ཨཱཙཱརྱ་ཨག་ལོ་ཡིས།
གནས་ཆེན་བྱ་རུང་ཁ་ཡི་གསེར་རི་ལ། །
དད་ལྡན་ཆོས་བ་རྒད་པོའི་སྤང་རི་མཐུག །
ན་ཆུང་མཛེས་མའི་ལང་ཚོའི་མེ་ཏོག་བཀྲ །
སྙན་འཇེབས་མ་ཎའི་བུང་སྒྲ་ཕྱོགས་དང་མཚམས། །
བལ་པོའི་ཡུལ་གྱི་གསེར་དངུལ་ཆོས་ཆས་བརྗིད། །
གངས་ཅན་ལྗོངས་ཀྱི་ན་བཟའི་ཆ་ལུགས་འཛོམས། །
རྒྱ་ནག་ཡུལ་གྱི་ཟས་རིགས་ཕུན་སུམ་ཚོགས། །
ཨེ་མ་བྱ་རུང་ཁ་ཡི་ཚོང་ཁང་ཕྱུག །
མཛེས་པའི་བལ་པོའི་ཡུལ་གྱི་སྐྱེད་ཚལ་དུ། །
དགའ་གཉེན་ལྷན་འཛོམས་མེ་ཏོག་མཉམ་དུ་བཞད། །
རོ་བརྒྱ་ཟས་ཀྱི་དྲི་བསུང་ཕྱོགས་བཞིར་འཐུལ། །
ཐུག་འཕྲད་མཛའ་བརྩེའི་ཀེ་སར་སྨིན་སའི་གནས། །
སློང་མོ་ཕྲེང་དུ་བརྒྱུས་པའི་སྐོར་ལམ་དབུས། །
འབྱོར་ལྡན་སྦྱིན་པའི་རྟ་མཆོག་བཞོན་ནས་ཆིབས། །
འབྱོར་མེད་དད་པའི་གོས་བཟང་བཀླུབས་ནས་ཡོང་། །
གནས་ཆེན་བྱ་རུང་ཁ་ཡི་སྐོར་ལམ་མཚར། །
ནུབ་ཕྱོགས་གྲོང་ནས་འཛུམ་པའི་མགོ་སེར་ཚོགས། །
ཤར་ཕྱོགས་གླིང་ནས་འཕག་པའི་དམར་པོའི་དཔུང་། །
གངས་ཅན་ལྗོངས་ནས་མཆེད་པའི་གདོང་དམར་ཚང་། །
མི་རིགས་སྐར་ཚོགས་འཕྱུར་བའི་སྟོན་དགུང་སྙེམས། །
དམར་སེར་ལི་ཁྲིའི་མདོག་འཛིན་ཁྱུ་དང་ཁྱུས། །
འདབ་གཤོག་རྐྱོང་བའི་གྲྭ་བཙུན་ངང་པའི་ཚོགས། །
བྱིན་ཅན་སྐོར་ལམ་ཡངས་མོའི་ཁྲུས་རྫིང་ངོགས། །
འབྲུ་དྲུག་དབྱངས་རྟའི་རྐྱལ་ལ་རྩེན་པ་རྨད། །
གཞོན་ནུ་ཕོ་མོའི་མཛའ་བརྩེའི་ལག་རྡང་སྦྲེལ། །
སྒྲུབ་ཆེན་རྒད་པོའི་གཅོད་ཀྱི་དབྱངས་རྟ་འཇེབས། །
ཚོང་དཔོན་ནོར་བུའི་ཚོང་གི་ཁ་ཤགས་བདེ། །
མཆོད་རྟེན་བྱ་རུང་ཁ་ཡི་ཁོར་མོ་ཡུག །
བལ་པོ་རྒྱལ་སའི་ལྟེ་བའི་མེ་ལོང་ངོས། །
རབ་དཀར་གངས་རི་སྤུངས་འདྲའི་དབུ་རྩེ་ལ། །
དམར་སེར་མཚམས་སྤྲིན་འཁྱུད་པའི་རྒྱ་ཕིབས་གཟེངས། །
ཚོན་ལྔ་དར་གྱིས་འཐེན་པའི་འཇའ་གུར་ཕུབ། །
མཆོད་རྟེན་བྱ་རུང་ཁ་ཡི་བར་སྣང་ནས། །
རིག་གསར་གློག་འོད་འབུམ་གྱི་འཇའ་རིས་བཀྲ །
སྲོལ་རྒྱུན་མཆོད་མེ་ཀོང་བུའི་སྐྱ་རེངས་འཆར། །
གོས་ཆེན་ཤམ་བུའིགར་སྟབས་རླུང་དང་འདྲེས། །
སྙན་པའི་གྲགས་པ་འབར་བའི་བྱ་རུང་ཁ། །
འཛམ་གླིང་ཁྱོན་དུ་སྦྲེངས་པའི་སྒྲ་དབྱངས་སྙན། །
རྡོ་རྗེ་གདན་གྱི་སྙན་པའི་རོལ་མོ་ཡང་། །
སྟོན་མཇུག་ཉམ་ཆུང་སྦྲང་བུའི་སྐད་དུ་བྱས། །
སྐོར་ལམ་དཔག་བསམ་ལྗོན་པོའི་ཁང་བཟང་དུ། །
འདབ་ཆགས་འང་གུའི་ཚོགས་ཀྱིས་ཁྱིམ་ཐབ་བཅའ། །
བདག་མེད་ཁྱི་རྒན་སྟོང་གིས་འཚོ་ཐབས་རོལ། །
གནས་བཟང་བྱ་རུང་ཁ་འདི་དག་པའི་ཞིང་། །
སྲོལ་རྒྱུན་ལོ་རྒྱུས་རྣལ་མའི་གླེགས་བམ་སྟུག །
དེང་དུས་ཚན་རྩལ་རིག་པའི་བཟོ་བཀོད་ལེགས། །
སྐུ་གསུང་ཐུགས་ཀྱི་ཟུངས་བཞུགས་རིན་དང་བྲལ། །
མདོར་ན་སུམ་རྩེན་གནས་ལའང་འགྲམ་ལྕག་བཞུས།། །།
སརྦམངྒཾ། །
——-ས་ག་ཟླ་བའི་ཉིན་དང་པོར་ཨཱཙཱརྱ་ཨག་ལོ་ཡིས།