ་གསར་འགྱུར་ཡག་པོ་མེད། མ་འོངས་ལོ་བཅུ་ཕྲག་ཁ་ཤས་ནང་འཛམ་གླིང་ཐོག་ངལ་རྩོལ་སྟོབས་ཤུགས་ཆེ་ཤོས་སུ་གནས་རྒྱུ་ཡིན་མོད། དུས་ཚོད་གང་མཚམས་ཞིག་གི་ནང་ཁོ་ཚོའི་ངལ་རྩོལ་སྟོབས་ཤུགས་རིམ་བཞིན་ཆུང་རུ་འགྲོ་གི་ཡོད། དེ་བས་ཁོ་ཚོའི་དཔལ་འབྱོར་ཚད་ངེས་ཅན་ཞིག་ལ་སླེབས་པ་དང་དུས་མཚུངས་རྒྱུན་རིང་གི་འཕེལ་རྒྱས་དེ་ནི་གཙོ་བོ་ཐོན་སྐྱེད་ཀྱི་གྲུབ་འབྲས་ལ་བརྟེན་པའི་ཚད་ཤུགས་ཆེ་རུ་འགྲོ་གི་ཡོད།
རྒྱ་མི་ཚོས་དེ་སྐོར་གསལ་བོར་ཤེས་ཀྱི་ཡོད། དེ་ལྟར་ཡིན་པ་ཁོ་ཚོས་སློབ་གསོའི་ཐོག་གཏོང་བའི་འགྲོ་གྲོན་གྱིས་འགྲེལ་བཤད་རྒྱག་གི་འདུག ངལ་རྩོལ་སྟོབས་ཤུགས་ལ་ལག་རྩལ་ཀྱི་ནུས་པ་སྤྲོད་པའི་ཐབས་ལམ་དེས་མ་འོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྨང་གཞི་འདིང་གི་ཡོད། དེ་བས་རྒྱ་ནག་འཕེལ་རྒྱས་ཀྱི་མགྱོགས་ཚད་གནས་སྐབས་རིང་དལ་བོ་ཆགས་ན་ཡང་། དཔལ་འབྱོར་གྱི་རྨང་གཞི་ཡག་པོ་ཡོད་པ་དེས་འཕེལ་རྒྱས་དེ་འགག་འགྲོ་བའམ་རྒྱབ་ཤིག་རྒྱག་གི་རེད་འདོད་པ་ནི་རྒྱུ་མཚན་མེད་པ་ཞིག་ཏུ་གྱུར་ཡོད། དེ་འདྲ་འབྱུང་སྲིད་ཀྱང་དེ་ལ་རྒྱན་འཛུགས་བྱེད་རྒྱུ་མེད། ཨ་ཅང་ཅང་། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་ཁག་ནི་དཔལ་འབྱོར་གྱི་རྨང་གཞི་ཁོ་ནས་ཐག་གཅོད་མེད་ཀྱང་། རྒྱ་ནག་ལ་འགོག་རྐྱེན་གཞན་པ་འཕྲད་སྲིད། མངོན་གསལ་ཆེ་ཤོས་ཀྱི་དཀའ་ངལ་ནི་ཁོར་ཡུག་རེད། མི་ལོ་སུམ་ཅུའི་རིང་གི་བཟོ་ལས་དར་རྒྱས་ཀྱིས་ས་ཁུལ་མང་པོར་ང་ཚོས་ཚོད་དཔག་ཐུབ་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། པེ་ཅིང་གིས་ངོས་ནས་འདི་གནད་འགག་ཆེན་པོར་བརྩིས་ཏེ་འགྲོ་སོང་ཕོན་ཆེན་པོ་ཞིག་བཏང་ནས་སྔོན་མའི་དཀའ་ངལ་རྣམས་སེལ་བའི་ཐབས་ཤེས་དང་དཀའ་ངལ་གསར་བ་མ་ཡོང་བའི་སྔོན་འགོག་བྱེད་ཀྱི་ཡོད། དེ་དག་ཚང་མར་རིན་གོང་ཆེན་པོ་ཞིག་ཡོད་ལ་རྒྱུན་རིང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་ཀྱང་། རྒྱ་ནག་གི་མ་འོངས་བའི་དཔལ་འབྱོར་ལྡོག་ཕྱོགས་སུ་འགྲོ་བར་ཤུགས་རྐྱེན་ཐེབས་པར་འདོད་པར་རྒྱུ་མཚན་མཐོང་གི་མི་འདུག
ད་དུང་དེ་ལས་གལ་ཆེ་བའི་དྲི་བ་ཞིག་ནི་རྒྱ་ནག་གི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་འཇོག་པའི་ཤུགས་རྐྱེན་དག་རེད། ང་ཚོ་གནས་སའི་གོ་ལ་འདིས་མུ་མཐུད་མི་འབོར་དུང་ཕྱུར་༡༤་ཙམ་ལ་ང་ཚོ་ནུབ་ཕྱོགས་པ་ཚོས་བེད་སྤྱོད་གཏོང་བཞིན་པའི་ནུས་པ་(གློག་དང་རླངས་རྫས་ས་སྣུམ་སོགས)་དང་བཟའ་བཅའ། ཐོན་ཁུངས་སོགས་མཁོ་འདོན་བྱེད་ཐུབ་མིན་གསལ་བོ་མེད། རྒྱ་ནག་ནི་འཛམ་གླིང་ཐོག་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་མང་ཤོས་གཏོང་མཁན་རྒྱལ་ཁབ་ཡིན་པ་དང་མུ་མཐུད་བེད་སྤྱོད་གཏོང་ཤུགས་ཆེ་རུ་འགྲོ་གི་ཡོད།
དམིགས་བསལ་རྒྱ་གར་ཚུད་པའི་སྟོབས་ལྡན་རྒྱལ་ཁབ་ཏུ་འགྱུར་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཀྱང་རྒྱ་ནག་གི་ལམ་ཁར་ཞུགས་བཞིན་ཡོད་པ་དང་། ཁོ་ཚོས་ཀྱང་ཐོན་ཁུངས་བེད་སྤྱོད་གཏོང་མཁན་ས་ཡ་བརྒྱ་ཕྲག་མང་པོ་སྣོན་མ་རྒྱབ་པས་འཛམ་གླིང་གི་ཐོན་ཁུངས་ལ་བསམ་ཡུལ་ལས་འདས་པའི་དགོས་མཁོའི་གནོན་ཤུགས་གསར་བ་ཞིག་སླེབས་བཞིན་ཡོད།
མཁའ་དབུགས་འབག་བཙོག་ལ་སྟངས་འཛིན་བྱེད་རྒྱུ་ནི་མངོན་གསལ་དོད་ཅིང་ཛ་དྲག་གི་དཀའ་ངལ་ཞིག་རེད། གཞན་ད་དུང་ནུས་པ(གློག་དང་རླངས་རྫས་ས་སྣུམ་སོགས)་དང་། ཆུ། གཏེར་རྫས། ཐོན་ཁུངས་གསར་དུ་རྙེད་པ་ཙམ་མ་ཡིན་པར། དེ་ལ་སྲུང་སྐྱོབ་དང་། གསོག་འཇོག གོང་ཚད་རྒྱག་པ་སོགས་ཇི་ལྟར་བྱེད་དམ། དྲི་བ་འདི་དག་ནི་རྒྱ་ནག་གི་མ་འོངས་པའི་འཕེལ་རྒྱས་ལ་གལ་འགངས་ཆེན་པོ་གྱུར་ཡོད། ཐོན་ཁུངས་མེད་ན་ཡར་རྒྱས་ལ་འགྲོ་བའི་གནས་མེད། འོན་ཀྱང་། ང་ཚོས་རྒྱ་ནག་གི་དཔལ་འབྱོར་དང་འབྲེལ་བའི་འཛམ་གླིང་གི་ཤུགས་རྐྱེན་ལ་བལྟས་པ་ཡིན་ན། རྒྱ་ནག་ལ་དཀའ་ངལ་ག་ཚོད་ཡོད་པ་དེ་བཞིན་ང་ཚོར་ཡང་གཅིག་མཚུངས་འཕྲད་ཀྱི་ཡོད། རྒྱལ་ཁབ་གང་གིས་ཀྱང་སོ་སོའི་ཐོན་ཁུངས་དང་མཁའ་དབུགས་འབག་བཙོག་ལ་གང་འདོད་བྱེད་རྒྱུ་མེད།
གལ་སྲིད་གནད་དོན་དེ་དག་རྒྱལ་སྤྱིའི་མོས་མཐུན་ཞིག་གི་འོག་འཛིན་སྐྱོང་བྱས་པ་ཡིན་ན། འདྲ་མཉམ་མིན་པའི་གནས་སྟངས་ཞིག་འོག་འགྲོ་སོང་མཉམ་གཏོང་བྱེད་དགོས་བར་འགྱུར།
གལ་སྲིད་གོ་སྐབས་ལ་འཚང་ག་རྒྱབ་པ་ཡིན་ན་རྒྱ་ནག་ལ་རྒྱབ་ཁབ་གཞན་དང་གཅིག་མཚུངས་རང་ཉིད་ལ་དགོས་ངེས་ཀྱི་ཐོན་ཁུངས་ཆེད་རིན་གོང་ཆེན་པོ་སྤྲོད་པ་དང་། གལ་སྲིད་ཁྲོམ་རྭ་ཉམ་ཆག་ཏུ་གྱུར་ན་ཁོ་ཚོས་ཆབ་སྲིད་ཀྱི་གནོད་ཤུགས་ལ་ཆ་འཇོག་མ་བྱས་པར་དམག་འཁྲུག་ཀྱང་འབྱུང་སྲིད། དེ་བས་ཐོན་ཁུངས་ལ་ཚད་བཀག་བྱས་པ་དེ་རྒྱ་ནག་གི་འཕེལ་རྒྱས་ཀྱི་མགྱོགས་ཚད་དལ་རུ་གཏོང་བ་ཙམ་ཡིན་པར་རྒྱལ་ཁབ་གཞན་རྣམས་ཀྱང་རྒྱ་ནག་མཉམ་དུ་དལ་རུ་འགྲོ་རྒྱུ་རེད།
མཐའ་བསྡོམས། སྲིད་དོན་སྐོར་ཡིན། རྒྱ་ནག་དཔལ་འབྱོར་གྱི་མ་འོངས་བར་དྲི་བ་ཆེན་པོ་ཞིག་ཡོད་པ་ནི་སྲིད་གཞུང་སྒྲིག་འཛུགས་ཀྱིས་འཕེལ་རྒྱས་ཀྱི་གནོན་ཤུགས་སྟངས་འཛིན་བྱེད་ཐུབ་མིན་དེ་ཡིན།
སྤྱིར་བཏང་། དམར་ཕྱོགས་གཞུང་ཞིག་གིས་འཛིན་སྐྱོང་འོག་ཡོད་པའི་ཁྲོམ་རྭའི་དཔལ་འབྱོར་དར་རྒྱས་ལ་ཡ་མ་ཟུང་དང་ཡུན་གནས་མི་ཐུབ་པའི་རྣམ་པ་ཞིག་རྟག་པར་མཐོང་གི་ཡོད། དེ་བས་དམར་པོའི་སྲིད་ཇུས་དང་ཁྲོམ་རའི་དཔལ་འབྱོར་དབར་དུས་ཚོད་ཀྱི་སྔ་རྗེས་མ་གཏོགས་གས་ཆགས་ཤིག་ཤོར་ནས་རྒྱ་གཞུང་ཐོར་བཤིག་ཏུ་འགྲོ་བའི་དུས་ཚོད་ཅིག་ཤར་བའི་ཚོད་དཔག་རང་བཞིན་གྱིས་སླེབས་ཡོང་པ་ཞིག་རེད། རྒྱ་ནག་ཇི་བཞིན་སྲིད་དབང་སྒེར་སྲིད་འཛིན་རྒྱལ་ཁབ་སུ་ཞིག་ཀྱང་ད་ལྟའི་བར་དེ་ལྟར་འཕེལ་རྒྱས་ཆེན་པོ་དང་། མགྱོགས་མྱུར་ངང་ཕྱུག་པོར་གྱུར་བ་བྱུང་མ་མྱོང། རྒྱལ་ཁབ་གཞན་གྱི་ནང་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱིས་སྲིད་གཞུང་ལ་འགྱུར་ཆེན་པོ་བཏང་ཡོད་པ་དེའི་ནང་། མི་སྒེར་གྱི་རང་དབང་། ཆབ་སྲིད་ནང་མཉམ་ཞུགས་ཆོག་པ། ཁྲིམས་ཀྱི་དབང་སྒྱུར་ཤུགས་ཆེན་པོ་སོགས་ཡིན། རྒྱ་ནག་ག་རེ་བྱས་ནས་མ་འདྲ་བ་ཞིག་ཡིན་དགོས་པ་རེད་དམ།
འདི་ནི་གལ་ཆེན་གྱི་གནད་དོན་ཞིག་ཡིན། འོན་ཀྱང་། ང་ཚོས་དེ་ལ་ལས་སླ་བོའི་ཐོག་འགྲེལ་བཤད་རྒྱབ་ན་མི་འགྲིག དཔལ་འབྱོར་གོང་འཕེལ་ཡོང་བར་སྲིད་གཞུང་གཅིག་གམ་ལམ་ལུགས་གཅིག་གིས་མ་དཔེ་བྱེད་མི་ཐུབ།
དུས་རབས་བཅོ་བརྒྱད་པའི་ནང་ཆབ་སྲིད་ཀྱི་འགྱུར་བ་བྱུང་ནས་བཟུང་རྒྱལ་ཁབ་ཚང་མ་བཟོ་ལས་གསར་བརྗེའི་ལམ་ཁར་འགྲོ་བཞིན་ཡོད། འོན་ཀྱང་། ཁོང་ཚོ་ཚང་མར་རང་རང་གི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ཤིག་ཡོད་ལ། ཆབ་སྲིད་ཀྱི་སྒྲོམ་གཞི་ཡང་མ་འདྲ་མང་པོ་ཞིག་ཐོན་ཡོད། དཔེར་ན། རྗོར་ཇི་རྒྱལ་པོའི་སྐབས་ཀྱི་དབྱིན་ཡུལ་དང་། དུས་རབས་བཅུ་དགུ་བའི་དཀྱིལ་གྱི་ཨ་མེ་རི་ཀ སྦི་སི་མེ་ཁུ་སྐུ་དྲག་སྐབས་ཀྱི་འཇར་མན། མེ་རྗིའི་གོང་མའི་སྐབས་ཀྱི་འཇར་པན། ལེས་ཀོན་ཡེ་ཀ་ཡི་སྐབས་ཀྱི་སིན་རྒ་ཕོར་སོགས་དང་བསྡུར་བ་ཡིན་ན། ཁོ་ཚོའི་དབར་དུ་ཁྱད་པར་ཆེན་པོ་ཡོད་པ་ནང་བཞིན་འདྲ་མཚུངས་ཡང་མང་པོ་ཞིག་ཡོད། ཁོ་ཚོར་ཚང་མར་གཞུང་དང་སྒེར་ཚོང་བར་དུ་འབྲེལ་བ་མ་འདྲ་མང་པོ་དང་། ཡོངས་གྲགས་ཀྱི་བདེ་སྡུག་འགྲེལ་བརྗོད་བྱེད་ཚུལ་མ་འདྲ་བ། མི་སྒེར་གྱི་རང་དབང་སྐོར་ལ་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་ཡོད་པ་སོགས་རེད། འདིས་གསལ་བཤད་ག་རེ་གནང་གི་ཡོད་ཟེར་ན། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཆབ་སྲིད་བཅོས་སྒྱུར་སྔོན་འགྲོའི་ཆ་རྐྱེན་དུ་ངོས་འཛིན་བྱེད་པའམ། དེང་དུས་ཀྱི་ནུབ་ཕྱོགས་པའི་མང་གཙོའི་བསམ་བློ་དང་ཐག་ཉེ་བོར་དགོས་པར་འདོད་པ་སོགས་ནི་ཏག་ཏག་ཞིག་སྡོད་ཀྱི་མེད། དེ་ནི་རྒྱ་ནག་རང་ཉིད་ཀྱི་ཉམས་མྱོང་གིས་ཁུངས་སྐྱེལ་ཐུབ་ཀྱི་འདུག མི་ལོ་བཞི་བཅུའི་རིང་རྒྱ་ནག་ལ་འཕེལ་རྒྱས་ཀྱི་མྱུ་གུ་འབུས་འགོ་བརྩམས་པ་ནས། ང་ཚོ་ནུབ་ཕྱོགས་པ་རྣམས་ཀྱིས་ཁོ་ཚོའི་ཆབ་སྲིད་དང་དཔལ་འབྱོར་ལམ་ལུགས་གཉིས་གདོང་ཐུག་རྒྱག་པའི་ཚོད་དཔག་བྱས་པ་རེད། ལོ་ངོ་སུམ་ཅུའི་རིང་དམར་པོའི་གཞུང་གདོང་ཐུག་ལས་གཡོལ་བ་མ་ཟད་ཁོ་ཚོའི་ཆབ་སྲིད་ཀྱི་གོ་བབས་དང་དཔལ་འབྱོར་གྱི་འགུལ་ཤུགས་རྒྱུན་འཛིན་བྱེད་ཐུབ་ཡོད། འདས་པར་ལམ་ལྷོང་བྱུང་བའི་དབང་གིས་མ་འོངས་པར་ཉམས་རྒུད་མི་ཡོང་བའི་ཁག་ཐེག་བྱེད་མི་ཐུབ། འོན་ཀྱང་། ཆབ་སྲིད་ཀྱི་ཟིང་ཆ་ཡིས་རྒྱ་ནག་གི་འཕེལ་རྒྱས་མཚམས་འཇོག་པར་འདོད་པ་ནི་བསམ་ཞིབ་མ་བྱས་པའི་རྟགས་ཡིན།
མི་ལོ་སུམ་ཅུའི་རིང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་མགྱོགས་མྱུར་གྱི་འཕེལ་རྒྱས་ནང་གནས་ཐུབ་པའི་རྒྱུ་མཚན་གཅིག་ནི་ཁོ་ཚོས་འགྱུར་བ་མང་པོ་བཏང་བ་དེ་རེད།
ད་ལྟའི་རྒྱ་ནག་དམར་ཕྱོགས་ཚོགས་པ་ནི་ཕྱི་ལོ་༡༩༧༠་ནང་མི་བཞི་ཕྱོགས་ཁག་ནང་འཇུ་རེས་རྡུང་རེས་གྱིས་ཐར་པའི་ཏིང་ཞོ་ཕིང་དང་ཁོང་གི་བློ་མཐུན་འགོ་ཁྲིད་རྣམས་ཀྱི་སྒྲིག་འཛུགས་དང་ཁྱད་པར་ཆེན་པོ་ཡོད།
ཁོང་ཚོས་མར་ཁེ་སིའི་དཔལ་འབྱོར་ལམ་ལུགས་དང་དམར་ཕྱོགས་ཀྱི་རིང་ལུགས་མང་ཆེ་བ་གཡུགས་ནས། ལེ་ཉན་རིང་ལུགས་ཀྱི་སྙིང་དོན་གཅིག་སྟེ་ཚོགས་པ་གཅིག་གིས་དབང་བསྒྱུར་བྱེད་རྒྱུ་དེ་རྒྱུན་སྐྱོང་བྱས་ཡོད། དེས་གདུག་རྩུབ་དང་བཙན་གནོན་གྱིས་དབང་ཆ་གཅིག་སྡུད་ཆབ་སྲིད་ལམ་ལུགས་རྒྱུད་འཛིན་བྱས་པར་མ་ཟད། སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ལ་ཉེན་ཁ་ཆེ་བའི་ནོར་འཁྲུལ་ཡང་མང་པོ་ཤོར་མེད།
དཔེར་མཚོན་ནི། ཚོགས་པ་གཅིག་གི་ལམ་ལུགས་གཞན་དང་མ་འདྲ་བར། རྒྱ་ནག་དམར་ཕྱོགས་ཚོགས་པར་དཀའ་ངལ་ལ་གདོང་ལེན་དང་གསལ་སྟོན་བྱེད་པར་མཁས་པོ་ཡོད། རྒྱ་ནག་གཞུང་གིས་ཀྱང་གཞན་ལྟར་ནོར་འཁྲུལ་བཟོས་ཡོད་མོད། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱ་ནག་དམར་ཕྱོགས་གཞུང་ནས་ཚད་ལྡན་གྱི་སྲིད་ཇུས་བཟོ་བ་དང་དེ་དག་ལག་བསྟར་བྱེད་པར་རང་དབང་མང་གཙོའི་ལམ་ལུགས་དང་འདྲ་བོ་ཞིག་བྱེད་ཐུབ་ཡོད་ཀྱི་འདུག་བཤད་ན་ཡང་མ་འགྲིག་པ་མེད།
དེ་བཞིན་དུ། སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་མང་ཆེ་བ་འགོ་ཁྲིད་འཕོ་འགྱུར་གྱི་ཐོག་ཡག་པོ་མེད། རྒྱ་ནག་དམར་ཕྱོགས་གཞུང་གིས་མོས་མཐུན་བྱེད་པའི་འགོ་ཁྲིད་ཀྱི་ལམ་ལུགས་ཞིག་བཟོས་ཡོད་པ་ནི་རང་ལུགས་གཅེས་འཛིན་གྱི་ཚོགས་པ། ཕྱོགས་ཁག་རྩུབ་པོ་སོགས་ལས་གཡོལ་ཏེ་ཤུལ་འཛིན་གྱི་བརྒྱུད་སྤྲོད་ཅུང་འཇམ་པོའི་ངང་བྱེད་ཐུབ་ཡོད།
ཕྱི་ལོ་༢༠༡༢་ལོའི་མི་རབས་ལྔ་བའི་འགོ་ཁྲིད་འཕོ་འགྱུར་སྐབས་རྒྱ་ནག་གི་ཆབ་སྲིད་ཅུང་ཟད་འཁྲུག་པོ་དང་སྡིངས་ཆའི་སྟེང་གི་འཁྲབ་སྟོན་ཉུང་རུ་ཕྱིན་ཡོད་པའི་རྣམ་པ་ཞིག་མངོན། དེ་ལས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ་ལམ་ལུགས་འདིས་འགོ་ཁྲིད་བརྟན་པོ་དང་ནུས་ལྡན་བསྐོ་བཞག་ཐུབ་ཀྱི་འདུག
དེ་ལྟ་ན་ཡང་རྒྱ་ནག་ནི་སྔར་བཞིན་ལེ་ཉན་རིང་ལུགས་ཅན་གྱི་ཚོགས་པ་གཅིག་གི་གཞུང་ཞིག་ཏུ་གནས་ཡོད། རྒྱ་ནག་དམར་ཕྱོགས་གཞུང་ནི་རང་ཉིད་ཀྱིས་སྲིད་དབང་སྒེར་འཛིན་བྱེད་པར་ཡ་ང་སྙིང་རྗེ་མེད་པ་དང་། རྒྱ་ནག་གི་གཉའ་གནོན་ཆེ་བའི་ལམ་ལུགས་དེ་འདྲ་ད་ལྟའི་བར་རྒྱུན་རིང་པོ་གནས་མྱོང་མེད་ལ་ད་ལྟའི་རྒྱ་ནག་ནང་བཞིན་ཕྱུག་པོ་ཡང་ཆགས་མྱོང་མེད། དེས་ན་རྒྱ་ནག་གི་ལམ་ལུགས་བྲག་རི་རྩུབ་ས་ཞིག་ལ་སླེབས་པའི་རྟགས་རེད་དམ་ཟེར་ན། དེ་ཡིན་པའི་ངེས་པ་མེད། ཉམས་རྒུད་དུ་འགྲོ་བའི་རྟགས་མཚན་ཡིན་སྲིད། དངོས་ཡོད་གནས་ཚུལ་ལ་ལེ་ཉན་རིང་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རྒྱ་ནག་ཇི་བཞིན་ཕྱུག་པོར་གྱུར་མྱོང་མེད་པ་དེས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་རྒྱུན་གནས་ཐུབ་པར་རྒྱུ་མཚན་གཞན་ཞིག་ཡོད་པའི་འགྲེལ་བཤད་ཅིག་རྒྱབ་ཡོད།
ཡར་རྒྱས་གོང་འཕེལ་ལས་དེ་བས་ལྷག་པའི་ཁྲིམས་མཐུན་ལ་ཁུངས་སྐྱེལ་ཅིག་དགོས་སམ། ལེ་ཉན་རིང་ལུགས་འཛིན་པའི་རྒྱལ་ཁབ་གཞན་ལ་དཔལ་འབྱོར་ཡར་རྒྱས་ཀྱི་སྤྲད་པའི་ཁྲིམས་མཐུན་རང་བཞིན་བྱུང་མྱོང་མེད། ལམ་ལུགས་དེ་འདྲ་ཞིག་གི་ནང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ནི་གྲུབ་འབྲས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་ཐོག་དབང་ཆ་ཉར་ཐུབ་པ་ཐོག་མ་དེ་ཆགས་ཡོད།
གང་ཡིན་ཟེར་ན། ལམ་ལུགས་དེ་འདྲ་ཞིག་གིས་ཐོག་དང་པོར་དེང་རབས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་མང་ལ་འབྱོར་ཕྱུག་བསྐྲུན་ཡོད་པ་རེད།
རྒྱ་ནག་མི་མང་གིས་གཞུང་ལ་སྐྱོན་བརྗོད་མང་པོ་བྱེད་པ་དང་། དམར་ཕྱོགས་ཚོགས་པར་ཡིད་མ་རངས་པ་ནི་ཡོངས་ཁྱབ་ཞིག་དང་གྲངས་འབོར་མང་དུ་འགྲོ་གི་ཡོད། འོན་ཀྱང་། དེས་ད་ལྟའི་ཆབ་སྲིད་ལམ་ལུགས་ཁོང་ཚོར་འཚམ་པོ་མེད་པ་སྟོན་གྱི་མེད། ཁོང་ཚོས་སྐྱོན་བརྗོད་མང་པོ་བྱེད་ཀྱི་ཡོད་ཀྱང་། ནོར་འཁྲུལ་མང་བའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྲིད་དབང་སྒེར་གཅོད་ལས་ལོགས་སུ་ལམ་ཁ་གཞན་པ་ཞིག་མེད་པས་མི་འདོད་བཞིན་དུ་ངོས་ལེན་བྱེད་ཀྱི་ཡོད།
གལ་སྲིད་རྒྱ་ནག་དམར་ཕྱོགས་ཚོགས་པ་མུ་མཐུད་ལོ་བཅུ་ཕྲག་ཁ་ཤས་ནང་རིམ་འགྲོས་འགྱུར་ལྡོག་དང་། ཡུལ་དུས་དང་བསྟུན་པ། དཔལ་འབྱོར་མུ་མཐུད་འཕེལ་རྒྱས། མི་མང་གིས་རྩོད་མེད་དང་ལེན་བྱེད་པའི་ཐབས་ལམ་རྙེད་པ་ཡིན་ན། ཁོ་ཚོས་ལེ་ཉན་རིང་ལུགས་ཀྱི་དབང་ཆའི་རྒྱ་སྲང་དེ་མུ་མཐུན་དྲང་པོར་འཛིན་ཐུབ་སྲིད། ཁྱད་མཚར་པོ་དེ་འདྲ་བྱུང་པ་མྱོང་ཡོད་པ་རེད།
གཅིག་བྱས་ན། རྒྱ་ནག་ནང་འབྱོར་འབྲིང་པ་མང་དུ་འགྲོ་བཞིན་པའི་རྣམས་ནས་རྒྱ་ནག་གཞུང་དེ་དམར་ཕྱོགས་ཚོགས་པའི་ལག་ཏུ་འཇོག་འདོད་མེད་ཀྱང་སྲིད། ཁོ་ཚོས་རྒྱལ་ཁབ་ཀྱི་མ་འོངས་པའི་ཆེད་རང་ཉིད་ཀྱིས་བགྲོ་གླེང་དང་ཐག་གཅོད་བྱེད་པའི་ཆ་ཤས་ལེན་རྒྱུར་འབད་པ་བྱེད་ཀྱི་རེད། རྒྱ་ནག་ལ་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ཐག་གཅོད་ཆེན་པོ་དེ་འདྲ་བྱེད་དགོས་པའི་དུས་ཚོད་ཤར་ཡོད། དེ་ནི་ཁོ་ཚོའི་དཔལ་འབྱོར་ལམ་ཕྱོགས་ག་བར་འགྲོ་བ་ཙམ་མ་ཡིན་པར། ད་དུང་སྤྱི་ཚོགས་དང་། ཁོར་ཡུག ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་དྲི་བ་ཁག་ཡིན། རྒྱ་ནག་དམར་ཕྱོགས་ཚོགས་པར་དཀའ་ངལ་ཆེ་ཤོས་ནི། རང་ཉིད་ཀྱི་སྤོབས་པ་དང་། གོ་རྟོགས་ཡོད་པའི་མི་རྣམས་ལ་དབུས་ཆབ་སྲིད་རྒྱུན་ལས་ནི་གནད་དོན་ཆེན་པོ་ཁག་ཐག་གཅོད་ཡག་ཤོས་ཀྱི་བྱེད་ཀྱི་མཁན་ཡིན་པའི་ཡིད་ཆེས་སྐྱེས་སུ་འཇུག་དེ་ཡིན།
རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུར་གནོན་ཤུགས་ལས་སླ་བོའི་ངང་སླེབས་སྲིད།
དེ་འདྲ་བྱུང་ན་རྒྱ་ནག་གི་བརྟན་བརླིང་དང་དཔལ་འབྱོར་ག་རེ་ཆགས་ཀྱི་རེད་དམ། དེ་ནི་གཙོ་བོ་རྒྱ་ནག་མི་མང་གིས་ཆབ་སྲིད་འགྱུར་བ་ཡོང་ཆེད་འབུད་རྒྱག་གཏོང་ཤུགས་ཆེ་ཆུང་དང་། རྒྱ་ནག་དམར་ཕྱོགས་གཞུང་གིས་དེ་ལ་གདོང་ལེན་ཇི་ལྟར་བྱེད་མིན་ལ་ཐུག་ཡོད། མི་མང་པོ་ཞིག་གིས་བསམ་ཚུལ་ནི་རྒྱ་ནག་གི་ཆབ་སྲིད་དཀའ་རྙོག་དེ་ཁོ་ཚོའི་སྟོབས་ཤུགས་ཀྱི་སྔོན་དུ་ཐལ་ཟིན་པས་མི་དམངས་ཀྱི་གནོན་ཤུགས་འོག་བཅོས་སྒྱུར་གཏོང་རྒྱུ་འགྲུབ་དཀའ་བ་ཞིག་ཆགས་ཡོད་པས། རྒྱ་ནག་དམར་ཕྱོགས་གཞུང་དེ་སུས་ཀྱང་སྒུལ་མི་ཐུབ་པར་གྱུར་ཞིག་ཏུ་གནས་རྒྱུ་ཡིན། གལ་སྲིད་དེ་ལྟར་ཡིན་ན། རྒྱ་ནག་ལ་མུན་ནག་གི་ཡོང་བའི་སྔ་ལྟས་རེད། དེ་ཡང་ཕྱི་ལོ་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཐང་ཆེན་གྱི་དོན་རྐྱེན་འདྲ་བོ་བསྐྱར་ལངས་ཀྱིས་གཞི་རྒྱ་ཆེ་ནས་ཆེ་རུ་གྱུར་ཏེ་རྒྱ་ནག་གི་སྒྲོམ་གཞི་རྩ་འཐོར་དགུ་འཐོར་དང་དཔལ་འབྱོར་ཐལ་བའི་རྡུལ་དུ་མ་གྱུར་བར་དུ་རྒྱ་ནག་དམར་ཕྱོགས་གཞུང་དང་ལེགས་བཅོས་གཏོང་མཁན་གཉིས་ཀྱི་བར་འཐབ་རྩོད་ལངས་ཀྱི་རེད།
དེ་ནི་ཡོང་མིན་ཐེ་ཚོམ་བྱེད་མི་དགོས་པར་ཡོང་སྲིད་པ་ནི་གསལ་བོ་རེད། ད་དུང་ཡོང་སྲིད་པ་ཞིག་ནི་ཆབ་སྲིད་ལེགས་བཅོས་ཐོག་གཤམ་འོག་གི་གནོན་ཤུགས་དེར་འདོད་ལ་མ་འདོད་དང་རྒྱ་ནག་དམར་ཕྱོགས་གཞུང་ནས་རིམ་བཞིན་གུ་ཡངས་གཏོང་བར་ངོས་ལེན་མི་བྱེད་པའི་གནས་ཚུལ་ཡང་འབྱུང་སྲིད།
དེའི་དབང་གིས་རྒྱ་ནག་གི་ཆབ་སྲིད་ལེགས་བཅོས་དེ་རིམ་འགྲོས་འགྱུར་ལྡོག་འགྲོ་བར་རྒྱུན་རིང་ཞིག་འགོར་སྲིད་ཀྱང་། ལྟོས་ས་ལྟོས་འཇོག་གི་ཞི་བདེའི་སྒོ་ནས་རྒྱུན་འཛིན་བྱེད་པའི་ཕྱོགས་སུ་བསྐྱོད་ཐུབ།
དེ་འདྲ་ཞིག་འབྱུང་བར་རྒྱ་ནག་མི་མང་གིས་བཟོད་སྲན་ངང་གུ་ཡངས་སྲིད་ཇུས་ལ་སོ་སོའི་རེ་འདུན་ཚུལ་ལྡན་ཞིག་དང་རྒྱ་ནག་དམར་པོའི་གཞུང་གིས་ངོས་ནས་ཁོ་ཚོའི་དབང་ཆའི་ཐོག་སྦར་འཛིན་མི་བྱེད་པར་ལྷོད་ལྷོག་འཇོག་རྒྱུའི་འདོད་པ་དགོས་ཀྱི་ཡོད།
དེ་ལས་སླ་བོ་ཞིག་མིན་ཀྱང་ཡོང་མི་སྲིད་པ་ཞིག་གཏན་ནས་མིན། ཆབ་སྲིད་ལེགས་བཅོས་གཏོང་བར་རྒྱ་ནག་མི་མང་ལ་ཆགས་འཇིག་གི་ཉེན་ཁ་ཆེན་པོ་ཡོད་པར་མ་ཟད། བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡང་ཁེ་གྱོང་ཆེན་པོ་ཡོད།
ཁོ་ཚོ་སུ་ཡང་ཆབ་སྲིད་ཀྱི་ཟིང་འཁྲུག་དང་དཔལ་འབྱོར་ཉམས་རྒུད་ཀྱི་ཉེན་ཁའི་་ནང་ཚུད་འདོད་མེད་པར་བརྟེན་རྒྱ་ནག་མི་འབོར་མང་ཆེ་བ་ཞིག་གུ་ཡངས་སྲིད་ཇུས་ལ་སྐོམ་པ་ཆུ་འདོད་ལྟར་མིན་པ་དེ་ཡང་བདེན་པ་ཡིན་སྲིད།
དེ་བཞིན་དུ་རྒྱ་ནག་དམར་ཕྱོགས་གཞུང་ལ་ཡང་སྲིད་དབང་རྒྱུད་འཛིན་བྱེད་འདོད་ཤུགས་ཆེན་ཡོད་པ་ཆབས་ཅིག་རྐྱེན་ངན་གྱི་ཟིང་ཆ་ལས་གཡོལ་འདོད་ཆེན་པོ་ཡོད། གལ་སྲིད་དུས་ཚོད་ངེས་ཅན་ཞིག་ལ་རྒྱ་ནག་དམར་པོའི་གཞུང་གི་མགོ་ཁྲིད་ཚོས་ཐབས་ཤེས་གཞན་ཞིག་པ་མེད་པ་ངོས་འཛིན་བྱུང་དུས་ཁོ་ཚོའི་སྲིད་དབང་སྒེར་འཛིན་གྱི་དབང་ཆ་གང་འཚམས་བློས་བཏང་ནས་གསར་བརྗེ་ཞིག་གི་སྔོན་འགོག་བྱེད་ངེས་རེད།
དཀའ་ཉེན་ཆེན་པོ་ཞིག་དང་། འཁྲུག་ཟིང་ཅན་གྱི་ངོ་རྒོལ་མེད་པར་འདུམ་འགྲིག་འདི་འདྲ་ཞིག་ཐོབ་པ་དཀའ་ཞིང་། གྲུབ་འབྲས་ནི་རྒྱ་ནག་ནང་ཆབ་སྲིད་ཀྱི་ཞི་འགྲིག་གསར་བ་ཞིག་བྱུང་ནས། རང་དབང་རྒྱ་བསྐྱེད་དང་། དཔལ་འབྱོར་དེ་དཀྱུ་ལམ་དུ་ཁྲིད་ཐུབ་སྲིད།
གལ་སྲིད་འདི་འདྲ་ཞིག་ཡོང་གི་མ་རེད་བསམ་ན། ལམ་ཁ་གཞན་ཞིག་ནི་དྲག་གནོན་སྡུག་རྩུབ་ཅན་གྱི་ལེ་ཉན་རིང་ལུགས་སམ་ཡང་ན་ཟིང་འཁྲུག་ཚ་བའི་གསར་བརྗེ་རེད། ཁོ་ཚོའི་ཁེ་ཕན་ཆེ་ཤོས་ཏེ་ཞི་མོལ་ལམ་ནས་ཆབ་སྲིད་ལ་རིམ་འགྲོས་འགྱུར་ལྡོག་གཏོང་པར་རྒྱ་ནག་མི་མང་དང་རྒྱ་ནག་དམར་པོའི་གཞུང་གཉིས་ལ་འཇོན་ཐང་ཡོད་པ་དེ་སྣང་མེད་བཏང་བ་ཞིག་རེད།
དམིགས་བསལ་གྱིས་རྒྱ་ནག་མི་མང་ཁོ་ཚོ་རྒྱལ་ཁབ་ཀྱི་གྲུབ་འབྲས་ལ་ཁེ་གྱོང་ག་ཚོད་ཡོང་མིན་ཚོད་རྩིས་དམའ་དྲགས་པས་རེད།
རྒྱ་ནག་གི་གཞུང་དེ་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་གཞན་དང་མ་འདྲ་བ་ཞིག་ཡིན། དྲག་གནོན་ཅན་གྱི་རྒྱལ་ཁབ་མང་པོ་དང་མ་འདྲ་བར་ཁོ་ཚོས་མི་མང་ལ་དངོས་འབྲེལ་གྱི་ཁེ་ཕན་སྤྲད་ཡོད།
ད་ལྟའི་རྒྱ་ནག་ནང་མི་མང་ས་ཡ་བརྒྱ་ཕྲག་མང་པོ་སོ་སོའི་ཕ་མའི་དུས་སྐབས་དང་བསྡུར་ན་བསམ་ཡུལ་ལས་འདས་པའི་འཚོ་བ་ཡག་པོ་སྐྱེལ་གྱི་ཡོད་པ་དཔེར་ན། སྡོད་ཁང་ལེགས་པོ་དང་། སློབ་གསོ་ལེགས་པོ། འཕྲོད་བསྟེན་ལེགས་པོ། གྱོན་གོས་ལེགས་པོ། འགྲོ་འདུག་རང་དབང་དང་དཔལ་འབྱོར་གྱི་གོ་སྐབས་སོགས་བྱུང་ཡོད། འདི་འདྲ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཡོད་ཤག་ཤག་གི་བསྡད་པས་ན་ཕྱི་དངོས་པོའི་ཡར་རྒྱས་ཐོག་གལ་གནད་ཆེ་བའི་ལེགས་བཅོས་རྣམས་ཆབ་སྲིད་ཐོག་གལ་ཆེར་བརྩི་གི་མེད། དེ་བཞིན། ནུབ་ཕྱོགས་སུ་ང་ཚོས་ཆབ་སྲིད་བརྟན་བརླིང་ཡང་ཡོད་ཤག་ཤག་གི་ཡོད་ཀྱི་ཡོད། ཁོང་ཚོའི་མི་རབས་སྔོན་མ་ཚོ་དང་བསྡུར་ན་ད་ལྟའི་རྒྱ་ནག་དུ་མི་མང་ས་ཡ་བརྒྱ་ཕྲག་མང་པོར་བདེ་འཇགས་དང་། མི་སྒེར་གྱི་རང་དབང་གང་འཚམ་ཡོད་པ་ཁུངས་སྐྱེལ་བྱེད་ཐུབ། འདི་ལ་བརྟེན་ནས་རྒྱ་གཞུང་གིས་མུ་མཐུད་ནས་མི་མང་ལ་དྲག་གནོན་བྱེད་པར་ཆོག་པར་བརྗོད་ཀྱི་མེད། འོན་ཀྱང་། མ་འོངས་ཆབ་སྲིད་དཔྱད་ཞིབ་ནང་བསམ་ཚུལ་དེ་འདྲ་འདོན་རྒྱུ་ལས། ང་ཚོས་ད་ལྟའི་རྒྱ་ནག་གི་མི་མང་མང་ཤོས་ཁོང་ཚོའི་གནས་སྟངས་ལ་བལྟ་དགོས།
ད་ལྟའི་རྒྱ་ནག་ནང་བློ་ཁ་མ་ཁེངས་པ་དང་གཞུང་དང་ལྟ་བ་མི་མཐུན་པ་མང་པོ་ཞིག་ཡོད། འོན་ཀྱང་། གསར་བརྗེ་བྱེད་འདོད་ཀྱི་ཡི་ག་དེ་ཙམ་མེད། རྒྱ་མི་ཚོར་ཐོབ་པ་ལས་ཤོར་བ་ཆེས་མང་པོ་ཞིག་ཡོད།
མདོ་སྙིང་པོ་ནི། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་གནོན་ཤུགས་ཆེན་པོ་ཞིག་གི་འོག་ཏུ་ཡོད། གཅིག་བྱས་ན་འགྱུར་བ་གཅིག་དགོས་ཀྱི་ཡོད། འགྱུར་བ་དེ་ཡང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་འགྲོ་བ་དང་མཉམ་དུ་ཡོང་མི་སྲིད་པ་ཞིག་ཡིན་པའི་ཚོད་དཔག་ལ་རྒྱུ་མཚན་མེད།
དེ་བས་ཨ་མེ་རི་ཀས་ཕྱོགས་ནས་རྒྱ་ནག་ནང་ཆབ་སྲིད་ཀྱི་འཁྲུག་ཟིང་ཞིག་བྱུང་ནས་རྒྱ་ནག་འཕེལ་རྒྱས་འགོག་པའམ་ཕྱིར་བཤོལ་རྒྱག་པར་ཡིད་རྟོན་བྱེད་མི་རུང་པ་མ་ཟད་། དཔལ་འབྱོར་དང་། མི་འབོར་འཕེལ་རིམ། ཁོར་ཡུག་བཅས་ཀྱི་གནོན་ཤུགས་འོག་རྒྱ་ནག་གི་འཕེལ་རྒྱས་མགྱོགས་ཚད་དལ་རུ་ཕྱིན་ཏེ་ཨེ་ཤི་ཡའི་ནང་གི་ཨ་རིར་འགྲན་ཟླ་ལངས་མི་ཐུབ་པ་ཡང་ཡོང་གི་མ་རེད།
མ་འོངས་པའི་ལོ་ཤས་ནང་རྒྱ་ནག་དེ་བཞིན་ཨ་རིའི་སྔོན་དུ་མཆོངས་ནས་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཆགས་སྲིད་པ་རེད། ད་ནི་ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ཀར་སེམས་ཁམས་ཀྱི་གནས་སྐབས་གལ་ཆེན་ཞིག་ཏུ་འགྱུར། གནས་སྟངས་དེ་འདྲ་ཞིག་ཏུ་སླེབས་པར་གཙོ་བོ་རྒྱབ་ཁབ་སོ་སོའི་ལོ་རེའི་ཡོང་འབབ་དང་དཔལ་འབྱོར་གྱི་རྒྱ་ཁྱོན། དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱི་གསལ་སྟོན་བྱེད་ཡོང་། གང་ལྟར་ཨང་རྩིས་ཐོག་ནས་བཤད་ན་རྒྱབ་ཁབ་གཉིས་ཧ་ཅང་ཐག་ཉེ་བའམ་ཡང་ན་གནས་སྐབས་དེ་འདྲ་ཞིག་སླེབས་ཡོད་ཀྱང་སྲིད།
ཕྱི་ལོ་༢༠༡༡་IMF་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཡིས་ (རྒྱལ་སྤྱིའི་དཔལ་འབྱོར་གོང་འཕེལ་དང་ཚོང་ལས་ཡར་རྒྱས། རྒྱལ་ཁབ་དབར་གྱི་དངུལ་བརྗེས་འཛའ་ཐང་སོགས་ལ་སྟངས་འཛིན་གྱི་ཆེད་དུ་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་སྒྲིག་འཛུགས་ཤིག) རྒྱ་ནག་གི་དཔལ་འབྱོར་ཕྱི་ལོ་༢༠༡༦་ཨ་མེ་རི་ཀའི་སྒང་ལ་ཤོར་པའི་སྔོན་དཔག་བྱས་ཡོད་པ་དང་། དཔལ་འབྱོར་རིག་པ་ Economist་ཕྱི་ལོ་༢༠༡༨་བར་དུ་སྔོན་དཔག་བྱས་ཡོད། ང་ཚོའི་དམིགས་ཡུལ་ལ་དེ་ཚོ་གནད་འགག་དེ་ཙམ་མིན། རྩིས་ཞིབ་པ་རྣམས་ཀྱི་ཞ་སྨྱུག་གི་ཐིག་རིས་དང་དངོས་ཡོད་ལག་ལེན་ཐོག་ཁྱད་པར་ཤོར་གྱི་ཡོད། མ་འོངས་པར་རྒྱ་ནག་ཇི་ལྟར་ཤུགས་ཆེན་པོས་ངང་ཡར་རྒྱས་ལ་འགྲོ་མིན་ནི་དེ་རིང་གི་ཨ་མེ་རི་ཀའི་ཐབས་ཇུས་འདེམས་ཀ་གལ་ཆེན་ཞིག་ཆགས་ཡོད། (ཁོང་ཚོའི་སྔོན་དཔག་དེ་མངོན་འགྱུར་བྱུང་མེད་པ་གསལ་བོར་རེད)
རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་པེ་ཅིང་དང་ཝ་ཤིན་ཌོན་བར་དུ་དཔལ་འབྱོར་སྟོབས་ཤུགས་ལྗིད་ཁོག་ཐོག་ནས་རྨང་གཞིའི་འགྱུར་བ་གཏོང་ཐུབ་པའི་ཚད་དུ་སླེབས་ཡོད། རྒྱ་ནག་ཕྱུག་པོར་གྱུར་ཡོད་པས་ཨེ་ཤི་ཡའི་མངའ་ཁུལ་གྱི་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་ལ་ཁ་གཏད་ལངས་ཐུབ་པ་དང་། འཕེལ་འགྲོས་དེ་མུ་མཐུད་ནས་རྒྱ་ནག་གི་ཕྱོགས་སུ་མི་འགྲོ་བའི་རྒྱུ་མཚན་མེད།
ཨ་རིའི་སྒང་ལ་ཤོར་བའི་གོ་སྐབས་དངོས་ཡོད་པ་ཙམ་དུ་མ་ཟད། ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ཁོ་ཚོར་ཧ་ལས་པའི་ཕྱུག་ཏུ་ཕྱིན་ཏེ་འཕེལ་རྒྱས་ཀྱི་དཀྱོགས་མཚམས་ཞིག་ལ་སླེབས་སྲིད། གལ་སྲིད་ཁོ་ཚོས་(དཔལ་འབྱོར་མཉམ་འབྲེལ་དང་ཡར་རྒྱས་ཚོགས་པ་)OECD་ཆ་སྙོམས་ཚད་གཞི་ལྟར་གྱི་མི་རེའི་ཡོང་སྒོ་ལེགས་འགྲུབ་བྱུང་ན་ཁོ་ཚོའི་དཔལ་འབྱོར་དེ་ཨ་རི་ལས་ལྡབ་གསུམ་གྱིས་ཆེ་བ་དང་། དེ་འདྲ་ཞིག་མི་ལོ་བཅུ་ཕྲག་ཁ་ཤས་ནང་འབྱུང་སྲིད་པ་དེ་རྟོག་བཟོ་ཙམ་དུ་བསམ་པའི་དུས་ཚོད་ནི་ད་ལྟ་ཡོལ་ཚར་བ་རེད།
རྒྱ་ནག་མུ་མཐུད་སྟོབས་ཤུགས་ཆེ་རུ་འགྲོ་གི་རེད་དམ།
དོགས་ཟོན་རིང་ལུགས་པས་བཤད་རྒྱུར། རྒྱ་ནག་ཕྱུག་ཏུ་འགྲོ་སྲིད་ཀྱང་སྟོབས་ཤུགས་ཆེན་པོ་ཆགས་ཀྱི་རེད་དམ། ཁོ་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ཨེ་ཤི་ཡའི་ནང་གི་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་ལ་ཁ་གཏད་གཅོག་པར་དགོས་ངེས་ཀྱི་ཐབས་ཇུས་དང་ཆབ་སྲིད་ཀྱི་སྟོབས་ཤུགས་སྤྲོད་ཐུབ་བམ་ཟེར། མི་མང་པོས་དེ་འདྲ་འབྱུང་གི་མ་རེད་བསམ་གྱི་ཡོད། ཨ་མེ་རི་ཀའི་སྟོབས་ཤུགས་ནི་ཁོ་ཚོའི་དཔལ་འབྱོར་གྱི་རྒྱ་ཁྱོན་ཙམ་གྱི་མཚོན་གྱི་མེད་པའི་རྒྱུ་མཚན་བཤད་ཀྱི་ཡོད། ཁོང་ཚོའི་སྟོབས་ཤུགས་དེ་ནི་རྒྱལ་ཁབ་ཀྱི་རང་གཤིས་ནས་ཐོན་ཡོད་པ་སྟེ། ཁོ་ཚོའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་དང་། ཁོ་ཚོས་ཕུལ་དུ་བྱུང་བའི་འཕྲུལ་རིགས་གསར་གཏོད། སུས་ཀྱང་འགྲན་ཟླ་བྲལ་བའི་དམག་དཔུང་གི་དབང་ཤུགས་བཅས་དང་། རྒྱལ་ཁབ་ཀྱི་ཡོང་འབབ་གཅིག་པོར་ཡང་རྒྱ་ནག་གི་མཚུངས་ཟླ་བྱེད་མི་ཐུབ་ཟེར།
ཉེ་བའི་ལོ་ཤས་རིང་། ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་འགྲན་ཟླ་མེད་པའི་ལོ་རེའི་ཡོང་འབབ་རིམ་བཞིན་ཉུང་དུ་འགྲོ་གི་ཡོད། དེ་བས་ལོ་རེའི་ཡོང་འབབ་དེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་བརྡ་རྟགས་ཞིག་ཡིན་མིན་ཐོག་བགྲོ་གླེང་གང་འཚམས་བྱས་ཡོད། དེ་བས་འདི་ནི་གང་ལ་གང་འཚམ་གྱིས་བདེན་པ་ཡིན་པ་གསལ་བོ་ཆགས་ཡོད། རྒྱ་ནག་གི་འཕེལ་རྒྱས་དེས་ཨ་རྒྱ་གཉིས་དབར་གྱི་སྟོབས་ཤུགས་ལ་ཁྱད་པར་ཆེན་པོ་ཞིག་སྤྲོད་ཀྱི་མེད་པའི་བསམ་ཚུལ་ལ་འཛིན་མཁན་ཚོར་གསལ་བོ་བྱུང་ཡོད།
འདི་ནི་སྟོབས་ཤུགས་ཀྱི་ངོ་བའི་སྐོར་གྱི་དྲི་བ་ཞིག་ཡིན། རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་རྣམ་པ་མང་པོ་དང་བེད་སྤྱོད་གཏོང་ཕྱོགས་འདྲ་མིན་ཡོད། འོན་ཀྱང་། ལོ་རྒྱུས་ཀྱིས་བདེན་དབང་བྱས་ཡོད་པ་ཞིག་ལ་སྟོབས་ཤུགས་དེ་ལ་རྨང་གཞིའི་འབྱུང་ཁུངས་ཤིག་ཡོད་པར་འདོད་ལ་དེ་ནི་དཔལ་འབྱོར་ཆེ་ཆུང་ཁོ་ན་ཡིན།
རྒྱལ་ཁབ་སུས་ཀྱང་ད་ལྟའི་བར་དཔལ་འབྱོར་མེད་པར་སོ་སོའི་སྟོབས་ཤུགས་བེད་སྤྱོད་བཏང་མྱོང་མེད། འཇར་པན་གྱི་དམག་འཁྲུག་དེ་གཅིག་པོ་མ་གཏོགས་རྒྱལ་ཁབ་ཕྱུག་པོ་ཞིག་ནས་ཐབས་ཇུས་ཀྱི་སྟོབས་ཤུགས་ནང་སོ་སོའི་དཔལ་འབྱོར་གྱི་ལྗིག་ཁོག་བསྟན་ནས་ལམ་ལྷོང་མ་བྱུང་བ་ཞིག་མེད།
འདིས་སྟོབས་ཤུགས་ནི་དཔལ་འབྱོར་གཅིག་པོས་ཐག་གཅོད་ཀྱི་ཡོད་པ་གསལ་སྟོན་བྱེད་ཀྱི་མེད། རྒྱལ་ཁབ་ཕྱུག་པོ་རྣམས་རྟག་པར་སྟོབས་ཆེན་ཡིན་པའི་ངེས་པ་མེད། རྒྱལ་ཁབ་ཁ་ཤས་སོ་སོའི་རྒྱུ་འབྱོར་དེ་སྟོབས་ཤུགས་ལ་བསྒྱུར་བར་གཞན་ལས་འཇོན་ཐང་ཆེ་བ་ཡོད། མང་ཆེ་བ་གང་ལ་རེག་ལས་འདུག་ཟེར་ན། རྒྱལ་ཁབ་ཀྱི་གནས་སྟངས་དང་དམིགས་ཡུལ། ཆབ་སྲིད། ཐབས་ཇུས། དམག་དཔུང་། བཟོ་ལས་ལག་རྩལ། དྲང་བདེན་སོགས་ཡིན། ཨ་མེ་རི་ཀར་དགེ་མཚན་མང་པོ་ཞིག་ཡོད་པ་རྩོད་མེད་ཡོངས་གྲགས་ཡིན་ཀྱང་། ཁྱད་ཆོས་གལ་ཆེ་བ་ཁ་ཤས་ཀྱིས་རྒྱ་ནག་ལ་མཐུན་འགྱུར་བསྐྲུན་གྱི་འདུག
ང་ཚོས་རྒྱ་ནག་གི་དཔལ་འབྱོར་ལྗིག་ཁོག་སྟོབས་ཤུགས་ཀྱི་ངོ་བོར་བསྒྱུར་བའི་ལོ་རྒྱུས་ལ་ཅིག་བལྟ་བར་བྱ།
དང་པོ། མངོན་གསལ་ཆེ་ཤོས་ནི། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ཀར་ཁོ་ཚོའི་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཤུགས་རྐྱེན་རྒྱས་ཡོད།
དཔལ་འབྱོར་སྒོ་འབྱེད་ཀྱི་སྲིད་བྱུས་འོག་ཨེ་ཤི་ཡ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་པོར་རྒྱ་ནག་ནི་ཁོང་ཚོའི་གལ་ཆེའི་དཔལ་འབྱོར་གྱི་ཚོང་གྲོགས་སུ་གྱུར་ནས་རྒྱ་ནག་དང་ཚོང་འབྲེལ་ཡར་རྒྱས་དང་། རོགས་དངུལ་ཐོབ་པ་བཅས་ཁོ་ཚོའི་མ་འོངས་པའི་དཀྱིལ་སྙིང་ཆགས་ཡོད། འདིས་རྒྱལ་ཁབ་མང་པོ་ཞིག་ལ་རྒྱ་ནག་གི་མངོན་འདོད་དེ་ཚོར་བ་སྐྱེན་པོ་བྱེད་པ་ཞིག་ཆགས་ཡོད། ཨོ་སི་ཀྲི་ལི་ཡ་དཔེར་མཚོན་ཡག་ཤོས་ཅིག་ཡིན། རྒྱ་ནག་དེ་ཨོ་སི་ཀྲི་ལི་ཡའི་ཚོང་འབྲེལ་མཐུན་གྲོགས་ཆེ་ཤོས་ཙམ་མ་ཡིན་པར། མ་འོངས་འཕེལ་རྒྱས་གྱི་འགུལ་ཤུགས་ཤིག་ཏུ་མཐོང་གི་ཡོད། དེ་བས་རྒྱ་ནག་དཔལ་འབྱོར་ལམ་ལྷོང་བྱུང་མིན་དང་པེ་ཅིང་མཉམ་དུ་འབྲེལ་བ་ཡག་པོ་ཡོད་མེད་དེས་ཨོ་སི་ཀྲི་ལ་ཡར་ཁེ་གྱོང་བསམ་ཡུལ་ལས་འདས་པ་ཞིག་སྤྲོད་ཀྱི་ཡོད།
ཚོང་ལས་དང་གཞུང་གི་འབྲེལ་བ་ཉེ་བོ་ཡོད་པ་དེས་ཕྱི་འབྲེལ་མི་སྣའི་ཐོག་ཚོང་དོན་ཐོག་ཕན་གནོད་ཁྱད་པར་བཟོ་ཐུབ་ཀྱི་ཡོད།
དོན་དངོས་ཐོག་ཕན་ཚུན་གཅིག་ལ་གཅིག་བརྟེན་དེ་ཕན་ཚུན་གཉིས་ཀའི་ཕྱོགས་སུ་ཡོད་པའི་འགན་ལེན་མི་ཐུབ། གང་ཡིན་ཟེར་ན། ཕྱོགས་གཅིག་གི་གྲི་ཁ་གཞན་རྣམས་ལས་ཧ་ཅང་རྣོ་བོ་ཡོད་པས་རེད། ཚོང་འབྲེལ་མཐུན་གྲོགས་རྣམས་རྒྱ་ནག་ལ་བརྟེན་པ་ཇི་བཞིན་རྒྱ་ནག་ཁོ་ཚོའི་ཚོང་འབྲེལ་མཐུན་གྲོགས་ཁག་ལ་དེ་ཙམ་བརྟེན་དགོས་ཀྱི་མེད། ཨོ་སི་ཀྲི་ལི་ཡ་ནས་བཙོང་དགོས་པ་ནང་བཞིན་གནས་སྐབས་རིང་རྒྱ་ནག་གིས་ཨོ་སི་ཀྲི་ལི་ཡའི་ལག་ནས་རྣོ་ལྕགས་དང་རང་བྱུང་སོལ་རླངས་ཉོ་དགོས་ཀྱི་ཡོད།
འོན་ཀྱང་། རྒྱུན་རིང་པོར་བསམ་བློ་བཏང་ན་རྒྱ་ནག་གིས་མཁོ་སྤྲོད་བྱེད་མཁན་གསར་བ་ལས་སླ་བོའི་ངང་རྙེད་པ་དེ་འདྲ་ཨོ་སི་ཊི་ལི་ཡ་ནས་རྒྱ་ནག་བཞིན་ཉོ་མཁན་ཆེན་པོ་དེ་འདྲ་རྙེད་རྒྱུ་ཁག་པོ་རེད། དེ་བས་ཁེན་སྦི་ར་ནས་རྒྱལ་ཁབ་གཞན་ལྟར་སོ་སོའི་ཚོང་དོན་གྱི་ཁེ་ཕན་ཆེན་པོ་དེ་སྲུང་སྐྱོབ་བྱེད་དགོས་པར་བརྟེན། རྒྱ་ནག་གི་སེམས་ཁྲལ་གཙོ་བོ་ཁག་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས།(འགྲོ་བ་མི་ཐོབ་ཐང་སོགས་བློས་གཏོང་ངམ་སྣང་མེད་གཏོང་བ)
ང་ཚོས་རྒྱུན་རིང་པོར་པེ་ཅིང་གི་ཕྱི་འབྲེལ་ལ་ནུས་ཤུགས་འཕར་མ་ཞིག་ཐོབ་པར་སྣང་མེད་བཏང་བ་རེད། དེ་ཡང་གཙོ་བོ་རྒྱ་ནག་ཕྱོགས་ནས་ཕྱི་འབྲེལ་བེད་སྤྱོད་དེ་ཙམ་མི་བྱེད་པའི་ལམ་ཁ་བདམས་པས་ཡིན།
ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཁོ་ཚོའི་ཕྱི་འབྲེལ་གྱི་ཐབས་ཇུས་ནི། གཙོ་བོ་ཨེ་ཤི་ཡའི་ནང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཞི་འཇམ་ངང་དགོས་མེད་ཀྱི་སེམས་ཁྲལ་བཟོས་མེད་པ་དང་། དཔལ་འབྱོར་རྒྱ་ནག་ལ་བརྟེན་པ་དེས་ཁོ་ཚོར་ཆབ་སྲིད་ཀྱི་ཉེན་ཁ་མེད་པའི་སྐུལ་མ་ཐེབས་བཅུག་ཡོད། ཉེ་བའི་ལོ་གཅིག་གཉིས་རིང་གཞི་ནས་རྒྱ་ནག་གིས་དཔུང་ཤུགས་ཅུང་ཙམ་ངོམས་འགོ་བརྩམས་པ་རེད། འོན་ཀྱང་། ནམ་རྒྱུན་སྤྱང་གྲུང་དོད་པོའི་སྒོ་ནས་སྟོབས་ཤུགས་ག་ཚོད་ཆེན་པོ་ཆགས་པ་རྒྱལ་ཁབ་གཞན་ནས་མི་མཐོང་པའི་ཐབས་ཤེས་བྱེད་ཀྱི་ཡོད།
འདིས་ཉེ་བའི་ལོ་ཤས་རིང་རྒྱ་ནག་ཤུགས་རྐྱེན་ཆེན་པོ་ཆགས་པའི་ལམ་ཁ་གཉིས་པ་དེ་གསལ་སྟོན་བྱས་ཡོད་པ་ནི། ཁོ་ཚོ་ཕྱི་འབྲེལ་ལས་དོན་གྱི་སྒྱུ་རྩལ་ལ་མཁས་པོར་གྱུར་ཡོད་པ་དེ་རེད།
ཕྱི་ལོ་༡༩༩༠་ནང་རྒྱ་ནག་གི་ཕྱི་འབྲེལ་ལས་དོན་ནི་ཤིང་སྡོང་སྐམ་པོ་ཞིག་དང་མཚུངས། རིང་ལུགས་ཀྱི་རྗེས་སུ་འབྲང་བའམ་ཡང་ན་ཐུབ་ཚོད་གཏོང་བ། ཡང་ན་རང་སྲུང་གི་བྱེད་ཐབས་རེད། དེའི་རྗེས་ཙམ་ནས་པེ་ཅིང་ཕྱོགས་ནས་རྒྱལ་སྤྱིའི་ལས་དོན་སྒྲུབ་སྐབས་གུ་ཡངས་པོ་དང་སྐུལ་སློང་གི་བྱེད་ཐབས་ཅིག་སྤེལ་བ་རེད།
ཁོ་ཚོ་ཕྱི་འབྲེལ་མི་སྣ་རྣམས་ཁ་ལྕེ་བདེ་བོ་དང་བློ་ལ་བབ་པོ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཚོགས་འདུ་ཁག་གི་ནང་དུ་ཕན་ནུས་ཅན་དུ་གྱུར་པས། གཞན་གྱི་མིག་ནང་དུ་ཡང་ཁོ་ཚོ་ནི་ཉེན་ཁ་ཆུང་བ་དང་གོ་སྐབས་ཆེ་བ་ཞིག་དང་། ཧང་སང་དགོས་པའི་ཧུར་པོ། གནས་སྐབས་ཀྱི་རྒྱལ་ཁ་གཡུགས་ནས་ཉེན་ཁ་མེད་པའི་སྟོབས་ཤུགས་ཀྱི་གཟུགས་བརྙན་བསྐྲུན་ཡོད་པ་རེད། ཡིན་དང་ཡིན། མཚམས་རེར་རྒྱ་ནག་ལ་གདུག་རྩུབ་ཅན་དང་ཐུབ་ཚོད་གཏོང་བའི་ཕྱི་འབྲེལ་ཀྱི་འཇོན་ཐང་ཡོད་པ་རེད། ཐེ་ཝན་གྱི་གནད་དོན་སོགས་ཀྱི་སྐབས་སུ་བློ་གྲོས་ལྡན་པའི་འབྲེལ་ལམ་མཐོང་དཀོན་པོ་ཡིན།
ཉེ་ཆར་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་འཛིན་པའི་སྲིད་བྱུས་མཁྲེགས་པོ་དེས་ཁོང་ཚོའི་ཕྱི་འབྲེལ་གྱི་རྣམ་འགྱུར་མཛེས་པོ་ལ་གནོད་གཞིར་གྱུར་ཡོད། འོན་ཀྱང་། རྒྱ་ནག་ལ་འཇོན་ཐང་མེད་པའི་ཚོད་དཔག་བྱེད་པ་ནོར་འཁྲུལ་རེད། གལ་སྲིད་དགོས་མཁོ་བྱུང་ན་རྒྱ་ནག་གིས་ཕྱི་འབྲེལ་ཤུགས་རྐྱེན་བེད་སྤྱད་ནས་གནད་དོན་ཐོག་འབུད་རྒྱག་དང་གནས་བབ་ལ་རྒྱབ་སྐྱོར་འཚོལ་ཐུབ་ཀྱི་ཡོད།
མི་མང་པོ་ཞིག་གིས་གང་ལྟར་ཨ་མེ་རི་ཀར་ཡིད་དབང་འཕྲོག་པའི་སྤྱི་ཚོགས་དང་རིག་གཞུང་། སྒྲིག་འཛུགས་ཁག བསམ་བློ་བཅས་ཀྱིས་བསྐྲུན་པའི་(ཞི་འཇམ་སྟོབས་ཤུགས)་ནི་རྒྱ་ནག་ལས་ལྷག་པའི་ཡོད་པར་འདོད། རྒྱ་ནག་ཕྱུག་ཏུ་འགྲོ་སྲིད་ཀྱི་རེད། འོན་ཀྱང་། ཡིད་སྨོན་སྐྱེ་འོས་པའི་རྒྱལ་ཁབ་ཞིག་ཏུ་འགྱུར་ཁག་པོ་རེད་ཟེར། འདི་བདེན་པ་ཡིན་ཐག་ཆོད་རེད། ཕྱི་ལོག་ཏུ་རྒྱ་ནག་ལད་ཟློས་བྱེད་འདོད་མཁན་ཉུང་ཉུང་དང་ཨ་མེ་རི་ཀར་ལད་ཟློས་བྱེད་འདོད་མཁན་མང་པོ་ཡོད་པ་ཤེས་ཐུབ། འོན་ཀྱང་། དེ་ལྟར་ཡིད་ཚིམས་ནས་བསྡད་ན་ནོར་འཁྲུལ་རེད། རྒྱ་ནག་འཕེལ་རྒྱས་སོང་བ་དང་མཉམ་དུ་ཁོ་ཚོར་ཡིད་དབང་འཕྲོག་པོ་ཞིག་ཏུ་འགྱུར་བཞིན་ཡོད། རྒྱ་ནག་གི་ཐོན་རྫས་རྣམས་བློ་འབབ་ཏུ་འགྲོ་བ་དང་། ཁོ་ཚོའི་གློག་བརྙན་རྣམས་སྤྲོ་སྐྱིད་ལྡན་དུ་འགྲོ་བ། ཁོ་ཚོའི་གཙུག་ལག་སློབ་གྲྭ་ཁག་ཀྱང་ཡིད་དབང་འཕྲོག་པོར་འགྱུར་བཞིན་པ་རེད། འཇོ་ཧྥེ་ནེས་ཞི་འཇམ་གྱི་སྟོབས་ཤུགས་ནི་མ་འོངས་པའི་ཨ་མེ་རི་ཀའི་སྟོབས་ཤུགས་ཀྱི་གསང་བ་ཡིན་པའི་ཁྱབ་སྤེལ་བྱས་པ་བསྡུར་ན་ཨ་རིའི་ཆབ་སྲིད་དང་ཚོང་དོན་གྱི་སྒྲིག་འཛུགས་རྣམས་གཅིག་བྱས་ན་འོད་མདངས་ཉམས་ཞན་དུ་འགྲོ་བཞིན་ཡོད།
ལོ་རྒྱུས་ཀྱི་རྟགས་མཚན་རྣམས་ཀྱང་བློ་སྤོབས་སྐྱེས་འོས་པ་ཞིག་མིན། དབྱིན་ཇིར་མཚོན་ན་ཁོང་ཚོའི་དཔལ་འབྱོར་ཉམས་རྒུད་ལ་འགྲོ་བའི་སྐབས་ཁོ་ཚོའི་(ཆེ་མཐོང་)ལ་ཡིད་ཆེས་ཆེན་པོ་བྱས་པ་རེད། དེ་ནི་ང་ཚོས་དེང་སྐབས་ཞི་འཇམ་གྱི་སྟོབས་ཤུགས་སུ་འབོད་པ་དེ་ཡིན། ཐབས་ཇུས་ཀྱི་དབང་ཤུགས་དེ་ཤོར་བའི་ས་བོན་དུ་གྱུར་བ་རེད། དངོས་ཡོད་འབྱོར་བ་དང་སྟོབས་ཤུགས་ཀྱི་སྙིང་པོ་ཤོར་ཚར་རྗེས་བྱ་ཐབས་གཞན་ལྷག་བསྡད་མེད་པ་དངོས་མྱོང་བྱུང་ཡོད་པ་རེད།
དེ་ལས་གཞན་ད་དུང་ཞི་འཇམ་སྟོབས་ཤུགས་ཀྱིས་དོན་དངོས་ཐོག་ཨ་མེ་རི་ཀ་ལ་རོགས་པ་བྱེད་ཀྱི་ཡོད་མེད་དེ་བརྗོད་ཁག་པོ་རེད། གལ་སྲིད་འགྲན་རྩོད་བྱེད་ཤུགས་ཆེ་རུ་སོང་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཆུང་ཆུང་རྣམས་ལ་གདམ་ཀ་ཁག་པོ་ཞིག་སླེབས་ན་ཞི་འཇམ་སྟོབས་ཤུགས་ཀྱིས་རྒྱ་ནག་གི་ཁ་གཏད་དུ་ལངས་པར་ཕན་ཐོགས་ག་ཚོད་ཅིག་ཡོང་གི་རེད་དམ།
ཝེ་ཊི་ནམ། ཧིན་རྡུ་ཉེ་ཤི་ཡ། ཨོ་སི་ཀྲི་ལི་ཡ་བཅས་ཀྱི་མི་མང་རྣམས་རྒྱ་ནག་ལས་ཨ་རི་ལ་སྨོན་པ་དང་ཡིད་ཆེས་ཡོད་ངེས་ཡིན།
སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཐད་ཀར་འབྲེལ་བ་ཡོད་དེ་ལས་བརྒལ་ཏེ་ཁོ་ཚོས་ཨ་རིར་རྒྱབ་སྐྱོར་གྱིས་རྒྱ་ནག་གི་ཁ་གཏད་གཅོག་གི་རེད་དམ། ཨ་རིའི་ཞི་འཇམ་སྟོབས་ཤུགས་ཀྱི་དབང་གིས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་ཨ་རི་དེ་བཞིན་ཨེ་ཤི་ཡའི་འགོ་གཙོ་གནས་པར་འདོད་མོས་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་། ཁོ་ཚོས་སོ་སོ་ཁེ་ཕན་བློས་བཏང་སྟེ་ཨ་རིའི་རྒྱབ་རྩར་ལངས་ནས་རྒྱ་ནག་གི་ཁ་གཏད་བྱེད་ཀྱི་མ་རེད།
ང་ཚོས་ལེའུ་ལྔ་བའི་ནང་ཞིབ་འཇུག་བྱེད་རྒྱུ་ཡིན་པ་ལྟར། ཁོ་ཚོས་འཆར་གཞི་ལྟར་རྒྱ་ནག་གི་མཁྲེགས་པོའི་དཔལ་འབྱོར་དང་ཐབས་ཇུས་ཀྱི་སྟོབས་ཤུགས་དེ་ཨ་མེ་རི་ཀའི་ཞི་འཇམ་སྟོབས་ཤུགས་ལས་བརྒལ་གྱི་མ་རེད་ཟེར་བ་བསམ་ཞིབ་མ་བྱས་པ་རང་རེད།
ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཀྱི་ཐོག་ཡོད་པའི་ཤུགས་རྐྱེན་གྱི་ལྗིད་ཁོག་དེ་ང་ཚོས་ཨ་མེ་རི་ཀར་ཕྱོགས་སུ་ཡོད་པའི་ངོས་འཛིན་བྱས་པ་དེ་བདེན་པ་ག་ཚོད་ཅིག་ཡོད་དམ། དེ་མཚུངས་དམག་དཔུང་གི་སྟོབས་ཤུགས་ཀྱང་དེ་བཞིན་ཡིན་སྲིད། ང་ཚོས་ཚོད་དཔག་བྱེད་རྒྱུ་ལས་སླ་བོ་རེད།
གཡུལ་ས་ལ་ག་རེ་བྱུང་མིན་ལ་མ་བལྟས་པར། མཐར་ཐུག་གི་ཐག་གཅོད་བྱེད་པར་རྒྱ་ནག་དང་བསྡུར་ན་ཨ་མེ་རི་ཀའི་དམག་དཔུང་སྟོབས་ཤུགས་དེ་འགྲན་ཟླ་བྲལ་བ་ཞིག་ཏུ་གནས་རྒྱུར་ཚོད་དཔག་བྱེད་རྒྱུ་ལས་སླ་བོ་ཡིན། དངོས་ཡོད་གནས་སྟངས་ལ་ཡང་ཨ་མེ་རི་ཀའི་རྒྱལ་སྲུང་སྔོན་རྩིས་རྒྱ་ནག་ལས་མང་བ་ཡོད་པ་དང་། ཁོ་ཚོའི་འགྲན་ཟླ་བྲལ་བའི་དམག་དཔུང་ལ་སྤུས་ཚད་དང་ནུས་ཚད་ལྡན་པས་རྒྱ་ནག་ཕྱོགས་ནས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པར་བྱེད་ཐུབ་པའི་ཨ་མེ་རི་ཀའི་ཐུན་མོང་མ་ཡིན་པའི་དམག་དཔུང་དང་གཅིག་མཚུངས་འགྱུར་རྒྱུ་དེ་ལས་སླ་བོ་ཞིག་མིན། ཁྱད་པར་འདི་དག་ཚང་མ་ད་དུང་རྒྱུན་རིང་པོར་མུ་མཐུད་གནས་རྒྱུ་དེ་བདེན་པ་ཡིན། འདས་པའི་ལོ་ཤས་རིང་རྒྱ་ནག་གི་རྒྱལ་སྲུང་སྔོན་རྩིས་མང་དུ་གཏོང་བའི་མྱུར་ཚད་ཧ་ཅང་མགྱོགས་པས་ཨ་མེ་རི་ཀ་ནས་ཨང་གཉིས་པར་གྱུར་ཡོད་མོད། དེ་ནི་ད་དུང་དེ་ཙམ་ཆེན་པོ་མིན། དེ་བཞིན་རྒྱ་ནག་གི་གནམ་དམག་དང་མཚོ་དམག་གི་གཞི་རྒྱ་མགྱོགས་མྱུར་ངང་ཆེ་རུ་འགྲོ་བཞིན་ཡོད་ཀྱང་ཨ་རི་དང་བསྡུར་ན་ད་དུང་གཞི་རྒྱ་དང་ནུས་ཚད་ཆུང་བ་ཡིན། ཁོ་ཚོས་འགྲོ་སོང་ག་ཚོད་གཏོང་གི་ཡོད་མེད་དང་། ཁོ་ཚོས་ད་ལྟ་ག་རེ་ཡོད་མེད། ཁོ་ཚོ་མ་འོངས་པའི་ལོ་བཅུ་དང་ཉི་ཤུའི་ནང་ག་ཚོད་ཡོད་མེད་སོགས་གང་དུ་བལྟས་ཀྱང་ཨ་མེ་རི་ཀའི་དམག་དོན་སྟོབས་ཤུགས་མུ་མཐུད་རྒྱ་ནག་གི་སྔོན་དུ་འགྲོ་གི་རེད།
འོན་ཀྱང་། ང་ཚོས་འགྲོ་གྲོན་ག་ཚོད་གཏོང་མིན་དང་ག་ཚོད་ཡོད་མེད་ལ་མ་བལྟས་པར། ཁོ་ཚོས་གནད་འགག་སྐབས་ག་རེ་བྱེད་ཐུབ་མིན་ལ་བལྟ་དུས། ལྗིད་སྙོམ་དེ་གནས་སྟངས་གཞན་ཞིག་ཡིན། ང་ཚོས་ལེའུ་བཞི་བའི་ནང་མཐོང་བ་ལྟར། ཨ་རི་དང་རྒྱ་ནག་དབར་གྱི་དམག་འཁྲུག་གི་འགྲན་བསྡུར་ཆ་མི་སྙོམས་པ་ཞིག་ཡིན་པ་དང་། ཆ་སྙོམ་མིན་པ་དེ་ཡང་རྒྱ་ནག་ལ་ཕན་པའི་མཐུན་རྐྱེན་ཆགས་ཡོད། ང་ཚོས་ཚོད་དཔག་ལས་ལྡོག་སྟེ་རྒྱ་ནག་དང་བསྡུར་ན་ཨ་མེ་རི་ཀའི་མཐུན་རྐྱེན་ཁག་ཇེ་ཆུང་དང་བརྟན་པོ་མེད་པར་འགྱུར་བཞིན་ཡོད་པ་མ་ཟད། ཨ་རིའི་སྟོབས་ཤུགས་ཉམས་རྒུད་དུ་གཏོང་བར་རྒྱ་ནག་གོམ་པ་ཁ་ཤས་སྔོན་དུ་ཕྱིན་ཟིན་པ་དེས་ཨེ་ཤི་ཡའི་མངའ་ཁུལ་དུ་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་ཀྱི་རྩིག་རྨང་ལ་ཉེན་ཁ་སླེབས་ཡོད།
དེས་ཨ་མེ་རི་ཀ་སྟོབས་མེད་ནུས་མེད་བཟོ་གི་མེད། དེ་འདྲ་བཟོ་བར་རྒྱུན་རིང་པོ་ཞིག་འགོར་གྱི་རེད། འོན་ཀྱང་། དེས་འགྲོ་སོང་སྤར་བ་དང་གདོང་ཐུག་གི་ཉེན་ཁ་སྤྲོད་ཀྱི་ཡོད། རྒྱ་ནག་ལ་འཕེལ་རྒྱས་མུ་མཐུད་བྱུང་བའི་འཕེལ་རིམ་འདིས་ཨ་མེ་རི་ཀའི་རྒྱལ་སྲུང་སྔོན་རྩིས་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲོད་ཀྱི་ཡོད།
རྒྱ་ནག་གིས་འགྲན་རྩོད་བྱེད་རྒྱུ་འདེམས་ཀྱི་རེད་དམ།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱ་ཆེ་རུ་འགྲོ་བཞིན་དེ་ཐབས་ཇུས་དང་ཆབ་སྲིད་ཀྱི་སྟོབས་ཤུགས་སུ་སྒྱུར་བཞིན་ཡོད། ཁོ་ཚོས་སྟོབས་ཤུགས་ཀྱིས་ག་རེ་གནང་གི་རེད་དམ། སྤྱི་མཚུངས་ཀྱི་ལྟ་ཚུལ་ནི་དེས་བསྒྲུབ་བྱ་ཤིན་ཏུ་ཆུང་། ཁ་ཤས་ཀྱིས་རྒྱ་ནག་(དུས་ཚོད་རྩེ་གྲས་)ད་དུང་འགོ་ཁྲིད་བྱེད་པར་གྲ་སྒྲིག་ཨང་གསར་མེད་ཟེར། སྟོབས་ཤུགས་ཆེན་པོའི་མཉམ་དུ་ཐོབ་ཐང་དང་འགན་ཁུར་ཆེན་པོ་ཞིག་ཡོད་ཀྱང་རྒྱ་ནག་ཕྱོགས་ནས་ངོས་འཛིན་བྱེད་རྒྱུར་མ་འདོད་པའི་རྣམ་འགྱུར་དང་བཅས་དེ་དག་ཚང་མ་དགའ་བོའི་ངང་ཨ་མེ་རི་ཀའི་ལག་ཏུ་བཞག་ཡོད། གནས་ཚུལ་དེའི་ཕྱེད་ཀ་བདེན་པ་རེད། རྒྱ་ནག་གིས་ཤར་ཨེ་ཤི་ཡ་དང་ནུབ་ཞི་བདེ་རྒྱ་མཚོའི་མངལ་ཁུལ་ལས་བརྒལ་བའི་མངའ་ཁོངས་ཡོངས་ཀྱི་འགོ་ཁྲིད་བྱེད་པར་ཨུ་ཚུགས་ཀྱི་འདུན་པ་ཤུགས་ཆེན་པོ་སྟོན་གྱི་མེད།
ཝ་ཤིན་ཀྲོན་ནས་གསལ་བཤད་བྱེད་བཞིན་ལྟར་རྒྱ་ནག་ལ་འགོ་ཁྲིད་ཀྱི་རྡོག་ཁྲེས་ཕྲག་ཏུ་ལེན་པའི་འདོད་པ་མེད་པ་དེས་རྒྱ་ནག་གིས་སོ་སོའི་དགོས་འདོད་ཆེད་སྟོབས་ཤུགས་བེད་སྤྱོད་གཏོང་འདོད་མེད་པར་ང་ཚོས་ནོར་འཁྲུལ་ཤོར་མི་ཉན། པེ་ཅིང་གི་ལྟ་ཚུལ་ནི། ཝ་ཤིན་ཌོན་ནས་འགྲེལ་བཤད་གནང་བའི་འགོ་ཁྲིད་ཀྱི་ཐོབ་ཐང་དང་འོས་འགན་ནི་ཨ་མེ་རི་ཀའི་མངོན་འདོད་མཚོན་གྱི་ཡོད་པས་རྒྱ་ནག་གི་མངོན་འདོད་མཚོན་པའི་ངེས་པ་མེད་པ་དེ་ཡིན། རྒྱ་ནག་གིས་ཨ་མི་རི་ཀའི་མངོན་འདོད་དང་མཐུན་པའི་རྒྱལ་སྤྱིའི་སྒྲིག་གཞི་ལ་སྲུང་སྐྱོབ་ཀྱི་འོས་འགན་ཕྲག་ཏུ་ལེན་གྱི་མེད། འོན་ཀྱང་། ཁོ་ཚོས་དགོས་མཁོའི་སྐབས་སྤྲོ་བོའི་ངང་སོ་སོའི་སྟོབས་ཤུགས་བེད་སྤྱོད་གཏོང་གི་རེད། དོན་དངོས་ཐོག་རྒྱ་ནག་དེ་(དུས་ཚོད་རྩེ་གྲས་)་སུ་སླེབས་ཡོད་པ་རེད། འོན་ཀྱང་། ཁོ་ཚོས་སོ་སོ་རང་ཉིད་ཀྱི་གླུ་གཞས་གཏོང་གི་རེད།
ཁག་ཅིག་གིས་རྒྱུ་མཚན་ཆེན་པོ་ཡོད་པའི་བསམ་ཚུལ་འདི་ལྟར་འདོན་གྱི་ཡོད། འགྲན་རྩོད་གང་རུང་ནི་ཁོ་ཚོའི་དཔལ་འབྱོར་ཁེ་ཕན་ལས་ལྡོག་ཕྱོགས་ཡིན་པས་རྒྱ་ནག་ནས་མུ་མཐུད་ཨེ་ཤི་ཡའི་གནས་བབ་རང་འཇགས་ཁས་ལེན་བྱེད་པ་དང་། གོ་ལ་གཅིག་གྱུར་གྱི་འཛམ་གླིང་འདིའི་ནང་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ཡིན་པས་རྒྱ་ནག་གིས་འགྲན་རྩོད་ཐབས་ཇུས་ཀྱི་མཇུག་འབྲས་ངན་པ་དེ་ལེན་མི་སྲིད། དེའི་སྒང་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་མི་མང་སྐྱིད་པོ་ཡོང་ཐབས་དང་རྒྱ་ནག་དམར་ཕྱོགས་ཚོགས་པས་དབང་ཆ་འཛིན་པའི་ཆེད་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་ཡོང་ཐུབ་པ་བྱེད་དགོས། དེ་ལྟར་ཡོང་བ་ལ་བརྟན་བརླིང་ཡིན་པའི་རྒྱལ་སྤྱིའི་ཁོར་ཡུག་དང་ཨ་མེ་རི་ཀར་འབྲེལ་ལམ་བཟང་པོ་ཞིག་དགོས་ཀྱི་ཡོད། དེའི་ཕྱིར་རྒྱ་ནག་གིས་མུ་མཐུད་ཨེ་ཤི་ཡ་ནང་གི་ཨ་མེ་རི་ཀའི་འགོ་གཙོ་གནས་བབ་ངོས་ལེན་བྱས་ཏེ་རྒྱལ་སྤྱིའི་ཁོར་ཡུག་བརྟན་བརླིང་ཡོང་བ་དང་ཨ་མེ་རི་ཀར་འབྲེལ་ལམ་ཡག་པོ་ཉར་གྱི་ཡིན་པར་འདོད།
བསམ་ཚུལ་འདི་ལ་ལྗིད་ཁོག་གང་འཚམ་ཡོད། རྒྱ་ནག་གིས་དཔལ་འབྱོར་འཕེལ་རྒྱས་དེ་གལ་འགངས་ཆེ་ཤོས་བརྩི་བར་ང་ཚོས་ཚོད་དཔག་བྱེད་ཐུབ། དེ་ཡོང་བར་རྒྱལ་སྤྱིའི་བརྟན་བརླིང་དགོས་ཀྱི་ཡོད། འདིས་རྒྱ་ནག་གི་སོ་སོས་སྟོབས་ཤུགས་བེད་སྤྱོད་གཏོང་སྟངས་དང་ཨ་མེ་རི་ཀར་འབྲེལ་ལམ་བྱེད་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་འདོད། འོན་ཀྱང་ལྟ་ཚུལ་འདིའི་ནང་གི་ནོར་འཁྲུལ་ནི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱ་ནག་གི་བསམ་པའི་འཛམ་གླིང་ཐོག་གི་གོ་བབ་ལ་ཤུགས་རྐྱེན་ཐེབས་པའི་གནད་འགག་ཁོ་ནར་འདོད་པ་དེ་རེད། རྒྱ་ནག་གི་དགོས་འདུན་ནི་དེ་བས་ཀྱང་རྙོག་འཛིང་ཅན་ཞིག་ཡིན། དཔལ་འབྱོར་འཕེལ་རྒྱས་ནི་རྒྱ་ནག་གི་དམིགས་ཡུལ་ཁག་ནས་གཅིག་ཏན་ཏན་རེད། ཡིན་ན་ཡང་དམིགས་ཡུལ་གཅིག་པོ་དེ་མིན། རྒྱ་ནག་གི་འགོ་ཁྲིད་ཚོས་སོ་སོའི་རྒྱལ་ཁབ་དེ་འབྱོར་ཕྱུག་ལྡན་པ་ཙམ་དུ་མ་ཟད། སྟོབས་ཤུགས་ཡོད་པ་དང་བརྩི་བཀུར་བྱེད་ས་ཞིག་ཆགས་འདོད་ཡོད། ཁོ་ཚོ་རྒྱལ་ཁབ་མང་པོ་ཁྲོད་ཀྱི་འགོ་ཁྲིད་ཅིག་བྱེད་འདོད་ཀྱི་ཡོད། འདི་གནས་ཚུལ་གསར་པ་མ་རེད།
དུས་རབས་༡༩་པའི་དཀྱིལ་ཙམ་ནས་རྒྱ་ནག་གི་དེང་རབས་ཅན་གྱི་མི་རབས་གསར་བ་ཚོས་ནུབ་ཕྱོགས་པའི་སྟོབས་ཤུགས་ཕྱིར་འབུད་གཏོང་བའི་རྨི་ལམ་བཏང་ཡོད། ཁོ་ཚོས་དམིགས་ཡུལ་ཁ་གཡང་གཅིག་གི་ནང་བསྡོམས་བརྒྱབ་ཡོད་པ་དེ་ནི། རྒྱ་ནག་(འབྱོར་ལྡན་དང་སྟོབས་ཤུགས་ཅན་)དུ་བཏང་ནས་སྔ་མོའི་ཨེ་ཤི་ཡའི་མངའ་ཁུལ་གྱི་འགོ་ཁྲིད་གནས་བབ་བསྐྱར་གསོ་བྱེད་རྒྱུ་དེ་རེད། དེ་རིང་པེ་ཅིང་གི་ཁོང་ཚོའི་རྒྱུད་འཛིན་རྣམས་ཀྱིས་མངོན་འདོད་ཁག་དེ་འདྲ་མེད་ན་དངོས་ནས་ཧང་སངས་དགོས་པ་ཞིག་རེད།
རྒྱ་ནག་མི་མང་ལ་མངོན་འདོད་དེ་འདྲ་མེད་ཟེར་ན་དེ་ལས་ཀྱང་ཧང་སངས་དགོས་པ་ཞིག་མ་རེད། རྒྱ་ནག་མི་མང་ལ་རྒྱལ་ཁབ་གཞན་གྱི་མི་སེར་ལྟར་རྒྱལ་གཅེས་སེམས་ཤུགས་ལ་ཞན་པ་མེད་པ་གསལ་བོ་རེད། རྒྱ་ནག་འབྱོར་ལྡན་དང་སྟོབས་ཆེན་ཏུ་འགྱུར་བ་དང་ལྷན་དུ་ཕལ་ཆེར་ཁོ་ཚོས་ཀྱང་རང་ཉིད་ཀྱི་རྒྱལ་ཁབ་ཀྱིས་བྱེད་སྒོ་མང་ཙམ་སྤེལ་རྒྱུ་དང་། རྒྱལ་ཁབ་གཞན་གྱི་ནང་ཤུགས་རྐྱེན་བེད་སྤྱོད་མང་པོ་བཏང་ནས་བརྩི་བཀུར་ཐོབ་འདོད་འདུན་པ་ཆེན་པོ་ཡོད། དེ་བས་ཁོ་ཚོ་ཡང་སྟོབས་ཤུགས་རྒྱས་བཞིན་པའི་རྒྱལ་ཁབ་གཞན་གྱི་མི་མང་དང་ཁྱད་པར་མེད། དབྱིན་ཇི་དང་། ཨ་མེ་རི་ཀ འཇར་མིན། འཇར་པན། ར་ཤི་ཡ་བཅས་ཀྱི་མི་མང་ཚང་མས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱལ་སྤྱིའི་འགོ་ཁྲིད་ལ་བསྒྱུར་བའི་འདོད་པ་ཡོད། ང་ཚོས་རྒྱ་ནག་མི་མང་མ་འདྲ་བ་ཞིག་ཡིན་པའི་ཚོད་དཔག་བྱེད་དོན་གང་ཡིན་ནམ། དོན་དངོས་ཐོག་ཁོ་ཚོའི་མངོན་འདོད་ཁག་ནི་འབད་འབུངས་དང་གཟབ་གཟབ་ངང་འཚར་ལོངས་བྱུང་བའི་ལོ་རྒྱུས་ཀྱི་འདུ་ཤེས་དེས་ཇེ་ཆེར་སྤེལ་ཡོད། མ་འོངས་པར་རྒྱལ་ཁབ་མང་པོའི་ཁྲོད་ཀྱི་རྒྱ་ནག་གི་གནས་བབ་ལ་བསམ་བློ་བཏང་ནས། ཁོ་ཚོ་རྒྱལ་ཁབ་ཀྱིས་ཡིད་སྐྱོ་བའི་འདས་པའི་ལོ་རྒྱུས་ཏེ་འཇར་པན་དང་ནུབ་ཕྱོགས་པ་ཚོས་མཐོང་ཆུང་ཁྱད་གསོད་བྱས་པ་དང་། ཡང་ད་ལྟའི་དཔེ་ཟླ་བྲལ་བའི་གྲུབ་འབྲས། འོད་སྟོང་འཕྲོ་བའི་རེ་འདུན་སོགས་ལ་ཚོར་ཤུགས་དྲག་པོ་སྐྱེས་ངེས། ཡོངས་ཁྱབ་ལྟར་རྒྱལ་ཁབ་གཞན་གྱི་རྒྱལ་གཅེས་རིང་ལུགས་ཇི་བཞིན་རྒྱ་ནག་གི་རྒྱལ་གཅེས་རིང་ལུགས་དེ་ཡང་མི་རིགས་རིང་ལུགས་དང་དཔའ་རྒོད་རིང་ལུགས་ཀྱིས་སྒྲིབ་ཡོད་པར་ཡ་མཚར་དགོས་དོན་མེད།
དེའི་དོན་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་ཁོ་ཚོའི་རྒྱལ་ཁབ་ཀྱི་ཨ་མེ་རི་ཀའི་འབྲེལ་བ་བྱེད་པ་དང་ཨེ་ཤི་ཡའི་ནང་གི་ཁོ་ཚོའི་བྱེད་སྒོའི་སྐོར་ཐག་གཅོད་བྱེད་སྐབས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཕན་ཐོགས་ཆེ་ཤོས་གང་ཡིན་པ་རྐྱང་པ་གཙོར་བཟུང་བྱེད་ཀྱི་མེད།
ཁོ་ཚོའི་རྒྱལ་ཁབ་ཀྱི་དམིགས་ཡུལ་དང་། ཁོ་ཚོ་མི་མང་གི་མངོན་འདོད་ཆེད་རྒྱ་ནག་གི་ནུས་སྟོབས་དང་ཤུགས་རྐྱེན། གནས་བབ་བཅས་བསྐྲུན་པར་དགོས་མཁོ་ག་རེ་ཡོད་མེད་ཐོག་འབད་རྩོལ་བྱེད་ཀྱི་རེད། འདི་དག་གིས་ཁོ་ཚོ་ཡང་ཨ་མེ་རི་ཀ་ཚུད་པའི་སྟོབས་ལྡན་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ཁྱད་པར་མེད་པ་སྟོན་གྱི་ཡོད་པ་མ་ཟད། དེ་དག་དང་འདྲ་བར་རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་ཐག་གཅོད་བྱེད་སྐབས་ཁོ་ཚོས་རྒྱ་ནག་གི་ནུས་སྟོབས་དང་གནས་བབ་གྱི་རིན་གོང་ནི་ཁོ་ཚོའི་དཔལ་འབྱོར་ལས་ཀྱང་གལ་ཆེ་བར་བརྩི་གི་རེད།
དྲི་བ་གཙོ་བོ་ནི་པེ་ཅིང་གིས་འཁྲུག་རྩོད་སྐབས་ཁོ་ཚོའི་དགོས་ངེས་ཀྱི་ཁྱད་པར་ཅི་ལྟར་འབྱེད་མིན་དེ་རེད། རྒྱ་ནག་གིས་ཆབ་སྲིད་ཀྱི་གནས་བབ་དང་ཐབས་ཇུས་ཀྱི་ལྗིད་ཁོག་ཆེད་དཔལ་འབྱོར་མདུན་ལམ་ག་ཚོད་བློས་གཏོང་གི་རེད་དམ།
འདི་དཔྱད་ཞིབ་བྱེད་ཁག་པོ་རེད། ཕྱོགས་གཅིག་ནས་པེ་ཅིང་གིས་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་འགྲོ་བ་ནི་རྒྱ་ནག་སྲིད་གཞུང་ཆ་འཇོག་ཡོང་བར་གནད་འགག་ཆེན་པོ་ཡིན་པ་དང་ཁོ་ཚོས་སྟོབས་ཤུགས་དང་དབང་ཆ་རྒྱ་བསྐྱེད་གཏོང་དགོས་པ་ཤེས་ཀྱི་ཡོད།
འོན་ཀྱང་། རྒྱ་ནག་ལམ་སྲོལ་ལྟར་རྒྱལ་ནང་གི་སྲིད་དོན་གྱིས་པེ་ཅིང་ལམ་ཁ་གཞན་བཙན་འདེད་བྱེད་ཀྱི་ཡོད། སྤོབས་པ་དང་། ཡིད་ཆེས། རྒྱལ་ཞེན་ཅན་དུ་འགྱུར་བཞིན་པའི་རྒྱ་ནག་མི་མང་གིས་སོ་སོས་གཞུང་གིས་རྒྱས་བཞིན་པའི་སྟོབས་འབྱོར་བེད་སྤྱོད་གཏོང་དགོས་པར་འདོད་པ་ཤུགས་ཆེན་པོ་དང་། སོ་སོའི་མངོན་འདོད་དང་མཐུན་པའི་མངའ་ཁུལ་གྱི་སྒྲིག་གཞི་ལག་ལེན་འདེབས་པ། རང་ཉིད་ཀྱི་ཐོབ་ཐང་རྣམ་པ་གང་རུང་གིས་བརྡལ་བཤིག་གཏོང་བར་དྲག་ཤུགས་ཀྱིས་གདོང་ལེན་བྱེད་དགོས་པར་འདོད་ཀྱི་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་དཔལ་འབྱོར་འཕེལ་རྒྱས་གྱི་དགོས་མཁོར་སྣང་མེད་གཏོང་མི་ཐུབ་པ་དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་མི་དམངས་ཀྱི་རེ་བ་སྣང་མེད་དུ་གཏོང་མི་ཐུབ། རྒྱ་ནག་གི་འགོ་ཁྲིད་རྣམས་རྒྱ་ནག་ཏུ་དམིགས་ཡུལ་ཆེན་པོ་དང་། མི་མང་རྣམས་ལྟར་ངང་རྒྱུན་ཐུང་ཐུང་ཡིན་པར་ང་ཚོས་ཚོད་དཔག་བྱེད་རྒྱུ་མེད་པར་བསམ།
རྒྱ་ནག་ལ་ཅི་བྱ་གཏོལ་མེད་ཀྱི་ཆབ་སྲིད་དཀའ་ངལ་ཅིག་འཕྲད་ཀྱི་ཡོད། ཁོ་ཚོའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་རྒྱལ་སྤྱིའི་འབྲེལ་ལམ་བརྟན་པོ་ཞིག་དགོས་ཀྱི་ཡོད་ལ། རྒྱ་ནག་གི་སྟོབས་ཤུགས་ཀྱི་མངོན་འདོད་འགྲུབ་ཆེད་རྒྱལ་སྤྱིའི་སྒྲོམ་གཞིར་འགྱུར་བ་གཏོང་དགོས་ཀྱི་ཡོད། སྟོབས་ལྡན་རྒྱལ་ཁབ་ཚང་མར་སོ་སོ་མངའ་ཁུལ་གྱི་སྒྲོམ་གཞིར་འགྱུར་བ་གཏོང་པར་འདོད་ན་ངོ་བོ་འདྲ་མིན་ཐོག་ཅི་བྱ་གཏོལ་བྲལ་གྱི་དཀའ་ངལ་བྱུང་གི་ཡོད། སྟོབས་ལྡན་རྒྱལ་ཁབ་ཚང་མས་རྟག་པར་རང་ཉིད་ཀྱི་ཤུགས་རྐྱེན་སྤེལ་ཆེད་རྒྱལ་སྤྱིའི་སྒྲོམ་གཞིར་འགྱུར་བ་གཏོང་བའི་ལྟ་ཚོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཁོ་ཚོས་རྔམས་སེམས་ཆེན་པོས་དབང་ཆ་ཧམ་འཕྲོག་བྱས་པའི་མཇུག་འབྲས་ནི་བརྟན་བརླིང་མེད་པ་དང་འཁྲུག་རྩོད་ཡོང་བའི་ཉེན་ཁ་ཡིན་པས་དེ་ཆུང་རུ་གཏོང་འདོད་ཡོད་པ་རེད། དེ་བས་ཁོ་ཚོས་སོ་སོའི་སྟོབས་ཤུགས་ཀྱི་མངོན་འདོད་དང་ཁོ་ཚོའི་དབང་ཆའི་དགོས་འདུན་བར་ལྗིད་ཁོག་འགྱོགས་དགོས་ཀྱི་ཡོད། སྟོབས་ཤུགས་གཅིག་པོ་གཉེར་ནས་སྒྲིག་གཞིར་སྣང་མེད་གཏོང་མཁན་གྱི་འགོ་ཁྲིད་ཧེ་ཊི་ལེ་ Hitler or Napoleon་དང་ནེ་པོ་ལོན་ལྟ་བུའི་ཧ་ཅང་ཉུང་། ལྷག་པར་དུ་དབང་ཆའི་སྲུང་སྐྱོབ་ཆེད་སྟོབས་ཤུགས་ཡོད་ཚད་བློས་གཏོང་མཁན་མཁན་གྱི་མི་དང་འགོ་ཁྲིད་དཀོན་པོ་ཡིན། དོན་དངོས་ཐོག་འཇར་པན་ནི་ང་ཚོར་ཡོད་པའི་དཔེ་མཚོན་གཅིག་པོ་དེ་ཡིན།
རྒྱ་ནག་གི་འགོ་ཁྲིད་ཚོས་གནད་འགག་འདི་དག་གི་ལྕི་ཡང་འཇལ་བཞིན་ཁོ་ཚོས་ཕལ་ཆེར་ཨེ་ཤི་ཡའི་མངའ་ཁུལ་དུ་ཆབ་སྲིད་དང་ཐབས་ཇུས་ཀྱི་བརྟན་བརླིང་ཡོང་བ་དེ་གལ་ཆེར་འཛིན་གྱི་རེད། འོན་ཀྱང་། ཁོ་ཚོས་སོ་སོའི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་འདོད་པ་གཡུགས་ནས་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་དུས་ཚོད་ངེས་མེད་ཞིག་ལ་རང་འཇགས་སུ་གནས་རྒྱུ་ཁས་ལེན་བྱེད་མི་སྲིད། གང་ཡིན་ཟེར་ན། རྒྱ་ནག་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཐོབ་ཐང་གཡུགས་ནས་ཨ་མེ་རི་ཀའི་དབང་འོག་གི་གནས་བབ་ཁས་ལེན་དགོས་ཀྱི་ཡོད་པས། ཁོ་ཚོ་འཛམ་གླིང་གི་རྒྱལ་ཁབ་ཕྱུག་ཤོས་ཆགས་པ་དང་དེ་འདྲ་ཡོང་མི་སྲིད་པ་རེད། དེར་མ་ཟད། པེ་ཅིང་ཕྱོགས་ནས་དཔལ་འབྱོར་འཕེལ་རྒྱས་རྒྱུན་སྐྱོང་བའམ་དབང་ཆ་རྩོད་ལེན་བྱེད་དགོས་མིན་གྱི་འདེམས་ཀ་ཡང་མཐོང་ཚུལ་ལྟར་འགྱུར་བ་མེད་པ་ཞིག་ཡིན་མི་སྲིད། གལ་སྲིད་རྒྱ་ནག་གིས་མངའ་ཁུལ་གྱི་སྒྲོམ་གཞིའི་ཁ་གཏད་དུ་ལངས་པ་ཡིན་ན་ཨ་མེ་རི་ཀ་དང་རྒྱལ་ཁབ་གཞན་རྣམས་གྲོས་བསྡུར་གྱིས་རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་བ་གཅོད་པར་ཞེད་སྣང་སྐྱེ་དགོས་ཀྱི་མེད། ལེའུ་གཉིས་པའི་ནང་ཞིབ་བསྡུར་བྱས་པ་ལྟར་རྒྱུན་ལྡན་གྱི་སྡིགས་ར་སྐུལ་བ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་ལ་མཐའ་ལྕགས་སྐོར་བའི་སྲིད་ཇུས་ཀྱི་སྙིང་དོན་ཡིན་མོད། རྒྱ་ནག་ནི་འཛམ་གླིང་གི་དཔལ་འབྱོར་ལ་ཆེས་གལ་ཆེན་པོ་ཆགས་ཡོད་པས་དེ་ལྟར་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་ནག་གིས་ཨ་རིའི་འགོ་གཙོ་མེད་པའི་ཨེ་ཤི་ཡ་ཐོར་བཤིག་གི་མུན་ནག་ལ་ལྷུང་གི་ཡང་འདོད་ཀྱི་མེད། པེ་ཅིང་གིས་ལས་སླ་བོའི་ངང་རྒྱ་ནག་གི་འགོ་ཁྲིད་ནི་ཨེ་ཤི་ཡའི་སྒྲོམ་གཞིའི་རྨང་གཞིར་ཕན་ཐོགས་དང་རྒྱ་ནག་རང་ཉིད་ལ་ཁེ་ཕན་ཡོད་པའི་བསམ་བློ་འཁོར་ཐུབ།
དོན་དངོས་ཐོག་པེ་ཅིང་ཕྱོགས་ནས་མངའ་ཁུལ་གྱི་འགོ་གཙོ་བརྗེ་བོ་རྒྱག་པ་ནི་རྒྱ་ནག་ལ་དཔལ་འབྱོར་ཐོག་ཁེ་ཕན་ཆེན་པོ་ཡོད་པར་ཡིད་ཆེས་ཡོད་སྲིད། ཁོ་ཚོས་ལྟ་ཚུལ་ནི་རྒྱ་ནག་གིས་ཨེ་ཤི་ཡའི་ནང་གི་ཨ་མེ་རི་ཀའི་གནས་བབ་ལ་ཁ་གཏད་མ་བཅག་པ་དེ་སྲིད་དུ་ཝ་ཤིན་ཌོན་ནས་རྒྱ་ནག་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དེ་རེད། རྒྱ་ནག་རྒྱས་བཞིན་པའི་སྟོབས་ཤུགས་དང་མངོན་འདོད་ཁག་ཕྱིར་རོལ་སྟོན་གྱི་མེད་པའི་རྒྱུ་མཚན་ཡང་དེ་ཡིན། དེ་ནི་ཏིང་ཞོ་ཕིང་གི་སྐད་གྲགས་ཅན་གྱི་བཀའ་རྒྱ་སྟེ་རྒྱ་ནག་གི་ཡར་རྒྱས་ལ་འགྲོ་བ་བསྟུན་སྟོབས་ཤུགས་སྦས་དགོས་པ་དེ་རེད། ད་ལྟ་ཁོ་ཚོའི་སྟོབས་ཤུགས་ཀུན་གྱིས་མཐོང་གསལ་ཡིན་པས་པེ་ཅིང་གི་སེམས་ཁུར་ནི་ཨ་མེ་རི་ཀས་མ་འོངས་པར་ཨེ་ཤི་ཡའི་འགོ་གཙོ་གནས་བབ་བེད་སྤྱད་ཐབས་ལམ་སྣ་ཚོགས་ཀྱིས་རྒྱ་ནག་གི་འཕེལ་རྒྱས་ལ་ཚད་བཀག་བཟོ་རྒྱུ་དེ་རེད།
པེ་ཅིང་གི་ཕྱོགས་ནས་རྒྱ་ནག་རང་ཉིད་ཚད་གཞི་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཤེས་ཀྱི་ཡོད། འདས་པའི་ལོ་བཅུ་ཕྲག་ཁ་རིང་ཨེ་ཤི་ཡའི་མངའ་ཁུལ་གྱི་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་དེས་རྒྱ་ནག་གི་འཕེལ་རྒྱས་ལ་ཕན་ཐོགས་བྱུང་ཡོད་ཀྱང་མ་འོངས་པ་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཡོང་སྲིད་། པེ་ཅིང་ཕྱོགས་ནས་རྒྱ་ནག་ལ་ཁེ་ཕན་ཡོད། དེའི་རིང་ཨ་རིའི་གནས་བབ་ཁས་ལེན་དང་ཁེ་ཕན་མེད་ན་དེ་ལྟར་མིན། དེ་བས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལྷན་དུ་སྟོབས་ཤུགས་མངོན་གསལ་དོད་པས་སྤེལ་གྱི་མེད་པ་མ་གཏོགས་ཁོ་ཚོར་དེ་འདྲའི་དམིགས་ཡུལ་མེད་པར་ངོས་འཛིན་བྱེད་མི་རུང་། ཁོ་ཚོར་བཟོད་བསྲན་དང་འཆར་གཞི་ལྡན་པའི་བསླུ་བྲིད་ཡོད། གང་ལྟར་དུས་ཚོད་ནི་ཁོ་ཚོའི་ཕྱོགས་སུ་ཡོད། ཁོ་ཚོས་ཨ་རིའི་འགོ་ཁྲིད་པའི་ཨེ་ཤི་ཡའི་སྒྲོམ་གཞིར་ཁ་གཏད་ལངས་པར་ངང་སྒུག་ག་ཚོད་བྱས་པ་དེ་ཙམ་གྱིས་ཁོ་ཚོའི་གནས་བབ་བརྟན་པོ་ཆགས་ཀྱི་ཡོད་པ་དང་། སོ་སོའི་དམིགས་ཡུལ་རྣམས་འགྲུབ་པར་སྡིངས་ཆ་ཡག་པོ་ཞིག་བསྐྲུན་ཐུབ་ཀྱི་ཡོད།
ཕན་ཚུན་གཅིག་ལ་གཅིག་བརྟེན།
རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་ལ་བལྟས་ནས་དེས་ཨ་མེ་རི་ཀར་ཁ་གཏད་གཅོག་པར་སྔོན་འགོག་བྱེད་ཀྱི་ཡོད་པའི་བསམ་ཚུལ་འདི་གཙོ་བོ་དཔལ་འབྱོར་གཅིག་ལ་གཅིག་བརྟེན་གྱི་མཇུག་འབྲས་དེའི་རྒྱུ་མཚན་གྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། Kant་ཁེན་ཌི་མཆོག་གིས་ལོ་༢༠༠་གོང་དུ་སྔོན་དཔགས་བྱས་ཡོད་པ་ནི། རྒྱལ་ཁབ་ཁག་ཕན་ཚུན་དབར་ཚོང་འབྲེལ་ཆེ་རུ་ཡོང་བ་དང་ཆབས་ཅིག་འཁྲུག་རྩོད་བྱས་ན་གྱོང་གུན་ཆེན་པོ་ཡོད་པར་བརྟེན་ཕན་ཚུན་འཁྲུག་རྩོད་ཀྱི་འདོད་པ་ཇེ་ཆུང་རུ་འགྲོ་བ་དེ་རེད། ཚོང་ལས་ཀྱིས་འགྲན་རྩོད་དང་དམག་འཁྲུག་རིམ་བཞིན་མེད་པར་བཟོ་ཟེར། མི་ཁ་ཤས་ཀྱིས་གྲང་དམག་རྗེས་ནས་བཟུང་ཁོང་གི་སྔོན་དཔག་དེ་བདེན་པ་ཁུངས་སྐྱེལ་བྱས་ཡོད་པར་འདོད། འདས་པའི་ལོ་ཉི་ཤུའི་རིང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བ་དེ་བརྟན་པོ་དང་ཞི་བདེ་ཡིན་པ་མངོན་གསལ་དོད་པོ་ཆགས་པ་དེ་ཡང་བསམ་ཡུལ་ལས་འདས་པའི་གོ་ལ་གཅིག་གྱུར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཉམ་དུ་བྱུང་། འདི་ནི་དངོས་ཡོད་ཐོག་རྒྱལ་སྤྱིའི་རྣམ་པ་གསར་བ་ཞིག་སྟེ། གོ་ལ་གཅིག་གྱུར་འདི་ཞི་བདེའི་རྒྱུ་རྐྱེན་ཡིན་པ་དང་། གོ་ལ་གཅིག་གྱུར་འདི་ནས་ཕྱིར་བཤོལ་བྱེད་རྒྱུ་མེད་པ་ཞིག་ཡིན་པས་ཉུང་མཐར་ཡང་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་ཁྲོད་མ་འོངས་པར་ཞི་བདེ་ཡོང་པའི་གདེང་ཚོད་ཡོད། དོན་དངོས་ཐོག་རྒྱལ་ཁབ་གང་མང་གིས་ཕན་ཚུན་ནང་ཚོང་ལས་དང་མ་རྩ་བཙུགས་ནས། དཔལ་འབྱོར་གྱི་གྱོང་གུན་དེ་འཁྲུག་རྩོད་ཀྱི་གྱོང་གུན་ལས་ཆེ་བར་གྱུར་བ་ཡིན་ན་ཞི་བདེ་ཡུན་གནས་ཡོང་པའི་ཕྱོགས་སུ་སྐུལ་འདེད་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། ད་ལྟའི་ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དཔལ་འབྱོར་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་འདི་འདྲ་དེ་སྔ་སྟོབས་ཆེན་རྒྱལ་ཁབ་དབར་དུ་བྱུང་མ་མྱོང་བ་ཞིག་རེད། འདིས་ཕྱོགས་གཉིས་ཀྱི་མངོན་འདོད་དང་འགྲན་རྩོད་ལ་སྟངས་འཛིན་ཐུབ། འོན་ཀྱང་། དྲི་བ་ནི་སྟངས་འཛིན་དེས་ལམ་ཁ་གཞན་དུ་མི་འགྲོ་བར་ནུས་ཤུགས་ག་ཚོད་ཡོད་འདོན་ཐུབ་བམ། གལ་སྲིད་གཅིག་ལ་གཅིག་བརྟེན་དེ་ཐབས་ཇུས་དང་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་པར་སྟབས་བསྟུན་བེད་སྤྱོད་གཏོང་རྒྱུའི་ཆ་རྐྱེན་དུ་འགྲོ་གི་ཡོད་ན། ཨ་མེ་རི་ཀ་དང་རྒྱ་ནག་བར་དུ་དེ་འདྲ་ཡོང་གི་ཡོད་པ་ང་ཚོས་མཐོང་དགོས་པ་ཞིག་ཡིན། འོན་ཀྱང་། ད་ལྟའི་བར་ང་ཚོས་དེ་འདྲ་ཡོང་གི་ཡོད་པའི་བདེན་དཔང་མཐོང་མི་ཐུབ།
རྒྱལ་ཁབ་གཉིས་ཀྱིས་འདས་པའི་སྟོབས་ཆེན་རྒྱལ་ཁབ་རྣམས་ལྟར་སོ་སོ་འབྲེལ་ཡོད་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ནས་གཞན་ལ་སྤོ་གི་ཡོད་པའི་རྣམ་པ་མངོན་གྱི་ཡོད། ཡིད་ཆད་རིང་ལུགས་པ་ John Mearsheimer and Niall Ferguson་སོགས་ཀྱིས་ངོ་ཚོར་དྲན་སྐུལ་ཞིག་གནང་ཡོད་པ་ནི། ཕྱི་ལོ་༡༩༡༤ལོའི་དམག་འཁྲུག་མ་ལངས་སྔོན་དུ་ཨོ་རོབ་ནང་གི་སྟོབས་ཆེན་རྒྱལ་ཁབ་ཁག་བར་དུ་ཡང་དུས་རབས་གཅིག་ཙམ་རིང་སྔོན་ཆད་བྱུང་མ་མྱོང་བའི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་རྟེན་ཤུགས་ཆེན་པོ་བྱུང་བ་དེ་རེད་ཟེར།
སློབ་ཚན་འདིས་ག་རེ་སྟོན་གྱི་ཡོད་ཟེར་ན་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་དབང་གིས་འགོ་ཁྲིད་རྣམས་ནས་ཆབ་སྲིད་ཀྱི་མངོན་འདོད་དམའ་བོ་དང་མི་རིགས་རིང་ལུགས་པའི་སེམས་ཚོར་ལ་སྣང་མེད་གཏོང་གི་ཡོད། འོན་ཀྱང་། དེས་ཁོ་ཚོར་སྙིང་སྟོབས་ཅན་དང་ཆབ་སྲིད་ཀྱི་ཉེན་ཚབས་ཆེ་བའི་གོམ་པ་རྒྱག་དགོས་པའི་དཀའ་ངལ་སེལ་མི་ཐུབ། འདེམས་ཀ་ཁག་པོ་དེ་ད་དུང་ཐག་གཅོད་དགོས་ཀྱི་ཡོད། འགོ་ཁྲིད་རྣམས་ཀྱིས་སོ་སོའི་དཔལ་འབྱོར་ཁེ་ཕན་ཆེད་དུ་ཁོ་ཚོའི་རྒྱལ་ཁབ་ཀྱི་མངོན་འདོད་དང་རྒྱལ་སྤྱིའི་ཐོག་གི་གནས་བབ་བཅས་ལ་གུ་ཡངས་བྱེད་དགོས་པ་ཤེས་ཀྱི་ཡོད། འོན་ཀྱང་། མི་མང་མདུན་དུ་གནས་སྟངས་དེ་ངོས་ལེན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། ད་དུང་གནད་དོན་ཐག་གཅོད་སྐབས་ཁོ་ཚོའི་དཔལ་འབྱོར་གྱི་ཁེ་ཕན་དེ་ཐབས་ཇུས་དང་ཆབ་སྲིད་ཀྱི་ཁེ་ཕན་གྱི་སྒང་ལ་འཇོག་རྒྱུ་དེ་ལས་ཀྱང་ཁག་པོ་ཡིན། དོན་དངོས་ཐོག་མི་མང་པོས་སྟོབས་ཤུགས་དང་གོ་བབ་ཀྱི་གནད་དོན་བྱུང་སྐབས་དཔལ་འབྱོར་གལ་ཆེར་བརྩི་བ་དེ་ནི་ངོ་ཚ་གཞིའི་གནས་སྟངས་ཤིག་ཏུ་མཐོང་གི་ཡོད། ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་མི་མང་ལ་ཁོ་ཚོའི་དཔལ་འབྱོར་ཁེ་ཕན་སྲུང་སྐྱོང་ཆེད་ཐེ་ཝན་གྱི་གནད་དོན་ལྟ་བུའི་ཐོག་ལངས་ཕྱོགས་ལ་བསྟུན་མཁས་བྱེད་རྒྱུ་ཡིན་སྐོར་ཅི་ལྟར་གསུང་ཐུབ་ཀྱི་རེད་དམ། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་རྒྱ་ནག་མི་མང་ལ་འགྲེལ་བཤད་ཅི་ལྟར་རྒྱག་དགོས་པ་རེད་དམ། འདེམས་ཀ་བྱེད་པའི་དུས་སྐབས་དང་དམིགས་བསལ་གྱི་རྒྱལ་སྤྱིིའི་གནས་སྟངས་ཀྱི་འགག་མཚམས་སུ་དཔལ་འབྱོར་དང་པོར་འཇོག་རྒྱུ་ཧ་ཅང་ཁག་པོ་རེད།
དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་ཤུགས་ཆེ་རུ་སོང་བ་དང་མཉམ་དུ་ཉེན་ཁར་ཚོད་འཛིན་བྱེད་པ་ལྡོག་སྟེ་འགྲན་རྩོད་འཕེལ་བཞིན་པ་མངོན་གསལ་རེད། གང་ཡིན་ཟེར་ན། དེས་རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་གྱི་གལ་ཆེའི་གནད་དོན་ཁག་གི་ཐོག་ལྟ་ཚུལ་ལ་ཤུགས་རྐྱེན་སླེབས་ཀྱི་ཡོད་པས་རེད། འདི་ན་འདྲ་མཚུངས་ཀྱི་དཔེ་མཚོན་ཡོད་པ་ཁག་ནི།
དགོས་པ་ངེས་ཅན་དབང་གིས་ཕན་ཚུན་གཅིག་ལ་གཅིག་བརྟེན་འདིས་ཕྱོགས་གཉིས་ཀར་ལྗིད་ཁོག་ཆེ་བའི་གནོན་ཤུགས་སྤྲོད་ཐུབ་པར་འདོད་ཀྱི་ཡོད། དེས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཞན་དེས་དཔལ་འབྱོར་གྱི་འབྲེལ་བ་སྲུང་སྐྱོབ་ཆེད་བསྟུན་མཁས་བྱེད་ཀྱི་རེད་འདོད་ནས་སོ་སོས་སྒྲུབ་མི་དགོས་པར་འདོད་ཀྱི་ཡོད། ཝ་ཤིན་ཌོན་ནས་རྒྱ་ནག་ལ་རེ་བ་འདི་ལྟར་རྒྱག་གི་ཡོད། པེ་ཅིང་གིས་འགྲན་རྩོད་བྱེད་པ་དཔལ་འབྱོར་གྱི་ཉེན་ཁ་ཡོད་པ་ཤེས་རྟོགས་ཀྱིས་ཨ་མེ་རི་ཀར་ཁ་གཏད་ལས་གཡོལ་རྒྱུ་དང་། པེ་ཅིང་ནས་འདི་ལྟར་བསམ་གྱི་ཡོད། ཨ་མེ་རི་ཀའི་མིག་གདངས་འཚུམ་བྱེད་ངེས་ཡིན། འདིས་ཕྱོགས་གཉིས་ཀ་སོ་སོའི་གནས་བབ་ལས་གུ་ཡངས་སམ་ཆག་ཡངས་གཏོང་བར་འགོག་རྐྱེན་བཟོས་ཏེ་ཉེན་ཁའི་ཕྱོགས་འགྲོ་སྲིད།
མཐར་ཐུག་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྟོབས་ཤུགས་ལ་ཡིད་ཆེས་བརླགས་ནས་དངུལ་གྱི་སྟོབས་ཤུགས་ལ་ཡིད་ཆེས་ཀྱིས་སེམས་ཚོར་དང་རེ་འདོད་གཞན་ཡར་ལངས་ཡོང་གི་རེད། འདི་ནི་ཉེན་ཆེ་བའི་གནས་སྟངས་ཤིག་རེད།་རྒྱ་ནག་གི་འགོ་ཁྲིད་ཚོས་རྟག་པར་རྒྱ་ནག་གི་བསྒྲུབ་བྱ་ཚད་མཐོ་རུ་གཏོང་པར་རྒྱུ་མཚན་ལྡན་པའི་བློ་ཐག་གཅོད་པར་ང་ཚོས་ངོས་འཛིན་བྱེད་མི་རུང་། ཁོ་ཚོས་ཡང་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ལས་ཞན་པའི་འགན་ཁུར་ཡོད་པས་ང་ཚོས་མཐོང་པ་ལྟར་གྱི་འདི་འདྲ་དང་དེ་འདྲ་བྱེད་མིན་སུས་ཤེས། གོ་བབ་དང་ཤུགས་རྐྱེན་ཆེད་རྒྱུ་མཚན་མེད་པའི་འདོད་རྔམས་ཀྱིས་རྒྱལ་ཁབ་ཀྱི་ཁེ་ཕན་འཆར་གཞི་སྟབས་བསྟུན་བེད་སྤྱོད་གཏོང་སྲིད།
དཔལ་འབྱོར་ནི་གལ་ཆེན་ཡིན། འོན་ཀྱང་དངུལ་ནི་ཡོད་ཚད་མིན། རྒྱལ་ཁབ་རྣམས་ཀྱང་མི་མང་ཇི་བཞིན་ཕྱུག་པོ་ཆགས་འདོད་ཡོད། འོན་ཀྱང་། ཁོ་ཚོར་བདེ་འཇགས་དང་སོ་སོའི་འདོད་པ་ཁེངས་པ་ཞིག་དགོས་ཀྱི་ཡོད། རྒྱལ་ཁབ་དང་མི་སྒེར་ཚང་མར་བདེ་འཇགས་ཀྱི་རེ་འདོད་དང་ངོ་བོ་རྣམས་ནམ་རྒྱུན་ཕྱི་དངོས་པའི་འདོད་པ་དང་འགྲན་བསྡུར་བྱས་ནས་རྒྱལ་ཁ་ཐོབ་ཀྱི་ཡོད།
ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཁ་ཕྱོགས་མི་གཅིག་པའི་མདུན་ལམ་ནི་སོ་སོ་རྒྱལ་ཁབ་ཀྱི་ངོ་བོའི་གནད་དོན་ལ་འབྲེལ་བ་གཏིང་ཟབ་ཡོད་པ་དེ་དཀའ་ངལ་གྱི་དུས་ཚོད་སླེབས་པའི་སྐབས་སུ་དཔལ་འབྱོར་གྱི་དགོས་མཁོ་དོར་རྒྱུ་ལས་སླ་བོ་ཡིན། ནམ་རྒྱུན་ཚོད་དཔག་བྱེད་པར་ཁྱད་མཚར་བའི་གནས་ཚུལ་ཁ་ཤས་ཐོན་གྱི་ཡོད། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་བགྲོ་གླེང་ནང་།ང་ཚོ་དམག་འཁྲུག་གི་དངངས་སྐྲག་ལས་གཡོལ་འདོད་ཆེན་པོ་ཡོད་ཀྱང་ཐབས་ཇུས་དང་ཆབ་སྲིད་ཀྱི་འགྲན་བསྡུར་བྱེད་དགོས་པའི་འདུན་པ་དེས་ང་ཚོའི་དཔལ་འབྱོར་མངོན་འདོད་འགོག་གི་ཡོད།
ག་རེ་བྱས་ནས་འགྲན་རྩོད་བྱེད་དམ།
གཏིང་ཟབ་པའི་དྲི་བ་མུ་མཐུད་གནས་ཀྱི་ཡོད། རྒྱ་ནག་གི་ག་རེ་བྱས་ནས་ཨེ་ཤི་ཡའི་མངའ་ཁུལ་གྱི་ཨ་མེ་རི་ཀའི་འགོ་ཁྲིད་ལ་འགྲན་རྩོད་བྱེད་ཀྱི་རེད་དམ། ང་ཚོས་ནམ་རྒྱུན་རྒྱལ་ཁབ་ཕན་ཚུན་བར་དུ་ཕྱི་དངོས་པོ་དང་རིང་ལུགས་ཀྱི་ཀུན་སློང་ཐོག་རྩོད་རྙོག་ཡོང་བར་འདོད་ཀྱི་ཡོད། གང་ཡིན་ཟེར་ན་དེ་ནི་རྒྱུ་མཚན་ལྡན་པ་ཞིག་རེད་བསམ་གྱི་ཡོད། རྒྱ་ནག་དང་ཨ་རིའི་བར་ཀུན་སློང་དེ་འདྲ་རྙེད་ཁག་པོ་རེད། དེས་དབང་གིས་འབྲེལ་བར་དོ་ཕོག་འབྱུང་བའི་ཕྱིན་ཅི་ལོག་གི་བློ་མོས་ཡོད་པའི་ལམ་ཁར་ཁྲིད་ཐུབ་ཀྱི་ཡོད། གདུག་རྩུབ་ཅན་གྱི་རྩོད་རྙོག་མང་པོར་ངོས་འཛིན་བྱེད་མི་ཐུབ་པའི་འབྱུང་ཁུངས་ཁག་ཡོད།
སྟོབས་ཆེན་རྒྱལ་ཁབ་ཁག་གི་དབར་རྩོད་རྙོག་ཡོང་ཁུངས་མངོན་གསལ་ཆེ་ཤོས་ནི་ས་ཆའི་ཆེད་དུ་འགྲན་རྩོད་བྱེད་པ་དེ་རེད། རེ་བ་བཟང་སར་རྒྱག་མཁན་ཚོས་བདེན་པ་འདི་ནས་སེམས་གསོ་གཏོང་གི་ཡོད་པ་རེད། ཐེ་ཝན་གྱི་གནད་དོན་དམིགས་བསལ་ཐོག་ཨ་རི་དང་རྒྱ་ནག་དབར་ཕན་ཚུན་ཐད་ཀར་སྣོལ་བའི་ས་ཆའི་རྩོད་རྙོག་མེད་པ་མ་ཟད། རྒྱ་ནག་ལ་ད་ལྟའི་སོ་སོའི་ས་ཁོངས་ལས་བརྒལ་ནས་ས་ཆའི་བདག་དབང་གི་རེ་འདོན་མེད་པར་མངོན། ཡིད་ཆད་རིང་ལུགས་པ་ཚོས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ས་ཁོངས་བཅས་མཚམས་ཀྱི་རྩོད་རྙོག་རྣམས་ལ་མཛུབ་མོ་འཛུགས་ཀྱི་ཡོད། རེ་བ་བཟང་ནས་རྒྱག་མཁན་ཚོས་རྒྱ་ནག་གིས་རྩོད་རྙོག་མང་པོ་ཞིག་འདུམ་འགྲིག་བྱེད་ཐུབ་བྱུང་བ་མ་ཟད། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ས་ཆ་བདག་བཟུང་བཙན་འཕྲོག་བྱེད་པ་མཐོང་དཀོན་པོ་རེད་ཟེར་ནས་ལན་འདེབས་བྱེད་ཀྱི་ཡོད།
ཕྱོགས་གཅིག་ནས་བཤད་ན་རེ་བ་བཟང་ས་ནས་རྒྱག་མཁན་ཚོར་བདེན་པ་ཡིན་སྲིད། ང་ཚོས་རྒྱ་ནག་ལ་མ་འོངས་པར་ཧམ་སེམས་ཆེ་རུ་འགྲོ་མིན་མི་ཤེས། འོན་ཀྱང་། རྒྱུ་རྐྱེན་གཏིང་ཟབ་ཅིག་མེད་པར་ས་ཆའི་བདག་དབང་གི་མངོན་འདོད་དེས་ཨ་མེ་རི་ཀ་དང་མཉམ་དུ་འཁྲུག་རྩོད་བྱེད་སེམས་ཅི་ལྟར་སྤྲོད་པ་མཐོང་ཁག་པོ་འདུག
རིང་ལུགས་ཀྱི་ཐོག་ནས་བཤད་ན་ཡང་དེ་མཚུངས་ཡིན། གྲང་དམག་སྐབས་སུ་འཚར་ལོངས་བྱུང་བ་ཚོས་འཛམ་གླིང་ནང་གི་ལྟ་བའམ་རིང་ལུགས་མ་འདྲ་རྣམས་ནིི་འཁྲུག་རྩོད་ཀྱི་འབྱུང་ཁུངས་ཆེ་ཤོས་དེ་ཡིན་པར་འདོད། མི་ཁ་ཤས་ཀྱིས་དེ་ལ་བདེན་ཁ་སྟེར་གྱི་ཡོད། གང་ཡིན་ཟེར་ན་ཁོ་ཚོས་ཨ་རི་དང་རྒྱ་ནག་བར་གྱི་ལྟ་བའི་ཁྱད་པ་དང་ཨ་རི་དང་སོ་ཝེ་ཡིག་ཉོན་(ར་ཤི་ཡ་)་བར་གྱི་ལྟ་བའི་ཁྱད་པར་གཉིས་བསྡུར་ཐུབ་མེད་པ་མཐོང་གི་མེད། ཁ་ཤས་ཀྱིས་དེ་ལ་སེམས་ཁྲལ་ལངས་ཀྱི་ཡོད། གང་ཡིན་ཟེར་ན། ཁོ་ཚོས་ལྟ་བའི་བར་དུ་ཁྱད་པར་ཆེན་པོ་མཐོང་གི་ཡོད་པ་རེད། སུ་ཡང་དག་པ་རེད་དམ། གསལ་བོ་ཞིག་ལ། གྲང་དམག་གི་འགོ་སྟོད་དུ་སོ་ཝེ་ཡིག་ཉོན་(ར་ཤི་ཡ་)་དང་ཁོ་ཚོས་མཐུན་གྲོགས་དམར་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཨ་རི་ལ་ལྟ་བའི་ཐོག་ནས་ཁ་གཏད་བཅག་པ་དེ་འདྲ་་རྒྱ་ནག་གིས་འགྲན་རྩོད་སློང་གི་མེད། རྒྱ་ནག་རྒྱལ་ཁབ་དེ་དམར་ཕྱོགས་ཚོགས་པས་དབང་བསྒྱུར་བྱེད་ཀྱི་ཡོད་མོད། ཚོགས་པ་དེ་ལ་དམར་ཕྱོགས་ཚོགས་པ་རྙིང་པ་ཁག་ལྟར་ཁོ་ཚོའི་རིང་ལུགས་འོག་འཇུག་པའམ་དང་། རྒྱལ་སྤྱིའི་ཅན་དུ་སྒྱུར་བའི་མངོན་འདོད་དེ་འདྲ་མཐོང་རྒྱུ་མེད། རྒྱ་ནག་གི་དམར་ཕྱོགས་གཞུང་གིས་འཛམ་གླིང་གི་དཀའ་ངལ་སེལ་བར་དམར་ཕྱོགས་རིང་ལུགས་དགོས་པ་དང་དེ་ནི་འགྲོ་བ་མིའི་མ་འོངས་པའི་གལ་ཆེན་ཡིན་སྐོར་བརྗོད་ཀྱི་མེད། ལྷག་པར་དུ་མི་རབས་སྔོན་མ་མོའོ་རིང་ལུགས་པས་བྱ་སྤྱོད་ལྟར་མིན་པར་ཁོ་ཚོས་རྒྱལ་མཚམས་བརྒལ་ནས་དམར་ཕྱོགས་ཀྱི་ལྟ་བ་དེ་ཆབ་སྲིད་ཤུགས་རྐྱེན་གྱི་ལག་ཆར་བེད་སྤྱོད་གཏོང་གི་མེད། བེད་སྤྱོད་བཏང་བ་ཡིན་ན་ལས་དོན་འགྲུབ་ཀྱི་མ་རེད། གྲང་དམག་མཇུག་མ་རྫོགས་སྔོན་ནས་དམར་ཕྱོགས་རིང་ལུགས་ཀྱིས་ནུབ་ཕྱོགས་པའི་ཆབ་སྲིད་ལམ་ལུགས་ལ་ཁ་གཏད་ཤུགས་ཆེན་པོ་བཅག་ནས་མེད་པར་གྱུར་བ་དང་། ཕལ་ཆེར་སྐྱར་གསོ་ཡོང་བྱེད་མི་ཐུབ།
དངོས་འབྲེལ་ད་ལྟའི་རྒྱ་ནག་གཞུང་གི་ཕྱི་འབྲེལ་དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་གཡུག་ནས་དམར་ཕྱོགས་རིང་ལུགས་པའི་ཁ་ལོ་བསྒྱུར་བའི་ཞིག་རྣམ་པ་ཞིག་ང་ཚོས་ཡིད་ལ་འཆར་ཁག་པོ་རེད། གང་ཡིན་ཟེར་ན། རྒྱ་ནག་དམར་ཕྱོགས་ཚོགས་པས་དམར་ཕྱོགས་ཀྱི་ལྟ་བ་མང་ཆེ་བ་སོ་སོ་རང་ཉིད་ཀྱིས་གཡུག་ཚར་ཡོད་པ་རེད། ལྷག་བསྡད་ཡོད་པ་ནི་མར་ཁེ་སི་དང་ལེ་ཉེན་རིང་ལུགས་ཀྱི་ལམ་སྟོན་ལྟར་སྲིད་དོན་ཚོགས་པ་གཅིག་གི་དབང་བསྒྱུར་རྩ་དོན་མཁྲེགས་བཟུང་བྱེད་རྒྱུ་དང་། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་གཞུང་གཉེར་ཁྲོམ་རྭའི་མ་རྩ་རིང་ལུགས་དང་མཐུན་པ་བྱེད་རྒྱུ་སོགས་ཡིན། རྒྱ་ནག་གིས་ལམ་ལུགས་འདི་རྒྱ་ཆེན་པོར་ཁྱབ་སྤེལ་གཏོང་བའི་རྟགས་མཚན་ཆེན་པ་མཐོང་རྒྱུ་མེད་པ་དང་། ཁོ་ཚོ་ཨ་མེ་རི་ཀ་ནང་བཞིན་ལྟ་བ་བསྒྱུར་བའི་སེམས་ཤུགས་ཆེན་དེ་ཙམ་མེད། རྒྱལ་ཁབ་གཞན་གྱིས་པེ་ཅིང་གི་ལུགས་སྲོལ་ངོས་ལེན་བྱས་པ་ཡིན་ན་དེས་རྒྱ་ནག་ལ་ཁེ་ཕན་ཡོད་པའི་ར་སྤྲོད་བྱེད་མི་ཐུབ། འདིས་ཨ་རི་དང་རྒྱ་ནག་དབར་གྱི་ཁྱད་པར་གལ་ཆེན་ཁག་སྟོན་གྱི་ཡོད། ཕྱོགས་གཉིས་ཀས་སོ་སོ་དམིགས་བསལ་བ་ཡིན་པར་འདོད་ཀྱི་ཡོད། འོན་ཀྱང་། ཨ་རི་ནས་སོ་སོའི་སྟོབས་ཤུགས་དང་དགེ་མཚན་ནི་གཞན་གྱི་མིག་དཔེར་འོས་པའི་དམིགས་བསལ་བ་ཞིག་ཡིན་པར་འདོད་པ་དང་དུས་མཚུངས། རྒྱ་ནག་གིས་སོ་སོའི་སྟོབས་ཤུགས་དང་དགེ་མཚན་དེ་དོ་ཟླ་མེད་པ་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་འདོད་ཀྱི་ཡོད། ཨ་རི་རྒྱལ་ཁབ་རྣམས་ཨ་རི་འདྲ་བོ་འགྱུར་བར་རེ་བ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་རྒྱལ་ཁབ་གཞན་རྣམས་ཁོ་ཚོ་འདྲ་བོ་འགྱུར་བར་ཡིད་ཆེས་བྱེད་ཀྱི་མེད།
གལ་སྲིད་ཁོ་གཉིས་ས་ཆའི་བདག་དབང་དང་ལྟ་བའི་ཐོག་གཙོ་བཟུང་མ་བྱས་པ་ཡིན་ན་ནུས་པ་དང་ཐོན་ཁུངས་ནི་འགྲན་རྩོད་ཀྱི་གཙོ་གནད་དུ་འགྱུར་པར་འདོད་མཁན་མང་པོ་ཡོད། གཅིག་བྱས་ན་དེ་ནི་ཨ་རྒྱ་དབར་གྱི་འགྲན་རྩོད་ཀྱི་གཙོ་གནད་ཡིན། ཁོ་ཚོས་རྒྱུ་མཚན་གཅིག་ནི། རྒྱ་ནག་ཡར་རྒྱས་དང་མཉམ་དུ་རྒྱ་གར་དང་། འབུར་དུ་ཐོན་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ཡོད་པ་དེ་ཁོང་ཚོར་ཐོན་ཁུངས་མཁོ་སྤྲོད་བྱེད་ཐུབ་པ་ལས་ཀྱང་ཐོན་ཁུངས་རྣམས་འགྲོ་རྒྱུག་ཆེས་མྱུར་བ་དང་ཆེས་མང་པའི་མཇུག་འབྲས་སུ་ཁོ་ཚོ་ཁྲོད་ཚོང་ལས་བརྒལ་དེ་ཐབས་ཇུས་ཀྱི་རྩེད་ཐང་དུ་འཛིང་རེས་བྱེད་དགོས་པར་འགྱུར།
འོན་ཀྱང། ད་ལྟའི་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ཁྲོད་དེ་འདྲ་ཡོང་གི་ཡོད་པའི་རྣམ་པ་མཐོང་མི་ཐུབ། བཟོ་ལས་གསར་བརྗེ་ཀྱི་འཕེལ་རིམ་ཐོག་མར་། ཅ་ལག་ཉོ་ཚོང་དང་ཐོན་རྫས་རྣམས་རྒྱལ་ས་ཁག་དང་མི་སེར་སྤེལ་བའི་གཞིས་ཆགས་ཕན་ཚུན་བར་སྒྲིག་གཞི་ཡོད་པའི་ཐོག་འཁོར་སྐྱོད་བྱེད་ཀྱི་ཡོད། ཚོང་ལས་རྣམས་དར་ཆའི་རྗེས་སུ་འབྲང་བ་དང་དེ་ལས་སྐོར་ནས་འགྲོ་བ་རེད། ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གྲུབ་འབྲས་ཆེན་པོ་བླངས་པ་ནི་བཀག་སྡོམ་ཅན་གྱི་གོ་ལ་གཅིག་གྱུར་གྱི་ལྟ་ཚུལ་ཚབ་ཏུ་ཧ་ཅང་གུ་ཡངས་དང་ཚོང་ལས་ནང་དར་ཆའི་འགྲོ་སྟངས་དེ་ཙམ་གལ་ཆེར་མི་བརྩི་དེ་རེད། ད་ལྟའི་ཚོང་ལས་ནི་གོང་ཚད། སྤུས་ཀ འབེལ་ལོད་དམ་མཁོ་སྤྲོད་བྱེད་ཐུབ་མིན་གྱི་རྗེས་སུ་འབྲང་གི་ཡོད། འདིས་འཛམ་གླིང་ཕྱུག་ཏུ་བཏང་བ་ཙམ་དུ་མ་ཟད། འཛམ་གླིང་ཐོག་གི་དཔལ་འབྱོར་ཆེ་ཤོས་རྒྱལ་ཁབ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པར་གྱུར། ཚད་གཞི་འདི་འདྲ་ང་ཚོས་སྔོན་ཆད་མཐོང་མྱོང་མེད། དེ་རིང་གི་འཛམ་གླིང་ནང་། ཨ་མེ་རི་ཀའི་རྣོ་ལྕགས་བཀག་འགོག་བྱས་ན་རྒྱ་ནག་གི་དཔལ་འབྱོར་ལ་ཁེ་ཕན་ཅི་ལྟར་ཐོབ་བམ། ཡང་ན། རྒྱ་ནག་ལ་སྣུམ་བཀག་འགོག་བྱས་ན་ཨ་མེ་རི་ཀའི་དཔལ་འབྱོར་ལ་ཁེ་ཕན་ཅི་ལྟར་ཐོབ་བམ། ཚོང་ལས་ཐོག་བསམ་ཞིབ་བྱེད་རྒྱུ་ཚང་མའི་སེམས་ནང་ཚད་མཐོ་ཤོས་སླེབས་པ་དང་། གོ་ལ་གཅིག་གྱུར་དེ་གློ་བུར་ཁ་ཕྱོགས་བསྒྱུར་པ་དེ་འདྲ་མ་བྱུང་ན། ཕན་ཚུན་གཅིག་ལ་གཅིག་བརྟེན་འདིས་ཚང་མས་སོ་སོའི་དཔལ་འབྱོར་ལ་དོ་སྣང་དང་གཅེས་སྤྲས་བྱེད་པ་དེ་བཞིན་གཞན་གྱི་དཔལ་འབྱོར་ལ་ཡང་དེ་ལྟར་བྱེད་དགོས་པ་བཟོ་གི་ཡོད། ལག་ལེན་ཐོག་ནས་ང་ཚོ་ཚང་མ་གོ་ལའི་དཔལ་འབྱོར་ཆེན་པོ་གཅིག་ལ་བརྟེན་ནས་བསྡད་ཡོད།
རྒྱལ་ཁབ་ཆེན་པོ་རྒྱ་ནག་དང་རྒྱ་གར་མུ་མཐུད་ཡར་རྒྱས་ལ་ཕྱིན་པ་ཡིན་ན། རང་བཞིན་གྱིས་ཐོན་ཁུངས་དང་ནུས་པའི་འགྲོ་རྒྱུགས་ནི་མཁོ་སྤྲོད་བྱེད་ཐུབ་པ་ལས་ཀྱང་ཆེ་རུ་འགྲོ་བ་དང་། གཅིག་བྱས་ན་གོ་ལ་ཟླུམ་པོ་འདི་རྒྱུན་གནས་ཡོང་བ་ལས་བརྒལ་སྲིད། དེས་བགོ་འགྲེམས་ལ་མགོ་རྙོག་ཅན་གྱི་དཀའ་ངལ་ཆེན་པོ་སྤྲོད་ཀྱི་ཡོད། འོན་ཀྱང་། འཛམ་གླིང་གི་དཔལ་འབྱོར་གོ་ལ་གཅིག་གྱུར་དུ་གནས་པ་ཡིན་ན་ཁྲོམ་རྭ་ཡིས་གོང་ཚད་ཐོག་ནས་ང་ཚོར་བགོ་འགྲེམས་བྱེད་ཀྱི་རེད། དཔེར་ན། སྣུམ་སྦ་རེལ་གཅིག་ལ་ཨ་སྒོར་གཅིག་སྟོང་སྤྲོད་དགོས་པ་ཡིན་ན་ལས་སླ་བོ་དང་སྐྱིད་པོ་ཡོང་མི་སྲིད། འོན་ཀྱང་། གང་ལ་གང་འཚམ་གྱི་རང་དབང་དང་གུ་ཡངས་ཅན་ཁྲོམ་ར་ཡོད་པ་དེ་སྲིད་དུ་དྲག་རྩུབ་ཡོང་དགོས་དོན་མེད། དེའི་ནང་དོན་ནི་གོ་ལ་གཅིག་གྱུར་གྱི་འཛམ་གླིང་ནང་ཐོན་ཁུངས་ལ་འགྲན་བསྡུར་ནི་རྩོད་རྙོག་ལངས་བྱེད་ཀྱི་འཕྲུལ་འཁོར་དུ་འགྱུར་པའི་ངེས་པ་མེད། དོན་དངོས་ཐོག་ང་ཚོས་མཐོང་ཐུབ་པ་ལྟར་མཇུག་འབྲས་ནི་ཐབས་ཇུས་ཀྱི་འགྲན་རྩོད་བྱེད་རྒྱུ་དེ་རེད།
མཁས་དབང་ཐུའུ་སེ་ཌེས་ཌེསུ་(Thucydides)ནས་དམག་འཁྲུག་གི་འབྱུང་ཁུངས་གཙོ་བོ་ནི་དངུལ་དང་། དངངས་སྐྲག ཆེ་མཐོང་བཅས་ཡིན་གསུང་ཡོད་པ་རེད། ང་ཚོས་མཐོང་གསལ་ལྟར། དཔལ་འབྱོར་གྱི་དགོས་ངེས་དེ་ཨ་རྒྱའི་བར་དུ་རྩོད་རྙོག་སླེབས་པའི་རྒྱུ་མཚན་མིན་པར་དེ་ལས་ལྡོག་ཕྱོགས་ཡིན། དོན་དངོས་ཐོག་དུ་བབས་སྐབས་ཁོ་ཚོའི་བར་གྱི་འགྲན་བསྡུར་ནི་ཕྱོགས་གཉིས་ཀར་དངངས་འཚབ་དང་ཆེ་མཐོང་འདྲེས་མ་ཞིག་འབྱུང་གཞིར་གྱུར་ཡོད་པ་འདྲ། དེང་སྐབས་ང་ཚོས་དེ་ལ་(སྲུང་སྐྱོབ་དང་གནས་བབ)་ཟེར་ཆོག རྒྱ་ནག་གི་དངངས་སྐྲག་ནི་གལ་སྲིད་ཨ་རི་དེ་མུ་མཐུད་ཨེ་ཤི་ཡའི་འགོ་གཙོ་བྱས་པ་ཡིན་ན། ཁོ་ཚོས་སྟོབས་ཤུགས་དང་རྟེན་གཞི་བེད་སྤྱད་དེ་རྒྱ་ནག་གི་འཕེལ་རྒྱས་ལ་ཚད་བཀག་བཟོས་ནས། ཤུགས་རྐྱེན་ལ་བཙན་པོ་དབང་ཤེད་དང་ཁོ་ཚོའི་ལམ་ལུགས་ལ་མཐོང་ཆུང་བྱེད་པ་དེ་རེད། ཨ་མེ་རི་ཀའི་དངངས་སྐྲག་ནི་རྒྱ་ནག་སྟོབས་ཤུགས་ཆེ་རུ་ཕྱིན་ན་ཁོ་ཚོས་ཨ་མེ་རི་ཀའི་ཨེ་ཤི་ཡ་མངའ་ཁུལ་ནས་ཕྱིར་འབུད་གཏོང་པ་དང། འཛམ་གླིང་ཐོག་གི་ཨ་རིའི་གོ་བབས་ལ་ཉེན་ཁ་སྤྲོད་པ། གཅིག་བྱས་ན་རིམ་བཞིན་ཨ་རི་ལ་ཐད་ཀར་ཉེན་ཀ་སླེབས་རྒྱུ་དེ་རེད། རྒྱ་ནག་ལ་རང་ཉིད་ཨེ་ཤི་ཡའི་འགོ་ཁྲིད་ཅིག་ཡིན་པའི་ངོས་འཛིན་དགོས་ཀྱི་ཡོད། འགོ་ཁྲིད་ཡིན་པས་ཆ་ནས་ཨ་མེ་རི་ཀ་དང་འདྲ་མཉམ་གྱི་སྟོབས་ཆེན་གནས་བབས་ཏན་ཏན་ཡོད། ཕྱོགས་གཅིག་ནས་ཁོ་ཚོ་དེ་འདྲའི་ཡིད་ཆེས་ཤིག་མེད་པར་བདེ་འཇགས་ཡོང་མ་ཐུབ་པ་དང་། ཕྱོགས་གཅིག་ནས་གོ་བབས་ནི་སོ་སོའི་རྣམ་པ་གསལ་སྟོན་ལ་མེད་དུ་མི་རུང་བ་ཞིག་ཏུ་འདོད་ཀྱི་ཡོད། རྒྱ་ནག་གིས་སོ་སོ་དེ་འདྲའི་རྒྱལ་ཁབ་ཅིག་ཆགས་པར་ཡིད་ཆེས་ཡོད་པ་རེད།
ཨ་མེ་རི་ཀ་མུ་མཐུད་ཨེ་ཤི་ཡའི་ནང་འགོ་གཙོ་བྱེད་འདོད་ཀྱི་ཡོད་པ་དང་། རྒྱ་ནག་ལ་འདྲ་མཉམ་གྱི་བསམ་ཤེས་བྱེད་རྒྱུ་ལས་གཡོལ་གྱི་ཡོད། གང་ཡིན་ཟེར་ན། འགོ་ཁྲིད་ནི་རྒྱལ་སྤྱིའི་བྱེད་སྒོ་ཅན་ཞིག་ཡིན་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཨ་རིའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་གཞན་རྣམས་དང་འདྲ་མཉམ་ཐོག་བྱེད་སྒོ་སྤེལ་རྒྱུ་ནི་ཁོ་ཚོའི་ཁྱད་ཏུ་འཕགས་པའི་གནས་བབ་ནང་མཐུན་ཐབས་བྲལ་བར་འདོད།
ང་ཚོ་དེ་འདྲའི་ཡིད་ཆེས་དང་ཀུན་སློང་གི་སྟོབས་ཤུགས་ལ་ཡ་མཚར་སྐྱེ་སྲིད་མོད། ང་ཚོས་དེ་དག་སྣང་མེད་དུ་འཇོག་མི་ཉན། ལོ་རྒྱུས་ཀྱི་བྱུང་རིམ་ནང་དེ་དག་ནི་འཛམ་གླིང་ནང་དམག་འཁྲུག་ཆེ་ཤོས་རྒྱུ་རྐྱེན་དུ་གྱུར་ཡོད། Thucydides’ ཐུའུ་སེ་ཌེས་ཌེསུ་མཆོག་གིས་བརྩམས་པའི་ཨ་ཐེན་དང་སུ་ཕེར་ཊི་བར་གྱི་(Athens and Sparta)་འཁྲུག་ཟིང་དང་དམག་འཁྲུག་གང་རུང་སྐོར་གྱི་འགྲེལ་བཤད་དེ་ང་ཚོ་སེམས་ནང་གསལ་བོ་ཡིན། ཁོང་གིས་བྲིས་རྩོམ་ནང་། ཕེ་ལི་ཕོ་ནེ་ཞིས་ཡེན་དམག་འཁྲུག་ཐོག་མར་བྱུང་སྟངས་ལ་དམིགས་བཀར་འགྲེལ་བཤད་བརྒྱབ་རྗེས་ཁོང་གིས་འདི་ལྟར་བྲིས་འདུག (རྒྱུ་རྐྱེན་དངོས་དེ་ནི་ངའི་བསམ་ཚུལ་ལྟར་ན་ནམ་རྒྱུན་ང་ཚོས་རྒྱུན་སྲོལ་ལྟར་སོ་སོའི་མཐོང་ལམ་ནས་སྣང་མེད་དུ་བཏང་བ་རེད། ཨེ་ཐེན་གྱི་སྟོབས་ཤུགས་འཕེལ་རྒྱས་དང་དེས་ཉེན་བརྡ་ཡིས་སེ་ཕེར་ཊར་བློ་སྟོབས་སྤྲད་པར་བརྟེན་འགོག་ཐུབ་མེད་པའི་དམག་འཁྲུག་དེ་བྱུང་བ་རེད)་ཟེར།
རྒྱ་ནག་ལ་ག་རེ་དགོས་ཀྱི་ཡོད་པ་དམ།
གལ་སྲིད་ངས་རྒྱ་ནག་གི་འགྲན་རྩོད་ལ་དངོས་འབྲེལ་ངེས་པར་དུ་དོ་གལ་ཆེན་པོ་བྱེད་དགོས་སྐོར་མཐར་བསྐྱལ་བ་ཡིན་ན། དེ་ལ་གནད་འགག་ཆེ་བའི་དྲི་བ་གཉིས་སླེབས་ཀྱི་ཡོད། རྒྱ་ནག་ལ་སྟོབས་ཤུགས་དང་གོ་བབ་གང་འདྲ་ཞིག་དགོས་ཀྱི་ཡོད་དམ། སྟོབས་ཤུགས་ཐོབ་ཆེད་ཁོ་ཚོས་ག་རེ་བྱེད་ཀྱི་རེད་དམ་ཟེར་བ་འདི་གཉིས་ཡིན། ཆེས་མུན་ནག་གི་གནས་སྟངས་འབྱུང་སྲིད་པ་ནི་
སི་ཏ་ལིན་ཕྱི་ལོ་༡༩༤༥་རྗེས་སུ་ཡོ་རོབ་ཤར་མའི་ལག་བསྟར་བྱས་པ་ལྟར་པེ་ཅིང་གཞུང་དེ་དམག་དཔུང་རྒྱབ་རྟེན་གྱིས་ཨེ་ཤི་ཡ་ཁྱོན་ཡོངས་ལ་སྟངས་འཛིན་བྱེད་པའི་སྲིད་གཞུང་གདུག་རྩུབ་ཅན་ཞིག་ཏུ་འགྱུར་རྒྱུ་དེ་རེད། རྒྱ་ནག་དམར་ཕྱོགས་གཞུང་གི་ཆབ་སྲིད་ལམ་ལུགས་ལྟར་ན་ཁོ་ཚོའི་ཐབས་ཇུས་ཀྱི་དམིགས་ཡུལ་སི་ཏ་ལིན་གྱི་རྗེས་སུ་འབྲངས་རྒྱུ་ལས་སླ་བོ་ཡིན། རྒྱ་ནག་ནང་མི་ཁ་ཤས་ཀྱིས་སོ་སོ་རྒྱལ་ཁབ་ལ་འདི་འདྲའི་དབང་ལུང་སྒྱུར་བའི་སྟོབས་ཤུགས་ཡོད་པར་འདོད་པ་ལ་ཡ་མཚར་དགོས་དོན་མེད་ལ། དེ་འདྲ་མི་འབོར་གཅིག་བྱས་ན་མང་དུ་འགྲོ་སྲིད། རྒྱ་ནག་ལ་སྟོབས་ཤུགས་ག་ཚོད་ཆེ་བ་དེ་ཙམ་གྱིས་རྒྱ་ནག་ལ་སོ་སོའི་ཁྱིམ་མཚེས་རྒྱལ་ཁབ་དབང་འོག་ཏུ་འཇུག་ཐབས་བྱེད་པའི་འདུན་པ་ཆེ་རུ་འགྲོ་གི་རེད། དེ་ལ་ཉེན་ཟོན་བྱེད་རྒྱུ་ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་ཨེ་ཤི་ཡའི་མ་འོངས་པར་འབྲེལ་ཡོད་ཁེ་ཕན་ཡོད་པའི་རྒྱལ་ཁབ་རྣམས་ཀྱི་ངེས་པར་དུ་སེམས་ཁུར་བྱེད་དགོས་ས་གཙོ་བོ་དེ་ཡིན།
དེ་ལ་ན་ང་ཚོས་ཉེན་ཁ་འདི་ངེས་པར་དུ་ངོས་ཟིན་དགོས་པ་མཉམ་དུ་ང་ཚོས་ངེས་པར་དུ་འུར་འདྲོག་བྱེད་མི་རུང་། རྒྱ་ནག་འཕེལ་རྒྱས་ལ་འགྲོ་རྒྱུ་ཡིན་ན་ཡང་རྒྱ་ནག་དེ་སི་ཏ་ལིན་བྱེད་སྟངས་ལྟར་ཨེ་ཤི་ཡ་དབང་བསྒྱུར་བྱེད་པའི་སྟོབས་ཤུགས་འདང་ངེས་ཡོང་བའི་གོ་སྐབས་དེ་ཙམ་ཆེན་པོ་མིན། དེ་ན་སྟོབས་ལྡན་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་ལམ་ཁའི་བཀག་རྡོར་གྱུར་ཡོད། མངོན་གསལ་ཆེ་ཤོས་དང་འཕྲལ་མ་ཉིད་དུ་ཁོ་ཚོས་ཨ་མེ་རི་ཀར་གདོད་གཏད་དགོས། འཇར་པན་ལ་མཚོན་ན་ཡང་ཁོ་ཚོར་དཀའ་ངལ་མང་པོ་ཡོད་ཀྱང་། མ་འོངས་ལོ་བཅུ་ཕྲག་མང་པོའི་རིང་མུ་མཐུད་དཔལ་འབྱོར་ཆེན་པོ་དང་འཕྲུལ་རིག་ལག་རྩལ་ཅན་དང་ལྡན་པའི་ཐབས་ཇུས་ནུས་པ་ཅན་རྒྱལ་ཁབ་ཞིག་ཏུ་གནས་རྒྱུ་དང་། རྒྱ་གར་ལ་མཚོན་ན་ཁོ་ཚོའི་ཕུགས་བསམ་འགྲུབ་པར་དུས་རབས་འདིའི་དཀྱིལ་དུ་མ་སླེབས་གོང་རྒྱ་ནག་སྟོབས་ལ་འགྲན་རྩོད་བྱེད་ངེས་ཡིན། མཐའ་མཇུག ར་ཤི་ཡ་ལ་མཚོན་ན་དཔལ་འབྱོར་ཐོག་རྒྱ་ནག་དང་བསྡུར་ཐབས་མེད་པ་དང་། ཨེ་ཤི་ཡའི་སྒྲིག་འཛུགས་ནང་འཁྲབ་སྟོན་པ་གཙོ་བོ་བྱེད་པའི་ངེས་པ་མེད་ཀྱང་། འགྲན་ཟླ་བྲལ་བའི་དམག་དཔུང་ཅན་གྱི་ཁྱིམ་མཚེས་ཞིག་ཡིན་པས་རྒྱ་ནག་གིས་དུས་རྒྱུན་ངེས་པར་གཟབ་གཟབ་བྱེད་དགོས་ས་ཞིག་ཡིན།
པེ་ཅིང་ནས་སྟོབས་ཤུགས་དེ་འདྲ་གཅིག་གམ་གཉིས། ཡང་ན་ཚང་མས་འགོག་རྒོལ་ལ་ཁ་གཏད་དུ་ལངས་ཏེ་ཨེ་ཤི་ལ་དབང་བསྒྱུར་བྱེད་རྒྱུ་ནི་དོན་དམ་པར་ཡོང་མི་སྲིད་ལྟ་བུ་རེད། རྒྱ་ནག་ལ་ད་དུང་སྟོབས་ཤུགས་འབྲིང་ཙམ་གྱི་རྒྱལ་ཁབ་ཁ་ཤས་ནས་འགོག་རྒོལ་བྱེད་ཀྱི་ཡོད། དམིགས་བསལ་གྱིས་ལྷོ་ཀོ་རི་ཡ་དང་། ཝེ་ནེམ། ཨིན་ཌི་ནེའུ་ཞི་ཡ་བཅས་ཀྱིས་སྟོབས་ལྡན་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱིས་རྒྱ་ནག་གིས་ཨེ་ཤི་ཡའི་ནང་འགོ་ཁྲིད་བྱེད་པར་ཁ་གཏད་གཅོག་གི་རེད། དེ་འདྲའི་འགལ་ཟླ་མང་པོ་ཞིག་ལ་ཁ་གཏད་གཅོག་པར་རྒྱ་ནག་གིས་སོ་སོའི་ཨེ་ཤི་ཡའི་འགོ་གཙོ་བྱེད་རྒྱུ་ལས་ལྡོག་སྟེ་ཁ་ཕྱེ་ཡོད་པའི་འདམ་དོང་ནང་ལྷུང་གི་རེད། དེ་ཡང་མཐའ་དོན་རྒྱལ་ཁ་མེད་པའི་འཐབ་རྩོད་ནང་སྐྱོ་བོ་འགྱུར་བ་དང་། སྡུག་ས་ནས་བཤད་ན་བསམ་ཡུལ་ལས་འདས་པའི་རྐྱེན་ངན་གྱི་དམག་འཁྲུག་ནང་ཧོབ་མཆོངས་རྒྱག་གི་རེད། ད་ལྟའི་བར་དུ་འདི་དག་རྒྱ་ནག་གི་ཕྱོགས་ནས་ཤེས་རྟོགས་ཡག་པོ་བྱུང་ཡོད། རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་གྱི་ལ་ཡིད་ཆེས་ཡོད་པ་ཐེ་ཚོམ་མེད་པར་འགྲེལ་བཤད་རྒྱག་ཐུབ་པ་ནི། རྒྱ་ནག་དེ་སི་ཏ་ལིན་གྱི་རྐང་རྗེས་སུ་འགྲོ་གི་ཡོད་པའི་རྟགས་མཚན་མཐོང་རྒྱུ་མེད་པས་སོ།།
འདིས་རྒྱ་ནག་ལ་ཨེ་ཤི་ཡའི་འགོ་ཁྲིད་རྒྱུའི་དམིགས་ཡུལ་མེད་པ་མཚོན་གྱི་མེད། དེའི་དོན་ནི་ཁོ་ཚོས་སི་ཏ་ལིན་གྱི་འགོ་ཁྲིད་ལ་མིག་དཔེ་བལྟ་གི་མེད་པ་དེ་རེད། ཞི་བདེ་རྒྱ་མཚོའི་ཕ་རོལ་དུ་ཕྱི་ལོ་༡༨༢༣་ནས་བཟུང་ཨ་རིའི་འགོ་གཙོའི་གོ་བབ་ལ་འགྲན་ཟླ་བྱེད་མཁན་བྱུང་མྱོང་མེད་པའི་ནུབ་གོ་ལ་ཕྱེད་ཀ་དེ་མ་དཔེ་ཡག་པོ་བལྟ་ས་ཡོད།མོ་རེའོ་རིང་ལུགས་ཀྱི་འོག་ཨ་མེ་རི་ཀས་སོ་སོའི་མངོན་འདོད་གཙོ་བོ་ཁག་ལ་སྲུང་སྐྱོབ་བྱས་པ་མ་ཟད། འགོ་གཙོའི་གནས་བབས་རྒྱུན་འཛིན་ཆེད་འགྲོ་གྲོན་ཕོན་ཆེན་པོ་གཏོང་མ་དགོས་པར་འགྲན་རྩོད་ཁག་བཀག་འགོག་དང་བདེ་འཇགས་ཀྱི་ཉེན་ཁ་ཆུང་རུ་བཏང་ཡོད། ཨ་རིའི་ཞི་འཇམ་རྣམ་པ་ཅན་གྱི་འགོ་ཁྲིད་དེས་མངའ་ཁུལ་དབང་བསྒྱུར་འགྲོ་སོང་ཉུང་ཉུང་ཐོག་བཙན་འཛུལ་ཆེན་པོ་དང་ཡང་ན་དམག་དཔུང་གིས་ཡུན་རིང་བདག་བཟུང་བྱེད་མ་དགོས་པའི་ཁེ་ཕན་བྱུང་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོས་མཚམས་རེར་ཁོང་ཚོ་འགོ་ཁྲིད་བྱེད་འདོད་ཀྱི་འདུན་པ་གསལ་སྟོན་བྱེད་ཀྱི་ཡོད་ན་ཡང་། འདི་ནི་ཡིད་འཕྲོག་ནུས་པའི་མ་དཔེ་ཡིན་ངེས། ཨེ་ཤི་ཡའི་ནང་ཁོ་ཚོ་སོ་སོའི་(མོན་རེའོ་རིང་ལུགས་Monroe Doctrine)གིས་རྒྱ་ནག་ལ་རེ་དོགས་བྲལ་བའི་འགོ་ཁྲིད་ཀྱི་གོ་བབ་དང་བདེ་འཇགས་ཡོང་མ་ཟད། གོང་མའི་ཕོ་བྲང་ནས་འབུལ་ཚན་སྤྲོད་པའི་ལུགས་སྲོལ་ལས་ཀྱང་རིན་གོང་ཆུང་གི་རེད། དེ་ལྟར་བྱས་ན་ནུབ་གོ་ལ་ཕྱེད་ཀའི་ནང་མོན་རེའོ་རིང་ལུགས་Monroe་རྒྱ་ཁྱབ་དུ་སྤེལ་བ་ལྟར་འགྲན་ཟླ་བྲལ་བའི་ཨ་རིའི་འགོ་གཙོ་དུས་རབས་རྫོགས་པ་དང་རྒྱ་ནག་གོང་མའི་ལམ་ལུགས་དེ་མུ་མཐུད་རིམ་བཞིན་འཕེལ་གྱི་ཡོད་པའི་ཚོར་བ་ཡོང་གི་རེད།
འོན་ཀྱང་། ཁོ་ཚོས་དེ་ལྟར་སྒྲུབ་ཐུབ་ཀྱི་རེད་དམ། གདུག་རྩུབ་ཅན་གྱི་གཙོ་སྐྱོང་ཞིག་མིན་པར་བརྟན་པོ་དང་བྱམས་བརྩེ་ལྡན་བའི་སྤུན་གྲོགས་རྒན་པ་ཞིག་དང་འདྲ་བར། པེ་ཅིང་གིས་ཨེ་ཤི་ཡ་མངའ་ཁུལ་ཡོངས་ནས་རྒྱ་ནག་ངོས་འཛིན་ཡོང་བའི་ཁས་ལེན་བྱེད་འཇུག་ཐུབ་བམ། འདི་ནི་རྒྱ་ནག་གི་རྒྱལ་སྲིད་སྐྱོང་མཁན་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། དྲག་རྩུབ་ཀྱི་དམག་གིས་ཨེ་ཤི་ཡ་དབང་སྒྱུར་བྱེད་པར་སྟོབས་ཤུགས་ཀྱིས་མི་འདང་པས། ཁོ་ཚོས་ནན་སྐུལ་དང་གནོན་ཤུགས་མཉམ་སྡེབ་ཀྱི་སྤྱང་གྲུང་ལྡན་པའི་སྒོ་ནས་མངའ་ཁུལ་ལ་འགོ་གཙོའི་གནས་བབ་འཛིན་ཐུབ་ཀྱི་རེད་དམ། འདི་ནི་ཞི་འཇམ་གྱི་སྟོབས་ཤུགས་དོན་དངོས་ཐོག་དགོས་པའི་དུས་ཚོད་ཅིག་རེད། ཨ་མེ་རེ་ཀའི་འགོ་གཙོའི་གནས་བབ་ལ་འགྲན་རྩོད་བྱེད་མཁན་མེད་པར་སྤྲོ་བོའི་ངང་སྡོད་ཐུབ་པའི་རྒྱུ་མཚན་ནི། ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཀྱིས་ཁོ་ཚོས་སོ་སོའི་མངོན་འདོད་གཙོ་བོའི་ཐོག་ཨ་རིས་སྟོབས་ཤུགས་ལོག་པར་བེད་སྤྱོད་ཀྱི་ཁྲིམས་ལུགས་མི་བཤིག་པའི་ཡིད་ཆེས་ཡོད་པ་དེ་རེད། རྒྱ་ནག་གིས་ཀྱང་འདས་པའི་མི་ལོ་བཅུ་ཕྲག་ཙམ་གྱི་རིང་ཡིད་ཆེས་དེ་འདྲ་ཞིག་གསོ་སྐྱོང་ཆེད་ལས་ཀ་མང་པོ་བྱས་ཡོད། འོན་ཀྱང་། ཁོ་ཚོ་དེའི་ཐོག་གྲུབ་འབྲས་ཆ་ཚང་ཞིག་ཐོབ་མེད། སྤྱིར་བཏང་ཨེ་ཤི་ཡའི་ནང་རྒྱ་ནག་ལ་དགའ་མོས་དང་བརྩི་བཀུར་ཅུང་ཟད་ཡོད་པ་དང་དུས་མཚུངས་སེམས་གཏིང་གི་དོགས་པ་མུ་མཐུད་གནས་ཡོད་པས། རྒྱ་ནག་གིས་བཙན་དབང་གིས་སོ་སོ་འགོ་ཁྲིད་བྱེད་འདོད་ཀྱི་འདུན་པ་མཐར་སྐྱེལ་བྱས་པ་དེ་ཙམ་གྱིས་རྒྱལ་ཁབ་རྣམས་ཡིད་ཆེས་བྱེད་འདོད་མེད་པ་ཆགས་ཀྱི་ཡོད། འདི་ནི་རྟག་པར་དངངས་འཚབ་སྐྱེས་གཞི་ཞིག་སྟེ་རྒྱ་ནག་འགོ་ཁྲིད་ཞི་འཇམ་(མོན་རེའོ་རིང་ལུགས་Monroe Doctrine)་ནས་སི་ཏ་ལེན་རིང་ལུགས་ཀྱི་བཙན་ཤུད་ཀྱི་ལམ་ཁར་ཤུད་འགྲོས་ཐེབས་སྲིད།
དེ་འདྲའི་དངངས་འཚབ་ནི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་ཤུགས་ཆེན་པོ་ཡོད་པས་རྒྱ་ནག་གིས་སོ་སོ་དམིགས་ཡུལ་བཟང་པོ་ཡོད་པ་ར་སྤྲོད་དམ་ཡིད་ཆེས་སུ་འཇུག་དགོས། འཇར་པན་ལ་མཚོན་ན། རྒྱ་ནག་གིས་འཇར་པན་ལ་གནས་བབ་གསར་བ་དེ་ཁས་ལེན་ཡོང་བ་མ་བྱས་པར་དུ་པེ་ཅིང་ནས་ཨེ་ཤི་ཡའི་འགོ་གཙོ་བྱེད་པ་དེ་འགྲོ་སོང་ཆེན་པོ་ཡིན་པ་སྨོས་ཙམ་མ་ཟད། གཅིག་བྱས་ན་དེ་འདྲ་ཡོང་མི་སྲིད་པ་རེད། འོན་ཀྱང་། པེ་ཅིང་གིས་འཇར་པན་གྱི་མ་འོངས་ཆེད་བློ་དོགས་སེལ་བར་ཕྱག་ལས་དེ་ཙམ་གནང་མེད།
ཡང་དེ་ན་ཨ་མེ་རི་ཀ་ཡོད། རྒྱ་ནག་གིས་ཨེ་ཤི་འགོ་ཁྲིད་བྱེད་པར་ཨ་མེ་རི་ཀ་ལ་རྩེད་ཐང་འདི་སྟོང་བ་བཟོ་རྒྱུ་ཁས་ལེན་དུ་འཇུག་ཐུབ་དགོས། རྒྱ་ནག་དེ་སྟོབས་ཤུགས་རྒྱས་ནས་ཨེ་ཤི་ཡའི་ནང་གི་ཨ་རིའི་འགོ་གཙོའི་གནས་བབ་ལ་འགོག་རྐྱེན་སྤྲོད་ང་ཚོས་མཐོང་ཐུབ། འོན་ཀྱང་། ཁོ་ཚོས་རང་ངོས་ནས་ཨ་རིའི་རྟེན་ཁ་གཏད་བཅག་ནས་ཨེ་ཤིའི་ནང་སོ་སོ་གཅིག་པོ་འགོ་གཙོ་བྱེད་པར་ཞི་དྲག་གང་རུང་གི་སྟོབས་ཤུགས་འདང་ངེས་མེད། སྟོབས་ཤུགས་འབྲིང་རིམ་ཡིན་པའི་རྒྱལ་ཁབ་ཁག་གི་ཐེ་ཚོམ་དང་སྟོབས་ལྡན་རྒྱལ་ཁབ་ཁག་གི་འགྲན་རྩོད་ལ་བསམ་གཞིག་བྱས་ན། རྒྱ་ནག་གིས་འགོ་ཁྲིད་ཆ་ཚང་ཡོང་ཐུབ་བྱས་མ་ཐག་གྱོང་གུན་བསམ་ཡུལ་ལས་འདས་པ་དང་ཉེན་ཁ་ཆེན་པོ་ཡོད་པའི་མངའ་ཁུལ་གྱི་འགོ་གཙོ་ཐོག་རྩོད་གླེང་གི་འཐབ་རྩོད་དང་ལྷུང་གི་རེད། འདིས་རྒྱ་ནག་ཅི་བྱ་གཏོལ་མེད་ཀྱི་གནས་སུ་བསྐྱལ་ཡོང་། ཁོ་ཚོས་ད་ལྟ་ཨ་རིའི་འགོ་གཙོ་གཤམ་འོག་ཏུ་ཡིན་པའི་ཁས་ལེན་བྱེད་པར་སྟོབས་ཤུགས་ཆེ་དྲགས་ཡོད་ཀྱང་། སོ་སོ་ཨེ་ཤི་ཡའི་འགོ་ཁྲིད་བྱེད་པར་སྟོབས་ཤུགས་འདང་ངེས་ད་དུང་མེད།
དེ་བས་འདི་དག་ཡོད་ཚད་རྒྱ་ནག་གི་འགོ་ཁྲིད་ཀྱིས་གཟིགས་ཚུལ་ལ་རག་ལས་ཡོད་པ་དང་། ལྷག་པར་དུ་ཁོ་ཚོས་མི་མང་གི་བློ་འགུག་ཐུབ་མིན་ལ་རག་ལས་ཡོད། འདྲ་མཉམ་ངང་ཨེ་ཤི་ཡའི་འགོ་ཁྲིད་འདྲ་མཉམ་བྱེད་པར་མོས་མཐུན་ཡོད་པར་ང་ཚོར་གདེང་ཚོད་མེད་ལ་ཁོ་ཚོས་དེ་འདྲ་མི་བྱེད་པའི་གདེང་ཚོད་ཀྱང་མེད། དེ་འདྲ་ཡོང་བར་ཁོ་ཚོས་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་པས་ངོས་ནས་གོ་བབ་དམའ་བོ་ཞིག་ཁས་ལེན་བྱེད་དགོས་ཀྱི་ཡོད། སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ན་རྒྱལ་སྤྱིའི་འགྲོ་སྟངས་ལ་ཤུགས་རྐྱེན་སླེབས་ཐུབ་པ་ཞིག་དང་སོ་སོར་ཁེ་ཕན་དང་འཚམ་པ་དགོས་ཀྱི་ཡོད། དེ་ཡོང་པར་འགྲོ་སྟངས་དེའི་བཟོ་ལྟ་ལ་སྟངས་འཛིན་བྱས་མ་འགྲིག་གི་མེད། འོན་ཀྱང་། ཁོ་ཚོའི་འདོད་ཚུལ་རྣམས་ལ་ཉན་འཇོག་བྱེད་དགོས་ཀྱི་ཡོད་པས་སྟོབས་ཤུགས་གང་རུང་གིས་དེ་ལ་སྟངས་འཛིན་གཏོང་མི་ཐུབ། དེ་བས་སྟོབས་ལྡན་རྒྱལ་ཁབ་ཞིག་ཡིན་ན་སྒྲིག་འཛུགས་ནང་སྟོབས་ཤུགས་འདྲ་མཉམ་ཡིན་པ་གཅིག་གམ་མང་པོ་ཡོད་པ་དང་། དེ་ཡང་ཁོ་ཚོ་སྟོབས་ལྡན་རྒྱལ་ཁབ་ཡིན་པ་ལས་ནམ་ཡང་རང་ཉིད་ལས་ལྷག་པ་ཞིག་མིན་པའི་ངོས་འཛིན་ཡོད་དགོས། ཡོ་རོབ་རྒྱལ་ཁབ་ཁག་གི་ལམ་ལུགས་ནང་སྟོབས་ལྡན་རྒྱལ་ཁབ་ཁ་ཤས་ཡོད་ཀྱང་རྒྱ་ནག་གོང་མ་དར་རྒྱས་སྐབས་དེར་སོ་སོ་ལས་ལྷག་པའི་རྒྱལ་ཁབ་ཅིག་ཨེ་ཤི་ཡའི་ནང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མོན་རེའོ་རིང་ལུགས་ཀྱི་Monroe Doctrine་ཨ་མེ་རི་ཀའི་ཀྱང་ནུབ་གོ་ལ་ཕྱེད་ཀྱི་ནང་རང་ཉིད་ལས་ལྷག་པའི་སྟོབས་ལྡན་རྒྱལ་ཁབ་ཁབ་ངོས་འཛིན་བྱས་མེད།
ཕྱི་ལོ་༡༩༧༢་ལོར་རྒྱ་ནག་གིས་ཁུ་སིམ་པོའི་ངང་རང་ཉིད་ཨེ་ཤི་ཡའི་ནང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་གཡུག་ཡོད། དེ་རིང་གི་རྒྱ་ནག་ནི་རང་ཉིད་ཀྱི་ཐོབ་ཐབ་རྩོད་ལེན་བྱེད་པར་སྟོབས་ཤུགས་རྒྱས་ཡོད་པ་མ་ཟད། རྒྱ་ནག་ལ་མཚོན་ན་དེ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པས་གལ་སྲིད་དགོས་མཁོ་བྱུང་ན་དེའི་ཆེད་འཐབ་རྩོད་བྱེད་ཀྱི་རེད།
གསལ་བཤད།
གཞི་འཛིན་སའི་མ་དཔེ། The China Choice
ལེའུ་གསུམ་པར་དག་བཅོས་གནང་མཁན་རྒན་ངག་རྡོར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།
ལེའུ་དང་པོ་དང་གཉིས་པར་གཟིགས་འདོད་པ་རྣམས་ཀྱིས་སྒེར་གྱི་ཟིན་བྲིས་་https://khabanagbo.com་ནས་གཟིགས་ཐུབ།
༄༅། དངོས་གནས་ཡག་པོ་བྲིས་གནང་འདུག་ དུས་ཚོད་མང་པོ་བཏང་འདུག་
ཐུགས་རྗེ་ཆེ།རིང་དྲག་ནས་ཚང་མ་ཀློག་ཐུབ་མ་སོང་། དགུང་སེང་སྐབས་སུ་ཀློག་གི་ཡིན།