པདྨ་ཚེ་དབང་ཤཱསྟྲི།
____________________________
རང་ཡུལ་གངས་ཅན་གྱི་ལྗོངས་དེ་རྒྱ་ནག་གིས་དྲག་པོའི་བཙན་བཟུང་བྱས་ཏེ་མི་ལོ་དྲུག་ཅུ་ལྷག་འགྲོ་བའི་སྐབས་སུའང་། བོད་དོན་བདེན་མཐའ་གསལ་རྒྱུའི་སྐྱ་རེངས་ཙམ་ཡང་འཆར་རྒྱུ་མེད་པའི་ཁར། གཞིས་བཞུགས་བོད་མིའི་གནས་སྟངས་ནི། ཉིན་རེ་ཞིང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བྱེས་འབྱོར་རྣམས་ནི། རིམ་པས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་ཁ་ཐོར་དགུ་ཐོར་དུ་འགྲོ་བཞིན་པའི་གནས་སྐབས་འདིར། འདས་དོན་ལ་ཕྱི་མིག་ཅིག་བལྟས་ཏེ་མནོ་བསམ་གཏོང་སྐབས་གཞིས་བྱེས་གཉིས་ཀའི་ནང་དུ་སྤོབས་པ་དང་། དགའ་མགུ་ཡི་རངས་བྱེད་འོས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་མང་དག་ཅིག་བྱུང་ཡོད་ཀྱང་། གངས་ཅན་པ་ས་ཡ་དྲུག་ལ་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་ནི་ད་དུང་ཡང་ཐག་རིང་དུ་གནས།
བོད་དོན་བདེན་པའི་མཐའ་གསལ་མ་ཐུབ་པའི་ཕྱི་ནང་གི་འགལ་རྐྱེན་དུ་མ་ཞིག་ཡོད་ཀྱང་། དེ་དག་གི་ནང་ནས་གཅིག་ནི། གཞིས་བྱེས་གཉིས་ཀའི་ནང་དུ་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་མ་ཐུབ་པ་དང་། སྤྱི་དམངས་ཀྱིས་ལག་བསྟར་བདེ་བའི་གཞི་རྒྱ་ཆེ་བའི་འགོག་རྒོལ་གྱི་འཆར་གཞི་ངེས་ཅན་འདིང་མ་ཐུབ་པ། འགོག་རྒོལ་ལས་འགུལ་སྣེ་འཁྲིད་མཁན་གྱི་འགོ་ཁྲིད་ངེས་ཅན་གཟེངས་སུ་ཐོན་པ་མེད་པ་སོགས་ལ་བརྟེན་ནས་འཐབ་རྩོད་ལ་དགོས་ངེས་ཀྱི་ནུས་པ་མ་ཐོན་པ་དང་། ལྷག་པར་དུ་བསྒྲུབ་བྱ་རང་བཙན་དང་། མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གང་ཡིན་ཀྱང་། སྒྲུབ་བྱེད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བའི་ལམ་ཁོ་ན་ལ་བརྟེན་རྒྱུ་ཡིན་པ་དེ་ནི། བཙན་འབྱོལ་བོད་གཞུང་གིས་གཙོས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། དེ་བཞིན་སྒྲིག་འཛུགས་དང་། ཚོགས་པ་སྐྱིད་སྡུག་ཡོད་དོ་ཅོག དེ་བཞིན་གཞིས་བྱེས་མང་ཚོགས་བཅས་བརྒྱ་ཁ་གཅིག་བསྒྲགས་ཡིན། འོན་ཀྱང་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་པ་ལ། རྒྱ་ནག་གཞུང་ངོས་ནས་ང་ཚོར་སྐད་ཆ་མ་བཤད་ཐབས་མེད་ཀྱི་གནས་བབ་ཅིག་ཏུ་སླེབས་དགོས་པ་དེ་ང་ཚོས་བཟོ་དགོས།
དེ་ལྟར་ཡོང་བ་ལ་འཐབ་བྱུས་ལྡན་པའི་འཚེ་བ་སྤངས་པའི་སྲིད་དོན་གྱི་འཐབ་རྩོད་འཆར་གཞི་དང་། གོ་རིམ་ལྡན་པའི་སྒོ་ནས་བྱེད་དགོས་པ་ལས། ཆོས་དང་བཟང་སྤྱོད་གཞི་རྩར་བཞག་པའི་ལྟ་གྲུབ་ལྡན་པའི་འཚེ་མེད་ཞི་བའི་ཉམས་ལེན་ཁོ་ནའི་ལམ་ནས་འགྲུབ་མི་ཐུབ། དེས་ན་རྒྱ་ནག་གཞུང་དེས་ང་ཚོར་སྐད་ཆ་མ་བཤད་ཐབས་མེད་ཀྱི་གནས་ལ་སྐྱེལ་བའི་ཐབས་ལམ་བཟང་ཤོས་དེ་བོད་ཕྱི་ནང་གཉིས་སུ་འཚེ་བ་སྤངས་པའི་འགོག་རྒོལ་གཞི་རྒྱ་ཆེ་ལ་རྒྱུན་འཁྱོངས་བ་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱེད་པ་ལ་ཐོག་མར་ང་ཚོས་འཚེ་བ་སྤངས་པའི་སྤྱི་དམངས་འགོག་རྒོལ་གྱི་རྣམ་གཞག་དང་། ལག་ལེན་གྱི་སྐོར་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་གལ་ཤིན་ཏུ་ཆེ། སྤྱི་དམངས་འགོག་རྒོལ་གྱི་ངོ་བོ་དང་། དབྱེ་བ། འཐབ་བྱུས། འཐབ་རྩལ། ཐབས་ལམ་སོགས་ཀྱི་གོ་རྟོགས་དང་ཕན་ནུས་ལ་ངེས་ཤེས་མེད་པའི་སྒོ་ནས་བཀོལ་སྤྱོད་བྱས་ན། དོན་ཕན་ལྡན་པའི་ནུས་ཤུགས་དང་ལམ་ལྷོངས་མི་ཡོང་བའི་ཁར་སྐབས་རེ་ཉེན་ཁ་དང་གྱོང་གུན་གྱི་གནས་སུ་ལྷུངས་ཀྱང་སྲིད།
འཚེ་བ་སྤངས་པའི་འགོག་རྒོལ་གྱི་ནུས་སྟོབས་དང་། ཕན་རླབས་ཀྱི་ཐད་ལ་ཉེ་བའི་ཆར་མ་རི་ཡ། ཇེ། སིཊིཕན་དང་། ཨེ་རི་ཀ་ ཅེ་ནོ་ཝེཐ་གཉིས་ཀྱིས་༡༩༠༠ ནས་༢༠༠༦ བར་དུས་ཡུན་བརྒྱ་ཕྲག་གཅིག་ལྷག་གི་རིང་ལ། འཚེ་བ་དང་བཅས་པ་དང་། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ལས་འགུལ་ཆེ་ཁག་ཁྱོན་བསྡོམས་གྲངས་༣༢༣ གྱི་རྒྱུ་ཆ་དང་། ལས་གཞི་ལ་དཔྱད་ཞིབ་དང་། མཚུངས་བསྡུར་གྱིས་ཉམས་ཞིབ་བྱས་པའི་གྲུབ་དོན་གྱི་འགོ་བརྗོད་དུ། ༼ཅིའི་ཕྱིར་སྤྱི་དམངས་འགོག་རྒོལ་གྱིས་དོན་བྱེད་ནུས་སམ།༽ ཅེས་པའི་ཤོག་གྲངས་༤༤ ཅན་གྱི་སྙན་ཐོའི་ནང་དོན་ལྟར་ན། ད་ལྟ་བར་དུ་འཚེ་བ་སྤངས་པའི་ལས་འགུལ་ཆེ་ཁག་ལ་གྲུབ་འབྲས་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༥༣ དང་། འཚེ་བ་དང་བཅས་པའི་འགོག་རྒོལ་ལས་འགུལ་ལ་ལམ་ལྷོངས་བྱུང་བའི་བརྒྱ་ཆ་༢༦ ལས་མེད་ཅེས་དང་། ལམ་ལྷོངས་བྱུང་བའི་རྒྱུ་མཚན་ལྟེ་བ་གཉིས་ཡོད་དེ། དང་པོ་ནི། འཚེ་བ་སྤངས་པའི་ཐབས་ལམ་ལ་གཞི་རྟེན་བྱས་པའི་ལས་འགུལ་དེས་ལས་འགུལ་དེ་ཉིད་ཀྱི་ཁྲིམས་མཐུན་གནས་བབ་རྒྱལ་ནང་དང་རྒྱལ་སྤྱིའི་ནང་དུ་གོང་འཕེལ་དུ་གཏོང་བ་དང་། མིག་འབེན་ཁ་གཏད་ཀྱི་ཐོག་ཏུ་གནོན་ཤུགས་འཕར་མ་སྤྲོད་པར་འགོག་རྒོལ་གྱི་ནང་དུ་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཆ་ཤས་ལེན་རྒྱུར་སྐུལ་མ་བྱེད་ཀྱི་ཡོད། དེ་བཞིན་མང་ཚོགས་ཀྱིས་འགོག་རྒོལ་སྡེ་ཚན་གྱི་བློ་ཁ་མ་ཚིམས་པའི་རང་བཞིན་ངོ་འཕྲོད་པའི་རྐྱེན་གྱིས་ཕྱི་ནང་གཉིས་ཀའི་ཤས་ཆེ་བའི་རྒྱབ་སྐྱོར་འགོག་རྒོལ་སྡེ་ཚན་ལ་ཐོབ་པ་དང་། དུས་མཚུངས་སུ་མིག་འབེན་སྲིད་གཞུང་དེའི་སྲིད་དོན་དང་། དཔལ་འབྱོར། དམག་དོན་སྟོབས་ཤུགས་བཅས་ཀྱི་འབྱུང་ཁུངས་ལྟེ་བ་ཁག་ཉམས་ཉེས་ཁ་བྲལ་དུ་གཏོང་གི་ཡོད། གཉིས་པ་ནི། དྲག་པོའི་གྱེན་ལངས་ཀྱི་ཐད་དུ་སྲིད་གཞུང་གིས་ཀྱང་དྲག་པོའི་གདོང་ལེན་ལས་སླ་པོར་བྱེད་སྲིད་ཀྱང་། འཚེ་བ་སྤངས་པའི་ལས་འགུལ་གྱི་ཐད་དུ་སྲིད་གཞུང་གིས་དྲག་གནོན་བྱས་ན་གྲི་ཁ་རང་ཐོག་ཏུ་ལོག་སྲིད་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་སྤྱི་དམངས་གཞི་རྩར་བྱས་པའི་འཚེ་བ་སྤངས་པའི་འགོག་རྒོལ་གྱི་ཐབས་ལམ་དེ་འཚེ་བ་དང་བཅས་པའི་ཐབས་ལམ་ལས་ཆེས་ནུས་ཤུགས་ཆེ་བ་དང་། དམིགས་ཡུལ་འགྲུབ་པར་ལམ་ལྷོངས་ཆེ་བ་ཡོད་པའི་མཇུག་བསྡོམས་བརྒྱབ་གནང་ཡོད།
དེས་ན་རང་ཅག་བོད་མི་ཚོས་ཀྱང་འཐབ་བྱུས་ལྡན་པའི་འཚེ་བ་སྤངས་པའི་འགོག་རྒོལ་གྱི་ལྟ་གྲུབ་དང་། ཉམས་ལེན་གྱི་ཐད་ལ་སློབ་སྦྱོང་དང་། ཤེས་རྟོགས། རྒྱུས་ལོན་བཅས་གནང་སྟེ། གོ་རིམ་ལྡན་ལ་གཞི་རྒྱ་ཆེ་བའི་འཐབ་བྱུས་ལྡན་པའི་འཆར་གཞི་ཞིག་གི་ལམ་ནས་ལས་འགུལ་སྤེལ་དགོས་པ་དང་། ལས་འགུལ་གང་སྤེལ་བ་དེ་དག་ཀྱང་ཁ་ཐོར་དུ་མ་སོང་བར་རྡོག་གཅིག་ཏུ་བསྒྲིལ་ཏེ་སྣག་ཐོག་གཙག་འཁེལ་དགོས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ཐབས་ལམ་ཇི་ལྟར་ལག་བསྟར་དགོས་པའི་ཐད་ལ་སྤྱིར་སྲིད་དོན་ཚན་རིག་པ་དུ་མའི་བརྩམས་ཆོས་མང་པོ་ཡོད་ཀྱང་། མཁས་དབང་ཇཱིན་ཤརྤ་ཀྱིས་མཛད་པའི་༼འཚེ་བ་སྤངས་པའི་བྱེད་ལས་ཀྱི་སྲིད་དོན་༽དང་། ༼འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ཉམས་ལེན་དང་ནུས་པ་༽ ༼སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར༽ ལ་སོགས་པ་དང་། མེས་པོ་དམ་པ་གན་དྷཱིས་མཛད་པའི་༼བདེན་པའི་ཨུ་ཚུགས་༽དང་། ༼རྒྱ་གར་གྱི་རང་དབང་།༽ གཞན་ཡང་རོ་བྷཊ། ཧལ་ཝིས་མཛད་པའི་༼འཐབ་བྱུས་ལྡན་པའི་འཚེ་བ་སྤངས་པའི་འགལ་ཟླའི་ཐོག༽ ཅེས་པ་ལ་སོགས་དུ་མ་ཞིག་མཆིས་སོ།།
ད་ཡིན་ན་ ད་ལྟ ༧ གོང་ས་མཆོག་གཞལ་བཞུགས་ཞིང་ སླར་ཡང་སྲིད་ན་རྙེད་དཀའ་བའི་བསྐལ་བཟང་གི་དུས་འདིར་བོད་མི་ཚོས་རང་འདོད་དང་ རང་དོན་ རང་གཅེས་ རང་ཉིད་ཁོ་ནའི་དོན་ཀྱང་ཀྱང་མིན་པར་ རང་བཙན་ཡིན་ཡང་རུང་ལམ་དབུ་མ་ཡིན་ཡང་རུང་བོད་དོན་སྤྱི་པའི་དོན་འདིར་གྲུབ་འབྲས་ཞིག་ཐོན་ཐུབ་ཆེད་བོད་ཕྱི་ནང་གཉིས་ཀའི་བོད་རིགས་ཡོངས་ནས་ རྣམ་སྤྱོད་ རིགས་རྩལ་ ཐབས་བྱུས་ སློབ་བསྟོན་ལ་སོགས་ཡོད་དགུ་རྩ་དྲུག་ས་སྟེང་འདི་ན་འདོན་རྒྱུ་མེད་ན་མ་གཏོག་འདོན་པའི་དུས་ལ་བབས་ཞག་ བོད་དོན་ཛ་དྲག་ཟེར་ཞིང་ཟེར་ཞིང་བོད་སྤྱིའི་འགན་དེ ༧ གོང་ས་མཆོག་ཁོ་ནར་བཅོལ་ཏེ་ལོ་དུས་འདའ་བར་བྱས་ན་ ཉིན་གཅིག་བོད་རིགས་རྣམས་སྐྱབས་མེད་མགོན་མེད་བྱི་ཕྲུག་དམར་འབྱར་ཐང་ལུས་ལྟ་བུར་གྱུར་སྐབས་ཕྱི་དྲག་རྒྱུར་ དེས་ན་ད་བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོར་རྟོགས་པ་ཡིན་ཡང་རུང་ ཚོགས་པ་དང་སྐྱིད་སྡུག་འདྲ་མིན་ཁག་ཡིན་ཡང་རུང་ ཆེད་ལས་འདྲ་མིན་ནང་བཞུགས་གི་མཁས་དབང་ཡིན་ཡང་རུང་གང་ལྟར་བོད་རིགས་ཙམ་ཟན་གང་ན་སུ་བཞུགས་ཡོད་དོ་ཅོག་ནས་རྡོག་རྩ་སྦྲིལ་ཞིང་རྣམ་སྤྱོད་ཀྱི་ནུས་པ་སྤུངས་ཏེ་བོད་དོན་གྱི་ཐབས་ལམ་འཚོལ་བར་ཤུགས་རྒྱགས་རེན་ཐག་ཆོད་མིན་འདུག་གམ་སྤུན་ཟླ་ཚོ་།།
རྒན་པདྨ་ཚེ་དབང་ལགས་ནས་ལྟ་གྲུབ་ཀྱི་སྐད་ཆ་འགའ་འཁྱེར་ནས་སླེབས་འདུག
དོ་དགོང་ཁོམ་ལོང་བྱུང་ན་རྒན་ལགས་ལ་དྲི་བ་འགའ་ཕུལ་གི་ཡིན།
རྒན་པདྨ་ཚེ་དབང་ལགས།
སྐུ་ཉིད་ཀྱི་རྩོམ་འདི་བྐླགས་པ་ཡིན། དྲི་བ་འགའ་ཕུལ་གི་ཡིན།
དང་པོ།
བོད་པའི་འཐབ་རྩོད་ཀྱི་འགོ་སྔ་གཉིས་ཀ་ཐོགས་ས་དེ་བོད་ནང་རེད། བོད་ཀྱི་རྩ་དོན་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་མཁན་དེ་ཡང་གཞིས་ལུས་རྒྱ་ཆེའི་མི་མང་རེད། འོན་ཀྱང་། ཁོང་ཚོས་ད་ཕན་སྤེལ་བའི་ལས་འགུལ་ཚང་མ་འཆར་གཞི་ཡོད་པ་དང་སྒྲིག་འཛུགས་ཡོད་པ། གོ་རིམ་ཡོད་པ་ཞིག་མིན། མེད་པ་དེ་ཡང་གཙོ་བོ་རང་དབང་གི་བཀག་རྒྱ་ཆེ་བའི་དབང་གིས་རེད་འདོད། དེ་འདྲའི་ཁོར་ཡུག་ཞིག་གི་ནང་དུ། འཐབ་ཇུས་ལྡན་པའི་འཚེ་བ་སྤངས་པའི་སྲིད་དོན་གྱི་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཇི་ལྟར་བྱེད་དགོས་སམ། འཆར་གཞི་ཇི་ལྟར་འཐེན་དགོས་སམ། གོ་རིམ་ཡོད་པའི་ལས་འགུལ་ཇི་ལྟར་སྤེལ་དགོས་སམ། སྐུ་ཉིད་ཀྱིས་ལམ་སྟོན་ཁ་གསལ་ཞིག་གནང་རོགས།
གཉིས།
བོད་ནང་དུ་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་རྣམས་ཀྱི་ཁྲོད་དུ་དགོན་པའི་གྲ་བ་དང་བཙུན་མ་། ཞིང་འབྲོག་གི་མི་མང་རྣམས་ཡོད་པ་མ་ཟད། ཐ་ན། སློབ་གྲ་ཁག་གི་སློབ་ཕྲུག་རྣམས་དང་གཞུང་གི་ལས་བྱེད་ཀྱང་ཡོད། འོན་ཀྱང་། ཁོང་ཚོར་སྤྱི་དམངས་འགོག་རྒོལ་གྱི་ངོ་བོ་དང་དབྱེ་བ། འཐབ་ཇུས། འཐབ་རྩལ། ཐབས་ལམ་སོགས་ཀྱི་གོ་རྟོགས་དང་ཕན་ནུས་ལ་ངེས་ཤེས་རྙེད་པ་ཞིག་ཇི་ལྟར་བཟོ་དགོས་སམ། ངེས་ཤེས་རྙེད་ཐུབ་པའི་ལམ་ཁ་དེ་སུས་གདིངས་དགོས་སམ།
གསུམ།
སྐུ་ཉིད་ཀྱིས་གསུངས་བའི། འཚེ་བ་སྤངས་པའི་འགོག་རྒོལ་གྱི་ཐབས་ལམ་ཇི་ལྟར་ལག་བསྟར་བྱེད་དགོས་བའི་ཐད་ཀྱི་བརྩམས་ཆོས་འདི་དག་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་བགོ་བསྐལ་དུ་ཡོད་དམ། བགོ་སྐལ་དུ་མེད་པ་ཞིག་ཇི་ལྟར་ལག་ལེན་ཏུ་བསྟར་དགོས་སམ།
བཞི།
སྐུ་ཉིད་ཀྱིས། བོད་ནང་གི་ས་ཁུལ་གཅིག་ནས་འཐབ་ཇུས་ལྡན་པའི་འཚེ་བ་སྤངས་བའི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་དང་སྤེལ་སྟངས་ཀྱི་རིམ་པ་དེ་ཁ་གསལ་ཞིག་གསུངས་རོགས།
དེ་ཙམ་ཡིན།
གུས་བའི་དྲི་བ་འདི་ཚོའི་སྐོར་ལ་ཁ་པར་བརྒྱུད་རྒན་ལགས་དང་མཉམ་དུ་གླེང་མོལ་བྱུང་བར་ཧ་ཅང་སྤྲོ།
རྒན་པདྨ་ཚེ་དབང་ལགས་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།