འབྲི་ཕྲུག་རོག་ཆུང་གིས།
༡༽
མིའུ་གདུང་དྲུག་བྲམ་ཟེ་དང་མཚུངས་ཨ་ལྕགས་འབྲུ་ཡི་རིགས་རྒྱུད་ཆེ།།
འོད་གསལ་ལྷ་ཡི་ལྷ་ལམ་ཀློང་ནས་གནམ་སྦྱིན་དཀར་པོ་གླིང་འདིར་བསྐྱུར།།
སྔ་འགྱུར་རྣལ་འབྱོར་གཞོལ་བཞིན་བབ་པའི་མཐུ་སྟོབས་ཐོཊ་མེད་སྔཊ་འཆང་རྒྱུན།།
རིམ་པར་བྱོན་པའི་འཕུལ་བྱུང་ཁྱུ་མཆོག་སྐྱུར་རའི་མི་ཕུད་ཁྱེད་ལ་བསྟོད།།
༢༽
རྒྱབ་བའི་ལུང་གིས་ཡང་ཡང་ཟིན་པ་རིན་དཔལ་ཞེས་གསལ་རབ་ཏུ་བསྔགས།།
གཏེར་ཆོས་དུ་མར་སྐབས་བབ་སྣ་ཚོགས་འབྲེལ་བའི་ལུང་ཡང་གྲངས་ལས་འདས།།
སིང་ག་གླིང་གི་དགྲ་བཅོམ་བཀའ་ལྟར་ཤཱཀྱ་ཤྲཱིས་སྐྱེས་ཕུལ་བས།།
གངས་རིའི་ལྗོངས་འདིར་མཁས་སྒྲུབ་དམ་པ་ཀླུ་སྒྲུབ་གཉིས་པར་དང་བས་བསྟོད།།
༣༽
དགའ་ལྡན་གནས་སམ་མངོན་དགའི་ཞིང་སོཊ་རབ་འབྱམས་དག་པའི་དཀྱིལ་འཁོར་ནས།།
ཡུམ་གྱི་ལྷུམས་སུ་རྡོ་རྗེ་མཆུ་ཡི་པོ་ཏིའི་རྣམ་པར་ཆུ་ཕག་ལོར།། (༡༡༤༣)
མདོ་ཁམས་འདན་སྟོད་ཙོང་ངུའི་གྲོང་དུ་གཟུགས་སྐུའི་མཚན་དཔེ་གེ་སར་དཔལ།།
མངལ་སྐྱོན་མ་འགོས་བཞད་པའི་རྒྱལ་སྲས་དཔལ་བ་ཐར་ལ་གུས་ཕྱག་འཚལ།།
༤༽
འབྲི་ཀློག་ཕར་ཆེར་བསྟན་པ་ཙམ་གྱིས་ཆགས་ཐོགས་མེད་པར་བྱང་ཆུབ་ཅིང་།།
ཐེལ་ཀློག་ཅེས་པ་ཀློག་ཆོད་ཆ་ཞིང་མགོ་འདོགས་འཕུལ་རྟེན་མཆུ་སྦྱོར་སོགས།།
སྒྲ་སྦྱོར་ཐ་དད་ཐོན་པར་ནུས་པའི་ཀློག་རྩལ་འདྲན་མེད་གངས་ལྗོངས་འདིར།།
སྒྲ་རིགས་མཁས་པའི་གཙུག་རྒྱན་ཆེན་པོ་བཙུན་པ་སྐྱབས་ལ་སྙིང་ནས་གུས།།
༥༽
ངོམས་མེད་མན་ངག་ཆོས་ཀྱི་བདུད་རྩི་དགེ་བའི་བཤེས་གཉེན་དུ་མའི་དྲུང་།།
མདོ་སྔགས་ཐོས་བསམ་སྒོམ་པའི་སྟོབས་ལས་ཉམས་ཐག་མཛེ་སྤྲང་ཁྱི་ཁྱམ་རྣམས།།
ཀློག་ཡོན་ཕྱོགས་མེད་འགྲེམ་ལ་མཁས་པ་སྦྱིན་པའི་དེད་དཔོན་ཁྱེད་ལྟ་བུ།།
སྙིང་རྗེའི་ལྷ་མཆོག་གཟུགས་སྐུར་འཆར་བ་རྡོ་རྗེ་དཔལ་ལ་ཡང་ཡང་དད།།
༦༽
དབུས་འགྱུར་ཆོས་ཀྱི་འདྲེན་པ་ཆེན་པོ་འགྲོ་མགོན་ཕག་གྲུའི་མཚན་ཐོས་ཏེ།།
ལམ་ཐག་རིང་བའི་དཀའ་སྡུག་བརྒྱ་ཕྲག་བཟོད་པའི་སྙིང་རུས་ཁོག་ཏུ་བཅང་།།
འགྱུར་མེད་མོས་གུས་བྲག་ལྟར་སྲ་བ་ཉིན་མཚན་དབྱེར་མེད་དག་སྣང་ངང་།།
རིགས་བདག་གཅོད་པཎ་ཞབས་ལ་བཏུད་མཛད་སྐྱུ་ར་ར་ཐུལ་ཅན་དེར་བསྟོད།།
༧༽
ཀུན་བཟང་ནགས་ཁྲོད་ཕག་མོ་གྲུ་རུ་དགུང་ལོ་ཉེར་ལྔ་མེ་ཕག་ལོར།། (༡༡༦༧)
འཁོར་བ་འཇིག་དངོས་རྡོ་རྗེ་རྒྱལ་པོའི་མཚན་དཔེ་སྐུ་ཡི་དཀྱིལ་འཁོར་མཇལ།།
ལུས་ངག་ཡིད་གསུམ་ལོངས་སྤྱོད་ལྟོས་མེད་ཚོམ་བུར་བཀོད་དེ་འབུལ་བའི་སྐབས།།
འཁོར་རྣམས་དེ་རིང་རྫོགས་སོ་གསུངས་ཏེ་དགེ་བསྙེན་ས་བཅུ་པ་དེར་བསྟོད།།
༨༽
སྔོན་འགྲོ་བྱམས་དང་སྙིང་རྗེའི་རྒྱུ་ལས་ཟུར་གཉིས་རྒྱུད་ལྡན་བྱང་སེམས་སྐྲུན།།
དངོས་གཞི་ཡི་དམ་བླ་མ་དབྱེར་མེད་བདེ་སྟོང་ཕྱག་ཆེན་འབྲས་བུ་སྨིན།།
རྗེས་སུ་དམིགས་མེད་འཁོར་འདས་དགེ་རྩ་འགྲོ་དྲུག་ཀུན་ལ་འགྱེད་པའི་དཔལ།།
མདོ་སྔགས་གདམས་པའི་བདུད་རྩིའི་མཛོད་འཛིན་རིན་ཆེན་དཔལ་ལ་སྙིང་ནས་གུས།།
༩༽
དབེན་ཅིང་ཉམས་དགའ་ཨེ་ཆུང་ཕུག་ཏུ་སྒྲུབ་པ་སྙིང་པོར་ལྷུར་བླངས་ཏེ།།
ཀླུ་བདུད་གདོན་གྱི་སྙུན་མཛེས་རྐྱེན་པས་སྐུ་ཚེའི་འདུ་བྱེད་དོར་སྙམ་ཚེ།། (༡༡༧༦)
སྙིང་རྗེའི་དཔུང་གིས་ཀླུ་གདོན་དམག་ཚོགས་སྐད་ཅིག་ཉིད་ལ་བཅོམ་མཛད་ནས།།
སྒོམ་མེད་ཆོས་སྐུའི་རྒྱལ་ས་འཛིན་མཛད་རྫོགས་པའི་སངས་རྒྱས་༧སྐྱོབ་པར་འདུད།།
༡༠༽
མདོ་རྒྱུད་ཟབ་གསང་མན་ངག་བཀའ་བབ་ཞུ་རོང་གཙང་པོའི་རྒྱུན་བཞིན་གཞོལ།།
གླིང་འདིའི་རྒྱལ་ཕྲན་རྒྱལ་བློན་འབངས་བཅས་མ་བོས་མགྲོན་གྱི་ཚུལ་དུ་འདུས།།
དགེ་སློང་བྱེ་བའི་འཁོར་ཚོགས་གདུལ་བྱ་སྐྱོང་བའི་དེད་དཔོན་འཛམ་གླིང་འདིར།།
མ་བྱོན་མི་བྱོན་ཤཱཀྱའི་རྒྱལ་ཚབ་འཇིག་རྟེན་གསུམ་གྱི་མགོན་པོར་འདུད།།
༡༡༽
གནས་གསུམ་ལ་སོགས་རི་ཀླུང་ཀུན་ཏུ་རི་པ་ས་གཞིའི་རྡུལ་ལྟར་བཀང་།།
བསྟན་པའི་ཆུ་རྒྱུན་གླིང་འདིར་འཕེལ་ཕྱིར་གདམས་ངག་གསེར་ཞུན་བསྟན་དགོངས་སྤེལ།།
མེ་གླང་ས་ཟླ་ཉེར་ལྔའི་སྲོད་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ།། (༡༢༡༧)
ཐིམ་ཚུལ་སྟོན་མཛད་མ་འདྲིས་འདྲེན་མཆོག་འབྲི་གུང་པ་དེར་གུས་ཕྱག་འཚལ།།
གོ་ལ་ཧྲིལ་པོའི་ཡང་རྩེར་དགེ་སློང་ཁྲི་མཚོ་བཅོ་བརྒྱད་ཀྱི་དབྱར་གནས་དུས་གཅིག་འདུས་པའི་ཚོགས་དཔོན་ཆེན་པོ། འདྲེན་མཆོག་ཐུབ་པའི་རྒྱལ་ཚབ་འདི་ཉིད། དགོངས་པ་མྱ་ངན་ལས་འདས་ནས། མི་ལོ་བརྒྱད་བརྒྱ་བཅུ་མེད་གཅིག་འཁོར་བའི་རྗེས་དྲན་མཆོད་འབུལ་ཆེན་མོར་དམིགས་ཏེ། དཔལ་མར་མི་དགས་གསུམ་གྱི་བསྟན་ཞབས་སུ་གཏོགས་པ་བཙུན་གཟུགསའཛིན་པ་འབྲི་ཕྲུག་རོག་ཆུང་གིས། སྤྱི་ལོ་ ༢༠༡༨ ཟླ་བ་ ༦ ཚེས་ ༨ ཉིན་ཕུལ།།
དོན་ལ་གནས་པའི་སྙན་རྩོམ་ཞིག་བྲིས་འདུག བཀའ་དྲིན་ཆེ།
༄༅། དེ་རིང་ཡོད་ན་སང་ཉིན་མེད། འཁོར་བའི་རྒྱུ་ལ་སྙིང་པོ་མེད།
དེ་རིང་དགའ་ན་སང་ཉིན་སྡུག། འཁོར་བའི་བདེ་ལ་བློ་གཏད་མེད
དེ་རིང་སྐྱེས་ན་སང་ཉིན་འཆི། འཁོར་བའི་ཚེ་ལ་རྟག་པ་མེད།