ཐེ་བོ་སངས་རྒྱས།
བློ་དཀྱེལ་མཁའ་ལྟར་ཡངས་པ་ལས།།
བཟང་པོའི་བསླབ་བྱ་སྦྲང་ཆར་རྒྱུན།།
བསྟན་འགྲོ་ཐན་པས་གདུངས་པ་ཡི།།
འཛིན་མར་ཕྱམ་གྱིས་འབེབས་པ་པོ།།
འཇིགས་མེད་རིགས་པའི་སྐྱ་བ་ཐོགས།།
ཡེ་ཤེས་དག་པའི་གཟིངས་བཏང་སྟེ།།
རྒྱ་མཚོ་ལྟ་བུའི་གཞུང་ལུགས་ཀུན།།
ཕ་རོལ་ཕྱིན་ཁྱོད་གཙུག་གིས་མཆོད།།
གང་གི་གཟིགས་སྐྱོང་བསིལ་གྲིབ་འོག།
ངལ་བསོའི་སྐལ་བཟང་ཡུན་རིང་དུ།།
ཐོབ་པའི་སློབ་འབངས་གྱི་ན་བས།།
སྙིང་གི་དབུས་ནས་མཆིད་འགའ་གསོལ།།
ཉེ་བའི་དུས་སུ་རྣར་གཟན་པའི།།
མགོན་ཁྱོད་སྙུང་བའི་ཆ་འཕྲིན་དག།
ཐོལ་གྱིས་ཁྱབ་ཚེ་སེམས་པ་ནི།།
ལུ་གུ་བཞིན་དུ་ལྡིང་བར་བྱས།།
དེ་ལྟ་ནའང་བླ་སློབ་ཀྱི།།
གཡོ་བ་མེད་པའི་དམ་ཚིག་དང་།།
ཞབས་རིམ་རྡོ་རྗེའི་ཟིལ་ཤུགས་ལ།།
བར་ཆད་སྒྲ་གཅན་ཟོལ་གྱིས་བྲོས།།
བྷོ་ཊའི་ལས་དབང་སྣུམ་ཟད་མར་མེ་ལྟར།།
དུས་ཀྱི་འཐོར་རླུང་འཚུབ་ཁར་ལུས་ཙ་ན།།
གངས་རིའི་མགོན་པོ་མཆོག་གི་དཔུང་རོགས་སུ།།
སྲིད་པའི་མཐར་ཡང་ཀུན་ནས་བཞེངས་པར་མཛོད།།
ཅེས་མགོན་པོ་གང་གི་སློབ་འབངས་ཀྱི་གྲལ་མཐར་གཏོགས་པ། ཐེ་བོ་སངས་རྒྱས་སུ་འབོད་པས།
བོད་རྒྱལ་ལོ་༢༡༤༥ ས་གའི་ཉ་ལ་སྦྱར་བ་དགེ་ལེགས་འཕེལ།
རྒྱ་མཚོ་ལྟ་བུའི་གཞུང་ལུགས་ཀུན།།
ཕ་རོལ་ཕྱིན་ཁྱོད་གཙུག་གིས་མཆོད།། ཚིག་སྦྱོར་འདིའི་རིགས་བོད་པས་སྙན་ངག་འབྲི་སྟངས་ཤིག་རེད།