མཁན་པོ་ཚུལ་རྣམ་ནས་ཟིན་བྲིས་སུ་ཕབ།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ཉིན་ཕྱེད་གསུམ་གྱི་རིང་ནུབ་གླིང་ནས་ངས་མཇལ་ཚུལ་དེ་གླེང་རྒྱུ་ཡིན། དེ་ཡང་ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་དག་མ་ཡིན་པར་དུས་ཚོད་དམ་འཛིན་དང་སྐུ་ངལ་སྐྱོན་སྟངས་ཐད་ནས་ཡིན། སྤྱི་ཚེས་ཉེར་དྲུག་ཕྱི་དྲོའི་ཆ་ལ་ཁེ་ན་ཏར་ཕེབས། སྐུ་ངལ་གསོ་བའི་དུས་ཚོད་མེད་པར་དེའི་དགོང་མོ་ནས་གསུང་ཆོས་དབུ་ཚུགས། ཕྱི་ཉིན་ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ནས་དོན་གཉེར་བ་ལྔ་བརྒྱ་ཡར་མར་ལ་བསྙེན་གནས་ཀྱི་སྡོམ་ལུང་དང་སྲུང་བྱ་རྣམས་ཞིབ་ཁྲིད་མཛད། ཉིན་དགུང་རྒྱབ་ཁེ་ན་ཏར་བཞུགས་པའི་བོད་ཀྱི་དགེ་འདུན་པ་རྣམས་དང་ལྷན་ཆོས་བརྒྱུད་མཐུན་ལམ་དང་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་མཛད། ཆོས་ཚོགས་དང་དགོན་སྡེ་དགེ་འདུན་པ་སུ་ཡིན་ཀྱང་ཕྱི་ཡི་བསྟན་པ་གཙོ་བོར་མི་བཟུང་བར་ནང་གི་བསྟན་པ་ཆོས་འཆད་ཉན་དང་ཉམས་ལེན་གལ་ཆེན་བྱེད་རྒྱུ་དང་། སྤྱིར་ངེད་ཚོ་ལ་དཔལ་འབྱོར་མཁོ་ཡང་ཆོས་ནི་དཔལ་འབྱོར་འདུ་འགོད་དང་ཚོང་ལས་ཀྱི་ལག་ཆ་གཙོ་བོ་བྱེད་མི་ཉན། གལ་སྲིད་མིའི་སེམས་རྒྱུད་ཀྱི་དད་སེམས་བརླགས་པ་ཡིན་ན་བསྟན་པ་ངོ་མ་བཤིག་པ་རེད་གསུངས། བགྲོ་གླེང་གྲོལ་མ་ཐག་ཨེ་ཛིའི་ནད་པ་དང་ཨེ་ཛིའི་ནད་པ་ལ་ཞབས་ཞུ་བ་གྲགས་ཅན་གཉིས་དང་ཐུག་ནས་ནད་སྔོན་འགོག་དང་ནད་པ་གསོ་སྐྱོང་སྐོར་ཉམས་མྱོང་བརྗེ་རེས་གནང་། ང་ཡི་སེམས་ནང་གལ་སྲིད་ཁོང་གིས་བོད་ནང་ཨེ་ཛི་སྔོན་འགོག་གི་ལས་གཞི་དེ་གནང་མེད་ན་ད་ལྟ་བོད་ཁུལ་གྱི་ཞིང་འབྲོག་དང་གྲོང་ཁྱེར་ཁག་ནང་ཅི་འདྲའི་འཇིགས་སྣང་ཅན་ཞིག་ལ་འགྱུར་མེད་ན་སྙམ་པའི་སྐྲག་སྣང་ཡེ་རེ་བ་ཡང་ཡོང་གི་འདུག ད་དུང་ཁོང་གིས་བོད་ནང་འཕྲོད་བསྟེན། གཙང་སྦྲ། ཁོར་སྲུང་། སྐད་ཡིག ནང་ཆོས། སློབ་གསོ། ཤེས་ཡོན་སོགས་ཐ་ན་ཟ་སྟངས་འདུག་སྟངས་ཡན་ཆད་ལ་ཕྱག་ལས་དང་གྲུབ་འབྲས་ཐོབ་ཡོད་ཀྱང་། བོད་བསོད་ནམས་དམན་པས། གུ་རུ་རིན་པོ་ཆེས། བོད་ལ་དྲིན་ཆེ་བྱས་ཀྱང་དྲིན་མི་གོ་གསུངས་པ་བཞིན། ཡང་གང་ཟག་འགའ་རེ་མཐོང་བས་དེ་དག་ནི་སེམས་སྐྱོ་བ་དང་བོད་སྤྱི་ཡི་གྱོང་གུད་ཅིག་རེད་སྙམ། སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་བཞེད་སྒྲུབ་མཁན་ལ་ཁོང་འདྲ་བ་དཀོན་ཚོད་གདའ། དེ་རྗེས་ནུབ་ཟས་སྟབས་བདེ་ཞིག་བཞེས་ནས་བོད་རིགས་རྣམས་ལ་བཀའ་ཆོས་གསུང་སར་ཕེབས། བཀའ་ཆོས་གཙོ་བོ་སྒོམ་གྱི་སྐོར་རེད། ཁོང་གིས་ངེད་ཚོ་ལུས་ངག་གི་དགེ་བ་དང་དབང་ཞུ་བ་སོགས་ལ་ཕན་ཡོན་ཡོད་པ་དང་དེ་དག་ཀྱང་ཡོད་དགོས་ཀྱང་གཙོ་བོ་ཚང་མས་ཆོས་ལ་སློབ་སྦྱོང་དང་སྒོམ་ཉམས་ལེན་བྱེད་དགོས། དེ་བཞིན་རང་རེའི་སྐད་དང་རིག་གཞུང་བརྒྱུད་འཛིན་བྱེད་རྒྱུ་གལ་ཆེན་རེད། དགེ་ཚུལ་སློང་དང་འབྲེལ་བའི་འདུལ་བའི་སྐོར་ལས་གཞན་མི་སྐྱ་ཚོས་ཀྱང་ནང་ཆོས་ཆ་ཚང་སློབ་སྦྱོང་དང་ཉམས་ལེན་བྱེད་མི་ཆོག་པ་གཅིག་ཀྱང་ཡོད་མ་རེད། ད་དུང་དེང་སང་ནུབ་ཕྱོགས་ནས་ཕྱི་རྒྱལ་བ་དང་རྒྱ་རིགས་སོགས་མི་རིགས་མང་པོས་སྒོམ་མང་པོ་རྒྱག་བཞིན་འདུག ཁྱེད་ཚོས་ཧ་གོ་ཚོད་རེད། ཁོང་ཚོས་སྒོམ་རྒྱག་ཆོག་ན་བོད་པ་ཚོས་ཇི་ལྟར་སྒོམ་མི་རུང་གསུངས། ཕྱི་ཉིན་སྔ་དྲོ་དང་ཕྱི་དྲོ་མི་མང་སྤྱི་ལ་ཆོས་ཁྲིད་གནང་བ་དང་དེ་རྗེས་ཤེས་རབ་སྒོམ་སྒྲུབ་ཚོགས་པར་མཇལ་ཁ་དང་བཀའ་སློབ་གནང་། ཁྱེད་ཚོ་ལྷ་མཆོད་པ་དང་འདོན་པ་འདོན་པའི་རིམ་པ་ལ་མ་བསྡད་པར་ཐོས་བསམ་སྒོམ་གསུམ་བྱེད་ནས་རང་ཉིད་ཆོས་ཀྱི་གོ་རྟོགས་དང་ཉམས་ལེན་ཡར་རྒྱས་གཏོང་རྒྱུ་གལ་ཆེན་རེད་གསུངས། མཛད་རིམ་རྣམས་ཆུ་ཡི་གཉེར་མ་བཞིན་གཅིག་རྗེས་གཅིག་མཐུད་གནང་ནས་དུས་ཚོད་ཅུང་ཟད་ཀྱང་འཕྲོ་བརླག་མི་གནང་། ཡུལ་སྐོར་དང་སྤྲོ་འཁྱམ་ལ་མི་ཕེབས། ཕེབས་བཞུགས་དང་འཚོ་བ་ཡང་བོད་ནང་ལ་བཞུགས་པ་བཞིན་སྟབས་བདེ་ལས་རྒྱས་སྤྲོས་མི་གནང་། ཁོང་གིས་རང་དོན་ལ་འདོད་ཆུང་ཆོག་ཤེས་དང་། གཞན་དོན་ལ་འདོད་ཆེན་དང་ཆོག་མི་ཤེས་པ་གསུངས་པ་བཞིན་ཕྱག་ཏུ་བསྟར། ཇི་ཙམ་འགྲོགས་ན་དེ་ཙམ་གྱིས་ཐུགས་ལ་བསྟན་པ་དང་སེམས་ཅན་གྱི་དོན་དང་ཆོས་དང་རིག་གཞུང་མ་གཏོགས་སྒེར་དོན་ཅི་ཡང་མི་འདུག་སྙམ་པའི་ཚོར་བ་སྦྱིན། བཀའ་ཆོས་སྐབས་འབུལ་བ་སོགས་གང་ཡང་མི་བཞེས། ཆོས་ཞུ་བ་རྣམས་ཚོགས་ཁང་ལ་འདུས་ཚར་སྐབས་ཕྱག་གཉིས་ཐལ་མོ་སྦྱར་ནས་ཁོང་རང་ཉིད་ཆོས་ཞུ་བ་ཞིག་ཡིན་ས་རེད་བསམ་ཤོར་བ་མཛད་ནས་ཀུན་ལ་ཐལ་མོ་སྦྱར་དབུ་སྒུར་ནས་ཕེབས་པ་དང་ཕྱག་ཡང་ཆོས་ཁྲི་སྟེང་ལ་མ་བཞུགས་སྔོན་ཆོས་ཞུ་བ་དང་མཉམ་འཚལ་གནང་། ཆོས་ཁྲིད་གཟབ་ནན་དང་ཞིབ་ཚགས་གོ་སླ་གནད་འདུས་དང་དྲི་བ་དྲི་ལན་སོགས་ལྷོད་ལྷོད་གནང་བར་མཛད། ཆོས་ཁྲིད་གྲོལ་མ་ཐག་མཇལ་ཁ་སོགས་གང་ཡང་མེད་པར་ཐད་ཀར་བཞུགས་གནས་ལ་ཕེབས་པར་མཛད་བཞིན་འདུག འདིར་ཉིན་ཕྱེད་གསུམ་རིང་བཞུགས་རིང་ངལ་གསོ་མེད་པར་ཆོས་ཁྲིད་ཁོ་ན་གསུངས། དེ་ཉིན་ཆོས་ཁྲིད་གྲུབ་ནས་མཚན་མོ་ཆུ་ཚོད་གཉིས་པ་ནས་ཕྱིར་སི་ཁྲོན་གྲོང་ཁྱེར་པདྨ་ཅན་ལ་ཕེབས་པར་མཛད། ཕྱི་ཉིན་ནས་ཐ་སྙད་ཚིག་མཛོད་ཀྱི་འཚོགས་འདུ་ཉིན་ཤས་ཡོད་གསུངས། དེ་རྗེས་ཁོང་གི་པོད་ཕྲིན་ནང་གནམ་གྲུ་ཆུ་ཚོད་བཅུ་བདུན་ལ་འཕུར། གནམ་གྲུ་བརྗེ་བའི་ཆེད་ཆུ་ཚོད་ལྔ་བསྒུགས། སྡོམ་ཆུ་ཚོད་ཉེར་གཉིས་འགྲུལ་སྐྱོད་བྱས་ནས་བཞུགས་གནས་ལ་ཕེབས། དེ་རྗེས་སྐུ་ཁྲུས་གསོལ་ན་བཟའ་བརྗེས་ནས་འཚོགས་འདུ་ལ་ཕེབས་པ་དང་། ཐང་ཆད་དང་མ་ཆད་ནི་ལས་ཀ་ལ་དགའ་ཕྱོགས་ཡོད་མེད་རེད་ཅེས་གསུངས། དེས་ནི་ཁོང་གི་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་བཅངས་བའི་ལྷག་བསམ་མཚོན་ཐུབ། གནམ་གྲུར་ཡུན་རིང་འགྲུལ་སྐྱོད་ནི་ཧ་ཅང་དཀའ་ངལ་ཅན་དང་ད་དུང་ཤར་ནུབ་ཉིན་མཚན་གོ་ཟློག་པས་དུས་ཚོད་འཁྲུགས་པ་ཚང་མ་ལ་ཡོད་པས་ཁོང་ལ་ཡང་ཡོད་ངེས་ཀྱང་བསྟན་པ་དང་སེམས་ཅན། ཆོས་དང་རིག་གཞུང་གི་དོན་སྐུ་ངལ་དེ་ཙམ་སྐྱོན་གནང་བ་ནི་ཧ་ཅང་སེམས་འགུལ་ཐེབས་པའི་མཛད་པ་རེད། ཐ་སྙད་ཚིག་མཛོད་འཚོགས་འདུ་གྲུབ་རྗེས་ཚེས་དྲུག་ཉིན་སྐད་རིག་པའི་དཔྱད་གླེང་འགོ་འཛུགས་གནང་བར་མཛད་འདུག རྒྱ་ཡི་གཏམ་དཔེ་ཞིག་ལ། མི་དེས་ཅི་བཤད་ལ་མ་ཉོན། ཅི་ལས་ལ་ལྟོས་ཟེར་བ་ནང་བཞིན་ཁོང་གིས་རང་རེའི་ཆོས་དང་རིག་གཞུང་ལ་འབད་བརྩོན་གནང་སྟངས་ཤེས་པར་བྱས་ནས་རང་རེའི་དྲིན་ཤེས་དང་བསམ་ཤེས་ཤིག་དགོས་ས་རེད་བསམ་པ་ཡང་སྐྱེས། ཇི་ཙམ་བྲེལ་ན་ཡང་དུབ་པ་མེད་པ་ལ་དཔག་ན་ཉམས་ལེན་གྱི་སྟོབས་ཀྱིས་ལུས་སེམས་ཀྱི་ཤིན་སྦྱངས་ཐོབ་ཡོད་ཚོད་རེད་བསམ་པ་ཡང་སྐྱེས། མདོ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁུར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །གསུངས་པ་དེ་ཁོང་གི་མཛད་པ་ལས་གསོན་པོར་མཐོང་རྒྱུ་ཡོད། ནམ་རྒྱུན་གནམ་ཐང་ལ་བསུ་སྐྱེལ་མང་པོ་ཡོང་མཁན་ལ་ཐུགས་མོས་མི་གནང་བ་ཤེས་ཀྱང་ང་ཕེབས་སྐྱེལ་ལ་ཡོང་དགོས་ཞུས་པས་དུས་ཚོད་འཕྱི་བ་དང་དཀའ་ལས་རེད་མ་ཡོང་ན་དགའ་རྒྱུ་རེད་གསུངས་ཀྱང་། ཁོང་ནི་ཕྲན་གྱིས་མདོ་སྔགས་ཀྱི་དཔེ་ཁྲིད་མང་པོ་ཞུ་མྱོང་བའི་བླ་མ་བཀའ་དྲིན་ཅན་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་ལ་ཕྱག་ལས་དག་དྲིན་ཆེན་དུ་ངོ་ཤེས་པ་དང་། ཁོང་གི་མཛད་སྤྱོད་ལ་དགའ་མོས་ཤིན་ཏུ་ཆེ་བ་ཅན་ཡིན་པས་ནམ་ནམ་མཇལ་དཀའ་སྙམ་ནས་ཕེབས་སྐྱེལ་ཞུས། གཞན་ནི་ཅི་ཡང་ཞུ་རྒྱུ་མ་རྙེད་པར་སྐུ་ངལ་མང་ཙམ་གསོ་མཛད་རོགས་གྱིས་ཞུས་པ་ཡིན། དེ་ནས་སྐུ་རྒྱབ་ལ་ཁྲེས་པོ་ཆུང་ཆུང་དང་ཕྱག་ལ་འཁོར་སྒམ་ཆུང་ངུ་དྲུད་ནས་སྐུ་རྐྱང་གིས་ཕྱག་གཡུགས་གཡུགས་ཀྱིས་གནམ་ཐང་ནང་སྒོར་ཕེབས་ནས་རེ་ཞིག་མིག་ལམ་ནས་མི་མངོན་པར་གྱུར།
མཁན་མིང་ཚུལ་རྣམ་དུ་འབོད་པའི་འཁྱམས་པོ་དེས་ནུབ་ཁེ་ན་ཏ་ནས་མཐོང་ཐོས་ཇི་བཞིན་ཡི་གེར་ཕབ་པའོ།།
ན་གེ་ནོག་གེ་ཕེ་ཕེ་རྒྱ་བླ་འདི་མོ་འདི།
བླ་རུང་གི་གྲྭ་བ་ཚོ་སྔོན་ཆད་མཁན་ཆེན་འཇིགས་ཕུན་ཞལ་བཟུགས་པའི་སྐབས་སུ་སྤྲང་པོ་སློང་མོ་བ་རྐྱང་རྐྱང་ཡིན། ངའི་ཕ་ཡུལ་ལ་སྐྲ་རིང་པོ་མནའ་བཟའ་ཡ་བརླ་གྱོན་གྱི་སྐྱ་མིན་སེར་མིན་དེ་སློང་རྒྱག་གི་ཡོང་གི་ཡོད། སྐབས་ཤིག་ལ་དེ་འདྲའི་ནང་རྐུན་མ་མང་བྲུང་། དེ་ནས་མང་ཚོགས་ཀྱིས་ཀྱང་ཡིད་ཆེས་མ་བྱས་པར་མར་ཕྱུར་སྤྲོད་མཁན་ཉུང་དུ་ཕྱིན། རྗེས་ནས་གྲྭ་བ་དེ་དག་གི་ལག་བླ་རུང་སྒར་གྱི་ཐམ་ཀ་དང་མཁན་ཆེན་གྱི་སྐུ་པར་ཁུར་ནས་བསླེབས་སོང་མོད་སྤྱོད་པ་སྔར་བཞིན་རེད་ཅེས་མང་ཚོགས་ཀྱིས་གླེང་། གང་ལྟར་འདི་ནི་འདས་བའི་དུས་ཀྱི་གནས་ཚུལ་རེད། ཁ་སང་དེ་རིང་སྒོར་རྡོག་འགའ་ཡོད། ཡིག་རྨོངས་བ་སྐོར་ཞིག་གི་དཀྱིལ་ནས་སྙན་གྲགས་ཏོག་ཙམ་རྒྱས་པ་དང་དགོན་འདིའི་བླ་གྲྭྭ་་ཐམས་ཆད་བསམ་བློ་བ་དང་སློབ་གསོ་བ་ཆགས་སོང་། སློབ་གྲྭའི་སྒོ་ཐེམ་འགྲིམ་མ་མྱོང་དག་གིས་སློབ་གྲའི་སློབ་གསོ་གླེང་སོང་། སྤྱི་ཚོགས་ཀྱི་གུད་དུ་བཞུགས་མཁན་འདི་དག་གིས་སྤྱི་ཚོགས་ཀྱི་འདས་མ་ད་གསུམ་གླེང་སོང་། གླེང་བ་ཙམ་གྱིས་མི་སྐྱོན་ཡང་དུས་རབས་འདིའི་སྤྱི་ཚོགས་གླེང་དགོས་ན་མ་མཐའ་ཡང་ཁྱོད་རང་དུས་རབས་ཀྱི་འགྱུར་འགྲོས་རྒྱུས་མངའ་ཡོད་དགེས་པ་ཙམ་དུ་མ་ཟད་སྤྱི་ཚོགས་ཀྱི་འགན་འཁྲི་ཡང་འཁུར་དགོས། དེ་ལྟར་མ་ཡིན་པར་འགན་འཁྲི་མེད་ཅི་འདོད་གང་འདོད་དུ་ཁྲི་ཐོག་ནས་ཁ་རྒྱག་པའི་སྐད་ཆ་བཤད་ནས་བསྡད་ན་ཡག་པོ་མ་རེད།
ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང།
དུས་ངན་སེམས་ཅན་ལས་ངན་ཁ་མ་གང།