དགེ་འདུན་བསྟན་འཛིན།
སྔོན་འདས་པའི་དུས་སུ། གངས་རིའི་ལྗོངས་ཀྱི་ཡུལ་ག་གེ་མོ་ཞིག་ཏུ། མཚན་ལ་དཔལ་ལྡན་བཟང་པོ་ཞུ་བའི་བླ་མ་ཞིག་བཞུགས། ཁོང་ལ་དད་པ་བྱེད་པའི་མི་མང་པོ་ཡོད་ཀྱང་། རྒྱུན་དུ་འགྲོགས་པའི་འཁོར་ནི་སློབ་བུ་བཞི་ལས་མེད་དོ།།
སློབ་བུ་རྣམས་ཀྱིས་ཕན་ཚུན་ལ་འདི་སྐད་ཅེས་བརྗོད་དེ། འུ་ཅག་གི་བླ་མ་འདི་བླ་མ་ཁྱད་པར་བ་ཞིག་ཡིན་པས། ཁོང་ལ་གསོལ་འདེབས་ཚིགས་སུ་བཅད་པ་གཅིག་ཀྱང་མེད་པ་འདི་མི་ལེགས་སོ། །ཞེས་ཉུང་མཐར་ཡང་གསོལ་འདེབས་ཤོ་ལོ་ཀ་གཅིག་དགོས་པ་ལ་ཚང་མ་བློ་ཁ་མཐུན་པར་གྱུར། ཡིན་ནའང་། སུས་བརྩམ། ཇི་ལྟར་བརྩམ་སོགས་ཡང་ཡང་གླེང་བའི་མཐར། གཅིག་གིས། འུ་ཅག་མི་རེས་ཚིག་རེ་བརྩམས་ན་ཤོ་ལོ་ཀ་གཅིག་ལོངས་པས་དེ་ལྟར་བྱ་ཞེས་བརྗོད་པ་ན། ཚང་མས། དེ་ག་རང་བྱེད་དོ་ཞེས་བརྗོད་དོ།།
ཚིག་རྐང་དང་པོ་སུས་རྩོམ་པའི་ཐད་ལ། རྒན་རིམ་ནས་འགོ་འཛུགས་རྒྱུའི་ཐག་བཅད་ཅིང་། སློབ་བུ་རྒན་པ་དེས་བླ་མའི་ཞབས་ཀྱི་མཐེ་བོང་ནས་དབུའི་སྤྱི་གཙུག་བར་དུ་ཡན་ལག་དང་ཉིང་ལག་རེ་རེ་བྱས་ནས་ཡིད་ལ་དྲན་པར་བྱས་ཏེ། དེ་དག་དང་འདྲ་ཆོས་བསྒྲིག་རྒྱུ་གང་ཞིག་ཡོད་བལྟས་པའི་ཚེ། གློ་བུར་དུ་ཁ་ནས། དཔལ་ལྡན་བླ་མ་གཏོར་མ་ཟུར་གསུམ་པོ།། ཞེས་ཐོགས་པ་མེད་པར་ཤོར། དེ་ནི་ཁོས་བླ་མའི་དབུ་འཇོང་འཇོང་དེ་ཡིད་ལ་དྲན་ནས། དེ་དང་དཔེ་དོན་སྦྱར་ཆོག་པ་གང་ཞིག་འདུག་སེམས་བཞིན་པའི་སྐབས་སུ། གློ་བུར་དུ་གཏོར་མ་ཆེན་པོ་ཞིག་ཡིད་ལ་ཤར་བས། ཚིག་དེ་རྩོམ་མ་དགོས་པར་ཆུ་ལོག་ནང་བཞིན་བརྡོལ་ནས་བྱུང་བ་རེད། དེ་ནས། ཁོས་ཚིག་ཕྱི་མ་རྣམས་ཀྱི་ནང་དུའང་། བླ་མའི་མཚན་གྱི་ཆ་ཤས་རེ་ངེས་པར་ཡོད་དགོས་པའི་སྐུལ་མ་བྱས་སོ།།
ཚིག་རྐང་དང་པོ་དེས་སློབ་མ་ཆེ་འབྲིང་གི་བློ་སྒོ་ཕྱེས་ཏེ། ཆེ་འབྲིང་གིས་ཚིག་རྐང་གཉིས་པ་དཀའ་ངལ་མེད་པར་བྲིས་པ་འདི་ལྟར། ལྡན་(གདན་)ཐོག་ཉི་མས་དྲོས་ཚེ་འོད་ཀྱུག་ཀྱུག། ཅེས་དགུན་ཁ་ཉི་མ་དྲོ་བའི་ཚེ། བླ་མ་གདན་ཐོག་ཏུ་བཞུགས་ནས་ཉི་མ་བསྲོ་བའི་ངང་ཚུལ་དེ་ཐོགས་པ་མེད་པར་བྲིས་སོ།།
ཆུང་འབྲིང་གིས་བསམ་བློ་ཞིབ་ཙམ་བཏང་བ་ན། བླ་མ་སྐབས་སྐབས་ལ་མཆོད་རྟེན་ལ་ཞབས་སྐོར་ལ་ཕེབས་པ་དེ་དྲན་ནས། སྐུ་ཁམས་བཟང་དུས་སྐོར་བ་རེ་གཉིས་འགྲོ།། ཞེས་བྲིས་ཤིང་། གསོལ་འདེབས་རྩོམ་རྒྱུ་ནི་འདི་འདྲའི་ལས་སླ་བོ་ཞིག་ཡིན་པ་ད་གིན་ནས་ཤེས་ཡོད་ན། ཤོ་ལོ་ཀ་གང་ཚང་ང་རང་གིས་བྲིས་བཞག་ན་ཏག་ཏག་ཡིན་སྙམ་བཞིན། ཤོག་གུ་དང་སྙུ་གུ་སྤོབས་ཉམས་ཆེན་པོས་སློབ་མ་ཐ་ཆུང་ལ་བསྟབས་སོ།།
ཐ་ཆུང་དེ་ནི་སློབ་བུ་གསར་བ་ཞིག་ཡིན་པས། བསམ་བློ་ཇི་ལྟར་བཏང་ཡང་སེམས་ལ་ཅི་ཡང་མ་དྲན།
དཔལ་ལྡན་བླ་མ་གཏོར་མ་ཟུར་གསུམ་པོ།།
ལྡན་(གདན་)ཐོག་ཉི་མས་དྲོས་ཚེ་འོད་ཀྱུག་ཀྱུག།
སྐུ་ཁམས་བཟང་དུས་སྐོར་བ་རེ་གཉིས་འགྲོ།།
ཁོས་དགེ་ཕྲུག་རྒན་པ་གསུམ་གྱི་རྩོམ་སྡེབ་གཅིག་ལ་ལན་འགར་ངག་སྐྱོར་བྱས་དུས། བླ་མའི་མཚན་གྱི་ཆ་ཤས་རེ་སྐབས་རེར་ཚིག་གི་འགོར་ཡོད་ཅིང་། སྐབས་རེར་དཀྱིལ་ན་ཡོད་པ་ལ་དོ་སྣང་བྱུང་བས། དེ་འདྲའི་དཀའ་ལས་ཁག་པོ་ཞིག་ལྟ་རེད་མི་འདུག་ཨང་སྙམ་བཞིན་འོལ་ཚོད་ཀྱིས། བླ་མ་པོ་ཡི་ཞབས་ལ་གསོལ་བ་འདེབས།། ཞེས་བྲིས་པ་ན་ཤོ་ལོ་ཀ་གཅིག་ཚེགས་མེད་དུ་གྲུབ་པ་སྟེ།
དཔལ་ལྡན་བླ་མ་གཏོར་མ་ཟུར་གསུམ་པོ།།
ལྡན་(གདན་)ཐོག་ཉི་མས་དྲོས་ཚེ་འོད་ཀྱུག་ཀྱུག།
སྐུ་ཁམས་བཟང་དུས་སྐོར་བ་རེ་གཉིས་འགྲོ།།
བླ་མ་པོ་ཡི་ཞབས་ལ་གསོལ་བ་འདེབས།།
ཞེས་སོ།། དེ་ནས་བཟུང་ཁོ་ཚོས་ཞབས་བརྟན་གསོལ་འདེབས་དེ་ཁ་འདོན་ཆག་མེད་དུ་བྱས་སོ།།
དུང་སེམས་གསེར་གྱི་མེ་ཏོག་དེ། ཡིད་ཀྱི་གཏིང་ན་འཛུལ་ནས་ཡོད།
ཁྱེད་དང་ང་ཡི་སྙིང་གཏམ་ནི་། བྲིས་པའི་རི་མོ་ཆ་གཅིག་ཡིན།
ཞལ་རས་དངུལ་གྱི་ཟླ་བ་དེ། རྨི་ལམ་ནང་ན་ཚེས་ནས་ཡོད།
ཁྱེད་དང་ང་ཡི་བར་ཐག་ནི། ལུས་ཀྱི་དྲི་མ་ཆ་གཅིག་ཡིན།