གནས་ཚུལ་ཡོང་ཁུངས། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།
སྤྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༨ ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་རིས་མེད་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་སོགས་དགེ་འདུན་པ་སུམ་ཅུ་ལྷག་མཉམ་ཞུགས་གནང་བའི་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་ཚོགས་འདུ་སྐབས་བརྒྱད་པ་འཚོགས།
སྔ་དྲོ་ཚོགས་འདུ་དབུ་འཛུགས་སྐབས། ཚོགས་འདུ་གཙོ་སྐྱོང་བ་ཞིབ་འཇུག་ཚོགས་པའི་ལས་ཐོག་འགན་འཛིན་རྒྱུན་ལས་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་འཚམས་འདྲིའི་གསུང་བཤད་དང་འབྲེལ་བགྲོ་གླེང་གི་ལས་རིམ་ངོ་སྤྲོད་ཞུས་ཐོག ཞིབ་འཇུག་ཚོགས་པའི་དབུ་འཛིན་བླ་མ་ཡེ་ཤེས་རབ་རྒྱས་ནས་སྤྱིར་ནང་བསྟན་དར་སྤེལ་དང་འབྲེལ་བའི་ཚོགས་འདུ་ལོ་རེ་གཞིན་འཚོགས་བཞིན་པའི་དགོས་དམིགས་དང་། ཁྱད་པར་ད་ཐེངས་ཚོགས་འདུ་འདིའི་བརྗོད་གཞི་གཙོ་བོ་《རྒྱ་རིགས་སྤྱི་ཚོགས་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་དང་འབྲེལ་བའི་གཞེན་སྐུལ་གྲོས་ཆོད་》ཅེས་པའི་ཡིག་ཆའི་བྱུང་རིམ་དང་གལ་གནད་སོགས་ནན་བརྗོད་གནང་།
དེ་རྗེས་ཆོས་བརྒྱུད་ཁག་གི་གདན་ཞུས་མཁས་དབང་རུམ་སྟེགས་མཁན་པོ་སྐྱོ་བྲག་དགའ་དབང་མཆོག སེར་བྱེས་ལྷ་རམས་པ་ཆོས་དབང་མཆོག རྣམ་གྲོལ་གླིང་གི་མཁན་པོ་བཀྲ་ཤིས་ཚེ་རིང་མཆོག རྫོང་སར་མཁན་པོ་ཚེ་དབང་རིག་འཛིན་མཆོག་བཞི་ནས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་གཞི་རྩའི་ངོས་འཛིན། ཕྱི་ཕྱོགས་སུ་བོད་བརྒྱུད་ནང་བསྟན་དར་སྤེལ་དང་འབྲེལ་བའི་གྲོས་ཆོད། དགེ་འདུན་པའི་ཀུན་སྤྱོད་ཐུགས་སྣང་དང་ཆོས་ཚོགས་ཀྱི་མཉམ་མཐུན་བཅས་ལམ་སྟོན་གྲོས་ཆོད་ཀྱི་རྩ་བའི་ཁྱབ་ཁོངས་གསུམ་དང་འབྲེལ་བའི་དམིགས་བསལ་གཏམ་བཤད་གནང་རྗེས་ཚོགས་ཞུགས་པ་ཡོངས་ནས་སྐབས་དོན་གྱི་ཐོག་ལ་བགྲོ་གླེང་ཞིབ་ཕྲ་གནང་།
ཕྱི་དྲོ་ཞིབ་ཚོགས་འགན་འཛིན་རྒྱུན་ལས་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་མཆོག་གིས་ཞིབ་འཇུག་ཚོགས་པའི་འདི་ལོའི་ལས་འཆར་གཞན་ཞིག་སྟེ། ཐའེ་ཝན་སོགས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་མཉམ་འཛོམས་ཀྱི་ཚོགས་པ་འཚོགས་པའི་སྐབས་སུ་བེད་སྤྱོད་བྱ་རྒྱུར་ཀུན་གྱིས་དང་ལེན་ཐུབ་པ་དང་། བཀོལ་བདེ་བ། སྣ་འཛོམས་ཀྱི་རང་བཞིན་ལྡན་པའི་རིས་མེད་ཞལ་འདོན་གྱི་དེབ་གཅིག་དང་། ཐའེ་ཝན་སོགས་སུ་དར་སོ་ཆེ་བའི་དགེ་བསྙེན་རང་འདུན་ཚོགས་པ་དེ་འདྲས་འཆི་ཁའི་སེམས་ཁུར་རམ་(臨終關懷)ཞེས་གྲགས་པའི་སྤྱི་ཕན་ཞབས་ཞུའི་གྲས་སུ་གཤིན་པོར་ཆོས་སྦྱིན་སྐབས་འདོན་རྒྱུའི་བོད་བརྒྱུད་ནང་བསྟན་རིས་མེད་བསྔོ་སྨོན་ཞལ་འདོན་སྟབས་བདེ་ཞིག་བཅས་དེབ་ཁག་གཉིས་བསྒྲིག་རྒྱུ་བཅས་ཀྱི་དང་གྲོས་གཞི་ངོ་སྤྲོད་གནང་རྗེས་ཚོགས་ཞུགས་པ་ཡོངས་ནས་ནང་དོན་བསྡུ་སྒྲིག་སོགས་ཀྱི་ཐད་ལ་དགོངས་འཆར་ལྷུག་པར་གནང་ཞིང་གྲུབ་དོན་ཟིན་བྲིས་སུ་བཀོད་ཡོད།
དེ་ཡང་སྐབས་འདིའི་ཚོགས་འདུའི་གྲོས་གཞི་ནི། 《 བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་དང་འབྲེལ་བའི་ལམ་སྟོན་འབོད་སྐུལ་གྲོས་ཆོད》 ཅེེས་པ་ཡིན་པ་དང་། འབོད་སྐུལ་གྲོས་ཆོད་འདི་ནི། སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ལོོར་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་ཐའེ་ཝན་དུ་ཕེབས་སྐབས་ཞིབ་འཇུག་ཚོགས་པར་འདི་ལྟ་བུའི་ལམ་སྟོན་སྒྲིག་གཞི་ཞིག་བཟོ་རྒྱུ་གལ་ཆེན་ཡིན་པ་དང་། དེར་ཞིབ་འཇུག་ཚོགས་པའི་ངོས་ནས་ནུས་པ་འདོན་དགོས་པའི་དགོངས་ཚུལ་བཏོན་གནང་བ་གཞིར་བཟུང་། ལོ་དེར་༧རྒྱལ་དབང་འབྲུག་ཆེན་པ་སོགས་ཐའེ་ཝན་དུ་ཕེབས་པའི་བླ་ཆེན་གཞན་ལ་ཡང་ལམ་སྟོན་ཞུས་ཐོག སྤྱི་ལོ་༢༠༡༥ སྤྱི་ཟླ་༤ པའི་ཚེས་༢༣ ཉིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་ལྔ་པའི་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་མཁས་དབང་བཞི་བཅུ་ལྷག་གིས་གོང་གསལ་བརྗོད་གཞིའི་ཐོག་ཆེད་དམིགས་གྲོས་བསྡུར་ཞིབ་ཚགས་བརྒྱུད་གཞི་རྩའི་མ་ཟིན་ལ་གྲོས་འཆམས་བྱུང་།
དེ་རྗེས་འདས་པའི་ལོ་གཉིས་ལ་ཉེ་བའི་རིང་། ཞིབ་འཇུག་ཚོགས་པའི་ངོས་ནས་ནན་ཏན་ཆེན་པོས་ཞིབ་འཇུག་དང་བསྐྱར་ཞིབ་ཐེངས་མང་བྱས་པར་མ་ཟད། ཞྭ་སེར་བསྟན་པའི་མངའ་བདག་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་བ་༧རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་༧སྐྱབས་རྗེ་རཏྣ་བཛྲ་རིན་པོ་ཆེ། དེ་བཞིན་མཁས་དབང་ཚུལ་ཁྲིམས་བློ་གྲོས་དང་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་སོགས་ལ་དངོས་སུ་སྤྱན་འབུལ་གོ་བསྡུར་ཞུས་པ་དང་། ཁྱད་པར་དུ། ཐེངས་འདིའི་བགྲོ་གླེང་ཐོག་ཚོགས་ཞུགས་པ་དག་གིས་སྐབས་འདིའི་ཐ་མའི་གཏན་འབེབས་ཀྱི་གྲོས་ཆོད་ཀྱི་འབྲུ་དོན་དང་རྒྱབ་ལྗོངས། དེ་ལ་ཐུན་མོང་གིས་ངོས་འཛིན་དང་རྒྱབ་སྐྱོར་གནང་ཕྱོགས། ཆོས་བརྒྱུད་བྱེ་བྲག་པ་དང་འབྲེལ་བའི་ནང་དོན་སོགས་ཀྱི་ཚིག་བརྗོད་དང་འགྲེལ་བརྗོད་ལ་བསྐྱར་ཞིབ། དེ་བཞིན། མ་འོངས་འགྲེམ་སྤེལ་ཞུ་སྟངས་དང་དགོས་དམིགས་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་ཡོད།
ད་ཐེངས་བགྲོ་གླེང་གི་སྐབས་སུ་ཚོགས་ཞུགས་པ་རྣམ་པས་བཏོན་པའི་དགོངས་འཆར་ཁག་གཞིར་བཟུང་གིས་ཞིབ་ཚོགས་ནས་ཐ་མའི་བསྐྱར་ཞིབ་གྲུབ་རྗེས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཛིན་བླ་ཆེན་རྣམ་པར་སྤྱན་འབུལ་དང་རྒྱབ་གཉེར་ཞུས་ཐོབ་ཀྱི་ཐོག་ནས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་ཡོངས་ཁྱབ་འགྲེམ་སྤེལ་ཞུ་རྒྱུ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་སྐབས་འདིའི་ཚོགས་ཞུགས་པ་རྣམ་པའི་ངོས་ནས་ཡིག་ཆ་འདི་ཉིད་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་ཕྱོགས་ལ་ལམ་སྟོན་གྱི་ནུས་པ་གང་ལེགས་ཐོན་ཐུབ་པའི་རྩ་འཛིན་གལ་ཆེན་ཞིག་ཆགས་རྒྱུའི་ཡིད་ཆེས་དང་རེ་བ་གནང་གིན་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཆོད་ཡིག་ཆའི་མིང་《རྒྱ་རིགས་སྤྱི་ཚོགས་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་དང་འབྲེལ་བའི་གཞེན་སྐུལ་གྲོས་ཆོད་》ཅེས་པའི་མིང་རང་འཇགས་ཐོག ་བསྡུས་མིང་《ལམ་སྟོན་གྲོས་ཆོད་》ཅེས་འདོགས་རྒྱུར་སྤྱི་མོས་བྱུང་།
མཇུག་མཐར། བགྲོ་གླེང་གཙོ་སྐྱོང་བས་བགྲོ་གླེང་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་གནང་གྲུབ་མཚམས། ཞིབ་ཚོགས་འགན་འཛིན་རྒྱུན་ལས་བཀྲ་ཤིས་རིན་པོ་ཆེའི་ཞིབ་འཇུག་ཚོགས་པའི་ཁ་ཕྱོགས་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བླ་ཆེན་རྣམ་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་གིས་ཕྱག་ལས་གནང་བཞིན་ཡོད་ཚུལ་སོགས་སྙན་སྒྲོན་ཞུས་རྗེས། ཞིབ་ཚོགས་འགན་འཛིན་རྒྱུན་ལས་སློབ་དཔོན་བསོད་ནམས་ཉི་མ་མཆོག་གིས་ཞིབ་འཇུག་ཚོགས་པའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་ཐོག་ཉིན་འདིའི་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་ནས་གྲོལ་ཡོད།
དཔེ་ཡག་པོ་བྱུང་བཞག དཀོན་མཆོག་གསུམ། ཁྱོད་ཚོ་ངོ་མ་བསྟན་པར་ཤ་ཚ་བའི་རིས་མེད་རྗེས་བྲང་བཟང་པོ་ཤ་སྟག་རེད་འདུག
བཀའ་དྲིན་ཆེ་ཨ།