རླུང་དམར།
སྐྱེས་བ་ཐེངས་གཅིག་ཐོབ་པ་ཨ་མའི་དྲིན།།
བྱམས་བརྩེ་ཡིད་ལ་འཇགས་པ་མ་ལོའི་དྲིན།།
དེ་རིང་། «ཨ་མ།» ཞེས་བོས་ཏེ་ས་མཐའི་གླིང་ནས་ཨ་མ་གླེང་གིན་ཡོད། དེའང་གོ་ལའི་ཡོངས་ཁྱབ་ཀྱི་རིན་ཐང་དང་། བསམ་བློའི་ཕན་ཡོན། དཔལ་འབྱོར་འདུ་འགོད། རང་དབང་ཚན་རྩལ། ཆབ་སྲིད་བདེན་འཚོལ། ཞི་བདེ་མཉམ་གནས། འགྲོ་དྲུག་བདེ་སྐྱིད་སོགས་ཀྱི་དབང་གིས། ང་ཚོ་འཛམ་གླིང་འདིའི་ནང་མཉམ་གནས་ཀྱིས་འཚོ་གཞེས་གནང་གིན་ཡོད་པ་ནི། ཨ་མའི་ང་ཚོར་བསྩལ་གནང་བའི་བྱམས་བརྩེའི་ཀུན་སློང་དང་། བདེ་སྐྱིད་ཀྱི་རིན་ཐང་། ཀུན་ཕན་རང་སྐྱོང་གི་འདུ་ཤེས་བླ་མེད་ཅིག་ཏུ་བསམས་ཏེ་ཡོད་པས། འུ་ཚོ་འགྲོ་མི་གཙོས་སེམས་ཅན་སྤྱི་ཡོངས་ལ་བསམ་གཞིག་གནད་ཐིངས་བྱེད་རྒྱུ་དེ་གལ་ཆེན་ཞིག་རེད། དེ་ཡང་། ད་ལྟའི་ཚན་རྩལ་རིག་པའི་ནུས་སྟོབས་འཕེལ་འགྲིབ་ཇི་ལྟར་འགྲོ་མིན་ལ་མ་བལྟས་པར་ཆེས་ཆེར་གལ་གནད་དུ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ། ཨ་མས་ང་ཚོ་མི་སྒེར་བྱིངས་ལ་སློབ་གསོ་ཡག་པོ་ཞིག་སྤྲད་ཡོད་པ་དེའི་གཞི་རྩ་མི་བརླག་པར་བདེ་སྐྱིད་ཀྱིས་འཚོ་དགོས་ཤིང་། གཞན་ཕན་གྱི་བསམ་བློ་དེ་རྟག་ཏུ་སྣང་མེད་དུ་མི་འཇོག་པར་འཛམ་གླིང་སྤྱི་ཚོགས་ནང་དུ་བེད་སྤྱོད་གང་ནུས་ཅི་ཐུབ་བྱེད་ན་ཤིན་ཏུ་ལེགས་པོ་རེད་འདུག་པས། “མ་ཡུམ་”ཞེས་གླེང་གིན་པ་ནི་སྐྱེས་དམན་ཆེས་རླབས་ཆེན་ཞིག་ཡིན་པ་ཤེས་དགོས་པ་རེད་ལ། རང་དབང་ལྡན་པའི་འགྲོ་བ་མིའི་སྤྱི་ཚོགས་སུ་བདེ་སྡུག་མང་པོ་ཞིག་གི་རྐྱེན་རིགས་ཡག་སྡུག་འདྲ་མིན་ཡོད་ཀྱང་། ཨ་མས་གཉོར་སྐྱོང་གནང་བའི་ང་ཚོ་ནི་ཁྲེལ་མེད་ཅིག་ཏུ་མི་བལྟ་བར་ཨ་མའི་བསླབ་སྟོན་གང་ཞིག་གདམས་པ་དེ་དག་ལ་བརྩི་སྲུང་བྱས་ཏེ། གོ་ལ་འདིར་མི་དམངས་ལ་ཕན་ཐོགས་པའི་སྐྱེས་ཕོ་སྐྱེས་མོ་ལེགས་པོ་རེར་བཅའ་རྒྱུ་དེ་ཨ་མའི་ཉིན་མོའི་སྐབས་ཀྱི་ང་དང་ངའི་རྣམ་ཤེས་ཀྱི་འབོད་བརྡ་ཟབ་གསལ་ཞིག་ཡིན།
དེ་ལའང་། ཨ་མའི་བྱམས་བརྩེ་དང་སྙིང་རྗེའི་བདག་སྐྱོང་དེ་འཇིག་རྟེན་ན་ཆེས་དཀོན་པའི་གསེར་ལས་ལྷག་པའི་རིན་པོ་ཆེ་རྩ་ཆེན་དེ་རེད་འདུག མ་ཟད། ང་ཚོས་”ཨ་མ”་ཞེས་བོས་ཏེ་བསྡད་ཡོད་པ་ལས་ཨ་མའི་ཁ་ལ་ཉན་ཏེ་ཚིག་བརྩི་བྱེད་ཀྱི་ཡོད་དམ། དེ་ནི་ང་ཚོ་ཡོངས་ལ་དྲི་བ་ཞིག་རེད། དེ་ཡང་། འུ་ཚོ་ཨ་མའི་བྱམས་བརྩེའི་ཐུ་འོག་ནས་འཚར་ལོངས་བྱུང་ནས། འཇིག་རྟེན་འདིའི་ནང་དུ་གོམ་ཁ་བསྒྱུར་ཐེངས་རེར་ང་ཚོས་ཨ་མའི་ཞལ་ཏ་རྨི་ལམ་ནང་ནས་བོར་ཞིང་མ་རིག་པའི་ལམ་བུ་རེ་སྙེག་གིན་ཨ་མ་ལ་ཚིག་ལོག་འདེབས་པའམ། ཁོང་ཁྲོ་བསྟན་པ། སྣང་མེད་འཇོག་པའི་མི་གྲངས་དུ་ཙམ་ཡོད་དམ། འདི་ལ་བསམས་ཏེ་ཕྱིར་རྟོག་རེར་བྱས་པ་ན། ང་ཚོ་སུ་ལའང་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་དུ་མ་ཞིག་ཡ་ཁོག་ནས་འཆར་ཡོང་ངེས་ཤིག་རེད། ཡིན་ཡང་། འདས་སོང་བ་ལེ་བདའ་མེད་ཅིང་མ་འོངས་པར་སླར་ཡང་ཨ་མའི་རེ་འདུན་དང་། བསླབ་བྱ། བྱམས་བརྩེ། དགེ་སྦྱོར་སོགས་ཀྱི་ལས་རིགས་ལ་ཧུར་ཐག་འབུད་ཐག་གིས་ངང་བརྩོན་བྱེད་དགོས་ཀྱི་འདུག དེ་ལྟར་ཡིན་ན། ང་ཚོ་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལེགས་པོ་བྱུང་བ་རེད་ལ། ཨ་མས་ང་ཚོར་བཅངས་བའི་ལྷག་བསམ་དང་སྙིང་རྗེའི་ནུས་སྟོབས་ཤིག་བསྐྱེད་བསྲིང་ཐུབ་པ་བྱུང་ཡོད་ལ། ཨ་མའི་དྲིན་གཟོའང་ཐུབ་པ་རེད།
ཐུ་བྷོད་ཨ་མ་ཚེ་རིང་ལོ་བརྒྱ།
2018-05-13
རླུང་དམར་ལགས་ནས་ཨ་མ་དྲིན་ཅན་ཡིན་སྐོར་ལ་རྩོམ་ཡིག་དེ་ཡག་པོ་ཞེ་དྲག་བྲིས་འདུག་
བཀྲིས་བདེ་ལེགས་ཡོད།
ཨ་ཕ་མེད་ན་ཨ་མ་མེད།
ཨ་མ་མེད་ན་ཨ་ཕའང་མེད་པ་ཡིན།
སྔོན་ལ་ཨ་ཕ་བྱུང་ངམ་་་ཨ་མ་བྱུང་།
གཉིས་ཀར་མཉམ་དུ་ཡོང་མི་སྲིད།