རྫ་ཚེ་རིང་བཀྲ་ཤིས།
༡༽ གླེང་མོལ་གྱི་དོན་སྙིང་།
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
ལར་ང་ནི་ཤེས་རབ་ཅན་ཞིག་མིན་ལ། རྩོད་པར་མོས་ཞེན་ཡོད་པ་ཞིག་དེ་བས་ཀྱང་མིན། དེ་ལྟར་ཡང་། མཁས་པའི་སྐད་ཆ་ཡིན་ཡང་ཅུང་ཟད་རེད་མི་འདུག་སྙམ་པ་དེ་འདྲ་ཁ་ཤས་ལ་འཕྲལ་འཕྲལ་དཔྱད་ལན་རེ་ཕུལ་བ་ཡིན། དཔྱད་བརྗོད་ཐན་ཐུན་དེ་འདྲ་ད་དུང་ཡང་འབྲི་སྲིད།
མ་གཞི་ཞལ་བཞུགས་བཞིན་པའི་མཁས་པ་དག་དང་ཐད་སོ་ཐད་སོར་གླེང་མོལ་ཞུ་བ་ནི་ཧ་ཅང་ཡག་པོ་ཞིག་རེད། སྨྱུག་ཐོགས་པ་ཞིག་གི་ངོས་ནས་རང་གིས་གང་བྲིས་པ་དེ་དུས་ཀྱི་སྐད་ཅིག་འདིའི་འོད་ངོགས་ན་མཉམ་དུ་འཚོ་བའི་གྲོགས་པོ་ཚོར་མཉམ་སྤྱོད་དང་། དེ་དག་གིས་ཀྱང་ཡག་སྡུག་གི་བརྡ་ལན་རེ་གནང་ན་དེ་ནི་དོན་སྙིང་ལྡན་པ་ཞིག་ཡིན་ངེས།
༢༽ མཁར་རྨེའུའི་བཀའ་མོལ་དང་ངའི་བློ་འཚབ།
ཉེ་ཆར་ངས་མཁར་རྨེའུ་བསམ་གཏན་གྱིས་བྲིས་པའི་རྩོམ་ཐུང་ཞིག་མཇལ་བྱུང་། མིང་ལ་རྫོགས་ཆེན་ལ་བལྟས་པའི་བསམ་ཞིབ་གསར་པ་ཞེས་བཏགས་འདུག གཅིག་བྱས་ན་དེ་ནི་བོད་སྒྱུར་མཁན་ནམ། ཡང་ན་དྲ་བདག་ཞིག་གིས་བཏགས་པ་ཡིན་སྲིད། འདིར་བོད་ཡིག་ཏུ་གང་ཡོད་པ་དེ་གཞིར་བཟུང་བ་ཡིན། གལ་ཏེ་མ་ཡིག་དང་ཧེ་བག་འདྲ་འདུག་ན་ནི། རྩོམ་པ་པོའམ། དབྱིན་ཡིག་ཡག་པོ་མཁྱེན་མཁན་གཞན་གྱིས་གསལ་བཤད་རེ་གནང་ན་ཤིན་ཏུ་ལེགས། ང་བོད་ན་ཡོད་དུས་ཀྲུང་གོའི་བོད་རིག་པ་ཞེས་པའི་དུས་དེབ་ཏུ་བྲིས་པའི་བཙན་པོའི་རྒྱལ་ཁབ་སིལ་བུར་འཐོར་བའི་སྐོར་དང་འབྲེལ་བའི་ཁོང་གི་དཔྱད་རྩོམ་ཞིག་མཇལ་མྱོང་ཡོད། གཞན་རྩོམ་ཡིག་དེ་འདྲ་མཇལ་མྱོང་བ་མི་དྲན་མོད། གང་ལྟར་ཁོང་ནི་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་སྙན་གྲགས་ཡོད་པའི་མཁས་དབང་ཞིག་རེད། ཁོང་གིས་ཀྱང་མཁས་པ་རྒན་པ་གཞན་དང་འདྲ་བར་བོད་རིག་པ་འདི་རྒྱལ་སྤྱིའི་ཐོག་ཏུ་ངོ་སྤྲོད་གནང་བར་ནུས་ཤུགས་མང་པོ་བཏོན་ཡོད་ངེས་རེད། རྩོམ་ཡིག་འདི་འབྲི་སྐབས་སུ་ཡང་ཁོང་ལ་དགོས་ངེས་ཀྱི་གུས་ཞབས་ཞུ་རྒྱུ་དྲན་པ་བརྗེད་མེད།
འོན་ཀྱང་ཁོང་ལྟ་བུ་ཞིག་གི་སྐད་ཡིག་གཞན་གྱི་ཐོག་ཏུ་རྫོགས་ཆེན་དང་འབྲེལ་བའི་རྩོམ་ཡིག་ཅིག་བྲིས་ན་མང་པོ་ཞིག་གིས་ཆ་འཇོག་བྱེད་ངེས་རེད། ཁོང་གི་ངོས་ནས་ཀྱང་ཆེ་མཐོང་ཡོད་པའི་མཁས་དབང་ཞིག་གི་ཀུན་སྤྱོད་ཀྱི་ཐོག་ནས་རྩོམ་ཡིག་འབྲི་རྒྱུ་ནི་ལྡོག་ཏུ་མེད་པའི་འགན་འཁྲི་རེད། ཡིན་ན་ཡང་བློ་ཕམ་པ་ཞིག་ལ། རྩོམ་ཡིག་འདི་ཐུང་ཐུང་ཞིག་ཡིན་ན་ཡང་མངོན་གསལ་ཅན་གྱི་ནོར་འཁྲུལ་དུ་མ་ཞིག་འདུག་པ་དེས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་ཚོར་ཡང་དཔྱད་གཞིའི་བརྡ་ལན་ནོར་བ་ཞིག་སྤྲོད་རྒྱུ་ཡིན་པ་དེར་ང་ཡང་བློ་འཚབ་བྱུང་།
༣༽ འདི་ལ་ཞིབ་ཆ་མི་འདུག
དེ་ཡང་ཁོང་གིས། ༼རྙིང་མའི་ལྟ་ཚུལ་ལྟར་ན། རྫོགས་ཆེན་གྱི་གཞུང་ནི་བེ་རོ་ཙ་ནས་དུས་རབས་བརྒྱད་པའི་སྐབས་སུ་རྒྱ་གར་ནས་གདན་དྲངས་པར་གྲགས། ༽({}འོག་ཏུ་རྟགས་འདིའི་ནང་དུ་ཡོད་པ་ཁོང་གི་རྩོམ་ཡིག་གི་ཚིག་དངོས་ཡིན)ཞེས་གསུངས།
བཀའ་མོལ་འདི་ཉེན་ཁ་ཅན་ཞིག་མ་རེད། ཡིན་ན་ཡང་། འདི་ལ་ཡང་ཞིབ་ཆ་མི་འདུག རྙིང་མས་རྫོགས་ཆེན་ཡོད་ཚད་བེ་རོས་གདན་དྲངས་པ་རེད་མི་ཟེར།
རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་ནང་ནས་སེམས་སྡེའི་དང་ཀློང་སྡེའི་སྐོར་མང་ཤོས་བེ་རོས་བསྒྱུར་ཅིང་། བི་མ་ལ་སོགས་ཀྱང་མཉམ་ཞུགས་གནང་ཡོད་པ་རྫོགས་ཆེན་གྱི་ལོ་རྒྱུས་དག་ཏུ་འཁོད། དེ་ཙམ་མ་ཟད། མན་ངག་གི་སྡེའི་སྐོར་ནི་སློབ་དཔོན་པདྨས་ཐད་ཀར་ལྷ་ལྕམ་པདྨ་གསལ་ལ་གཏད་པར་འདོད། ད་དུང་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་གྲས་སྦ་བཞེད་དུ་གུ་རུས་དངོས་སུ་གསུངས་པ་གསལ་བོར་འཁོད་པའི་མན་ངག་ལྟ་ཕྲེང་ཡང་རྫོགས་ཆེན་གྱི་གཞུང་ཡིན།
ལྟ་ཕྲེང་འདི་རྫོགས་ཆེན་གྱི་གཞུང་ཡིན་པ་རོང་ཟོམ་པའི་ལྟ་ཕྲེང་འགྲེལ་པར། རྫོགས་པ་ཆེན་པོའི་ཚུལ་ནི་མན་ངག་གི་ཡི་གེ་འདི་བརྩམ་པའི་གཞིའ་ཉིད་ཡིན་པའི་ཕྱིར། དོན་གཏན་ལ་ཕབ་ནས་རྒྱས་པར་གསུངས་ལ། ཞེས་གསུངས་ཡོད། འོན་ཀྱང་། བེ་རོས་རྫོགས་ཆེན་བོད་དུ་ནང་འདྲེན་ཞུ་བར་ནུས་པ་ཆེ་ཤོས་བཏོན་ཡོད་པ་ཁས་ལེན་གྱི་ཡོད།
ཡང་རྩོམ་ཡིག་དེར་རྫོགས་ཆེན་ལ༼རྙིང་མ་པས་རྩོད་སྒྲུབ་དང་བྲལ་བའི་ཐེག་པ་ཞེས་ཟེར༽ཞེས་པ་ཞིག་འདུག་པ་ནི་ཕལ་ཆེར་རྩོལ་མེད་ཀྱི་ཐེག་པ་ཞེས་པ་འགྱུར་གྱིས་མ་འཁྱོངས་པ་ཡིན་ནམ་སྙམ།
༤༽ བེ་རོའི་རྣམ་ཐར་སྔར་ནས་ཡོད།
ཡང་ཁོང་གིས་༼བེ་རོའི་རྣམ་ཐར་དུ་ཁོང་དང་རྒྱ་གར་གྱི་མཁས་པ་རྣམས་ཕན་ཚུན་མཇལ་ཚུལ་དང་རྫོགས་ཆེན་གྱི་གཞུང་རྣམས་བོད་དུ་ནང་འདྲེན་གནང་ཚུལ་སྐོར་རགས་ཙམ་འཁོད་ཡོད་ན་ཡང་། རྣམ་ཐར་དེ་བརྩམས་པའི་དུས་ནི་དུས་རབས་བཅུ་བཞི་བའི་སྐབས་ཡིན་པ་རེད། ༽ཅེས་གསུངས།
འདིར་ཁོང་གིས་དེ་ལྟར་གསུངས་པ་དེ་གཅིག་བྱས་ན་གཏེར་ཆོས་རེད་བསམ་པའམ། ཡང་ན་དུས་རབས་བཅུ་བཞིའི་སྔོན་གྱི་ཡིག་ཆ་དག་ཏུ་དེའི་སྐོར་འཁོད་ཡོད་པ་མ་མཐོང་ནས་ཁས་ལེན་མ་འདོད་པ་ཡིན་སྲིད། ཡིན་ན་ཡང་། གལ་ཆེ་བ་ཞིག་ལ། བེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་འདི་གཏེར་མ་ཁོ་ན་ཞིག་མ་རེད་ལ། དུས་རབས་བཅུ་བཞི་བའི་སྔོན་ནས་ཡོད་པའི་སྒྲུབ་བྱེད་ཀྱང་ཁག་ཅིག་འདུག
དེ་ཡང་སྤྱི་ཚོགས་རྙིང་པའི་སྐབས་སུ་རྒྱལ་ཁམས་པ་ཆོས་ཀྱི་སེང་གེ་ཞུ་བ་ཞིག་གིས་རྣམ་ཐར་འདི་ཤིང་པར་གཙོ་བོར་གྱུར་པའི་བཀའ་མའི་དཔེ་མི་འདྲ་བ་དྲུག་ཙམ་བསྡུར་ནས་དཔར་ཤིང་དུ་བརྐོས་འདུག་ལ། དཔེ་དེའི་མཇུག་བྱང་དུ། རྗེ་ཉིད་དང་གཡུ་སྒྲ་ལ་སོགས་པ་བུ་སློབ་བདུན་གྱིས་དཀར་ཆགས་སུ་བཏབ་པ་རྫོགས་སོ། །ཞེས་གསལ།
དེང་སང་བོད་ནང་དུ་གཟན་དཀར་རིན་པོ་ཆེ་སོགས་ཀྱི་མཐུན་གྱུར་འོག་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པ་དེ་ཡང་པར་མ་དེ་ལ་མ་དཔེ་བྱས་པ་རེད། ཆོས་ཀྱི་སེང་གེ་ཞུ་བ་ཁོང་གི་སྐོར་ཅུང་ཟད་ཅིག་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཞེས་པར་འཁོད་ཡོད་འདུག
འདྲ་འབག་ཆེན་མོ་དབུ་མེད་བྲིས་མ་དཔེ་རྙིང་གཞན་ཞིག་གི་མཇུག་ཏུ་ཡང་། འདྲ་འབག་གི་བརྒྱུད་པ་ནི། བེ་རོས་ཚ་བའི་རོང་དུ་གཡུ་སྒྲ་ལ་གནང་བ་ནས་རིམ་པར་ཡར་ལུང་དར་མ་ཤེས་རབ་དང་མི་ཉག་འབྱུང་གྲགས་སོགས་ནས་གནས་གསར་བ་ཞེས་པའི་བར་བརྒྱུད་པ་བཅུའི་རིང་གཅིག་ནས་གཅིག་ཏུ་བཏད་དེ་བྱུང་ཚུལ་གྱི་གནའ་མཆན་བཀོད་འདུག
ངས་བསམ་ན། རྒྱུ་མཚན་འདི་དག་བེ་རོའི་རྣམ་ཐར་དུས་རབས་བཅུ་བཞི་བའི་སྔོན་ནས་ཡོད་པའི་སྒྲུབ་བྱེད་ཚད་ལྡན་དུ་ཡིད་ཆེས་བྱེད་ཆོག་པ་འདུག་སྙམ། མ་མཐའ་ཡང་གནོད་བྱེད་སྟོབས་ལྡན་མ་མཐོང་གི་བར་འདི་བཞིན་ཆ་འཇོག་ཞུ་རྒྱུ་ནི་ལུགས་མཐུན་ཞིག་རེད།
༥༽ རྫོགས་ཆེན་ཧ་ཤང་གཅིག་པ་མིན།
དེ་ནས་ཡང་ཁོང་གིས། ༼སངས་རྒྱས་ཆོས་ལུགས་པ་ཁུངས་བཙུན་ཡིན་པར་འདོད་པ་རྣམས་ཀྱིས་རྫོགས་ཆེན་གྱི་གཞུང་ནི་རྒྱ་ཡི་ཧྭ་ཤང་མ་ཧཱ་ཡ་ན་བོད་ནས་ཕྱིར་འབུད་བྱས་རྗེས་ལུས་པའི་ལྟ་བ་ཡིན་པར་ངོས་འཛིན་བྱེད་པ་ཡིན་ལ། གཞུང་དེ་ནི་རྫུན་མ་ཡིན་པས་བཀག་བསྡོམས་བྱས་སོ་ཞེས་བརྗོད་པ་ཡིན། ༽ཞེས་གསུངས།
འགྱུར་འདི་ཅུང་ཟད་མ་བདེ་ཞིག་འདུག་སྟེ། གང་ལྟར། ཁོང་གིས་བོད་ཀྱི་ནང་པ་ཚད་ལྡན་དག་གིས་རྫོགས་ཆེན་འདི་རྒྱ་ཡི་ཧྭ་ཤང་གིས་བསྐྱུར་པའི་ལྟ་བ་རེད་ཅེས་བཀག་ཡོད་ཅེས་གསུངས་འདོད་པ་འདྲ།
སྔ་རབས་པའི་སྤྲོས་བྲལ་དང་ཡིད་ལ་མི་བྱེད་པ་སོགས་ཀྱི་གསུང་སྒྲོས་དག་ཧ་ཤང་གི་ལྟ་བ་རེད་ཅེས་དགག་པ་བརྗོད་མཁན་ཡོད་མྱོང་བ་བདེན་པ་རེད། ཁྱད་པར་དུ་རྗེའི་ལྷག་མཐོང་ཆེན་མོ་དང་མཁས་གྲུབ་རྗེའི་དབུ་མའི་སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་སུ་ཧྭ་ཤང་མ་ཤང་མེད་པར་སྔ་རབས་ཀྱི་ཕྱག་རྫོགས་དབུ་གསུམ་སྟེ། མདོར་ན་ཅི་ཡང་མི་ཡིད་ལ་མི་བྱེད་པ་དང་སྤྲོས་བྲལ་ཡོད་ཚད་ལ་དགག་པ་ཤུགས་ཆེན་པོ་གནང་ཡོད། མེད་དགག་རྩལ་འདོན་གནང་བ་དང་མཉམ་དུ་ཧ་ཤང་དང་སྔ་རབས་པའི་དབུ་མའི་ལྟ་བ་ཕྱོགས་གཅིག་ཏུ་བཞག་ནས་དགག་པ་ཤུགས་ཆེ་ཤོས་གནང་མཁན་རྗེ་ཡབ་སྲས་འདི་གཉིས་རེད། ཡིན་ན་ཡང་། དེ་རྣམ་པས་ཀྱང་རྫོགས་ཆེན་གྱི་བཀའ་སྲོལ་དེ་ཧ་ཤང་གི་ལུགས་རེད་ཅེས་གཏན་ནས་གསུངས་མེད། མ་ཟད་མཁས་གྲུབ་རྗེའི་བཀའ་འབུམ་པོད་དང་པོར་བཞུགས་པའི་བཤེེས་གཉེན་སངས་རྒྱས་རིན་ཆེན་གྱི་དྲིས་ལན་དུ། ། རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བེ་རོ་ཙ་ན་དང་རྨ་ཉགས་གཉིས་དགེ་སློངམི་ལྔ་ལ་སོགས་པའི་ཚད་མའི་སྐྱེས་བུར་གྱུར་པའི་ལོ་ཙྪ་བ་རྣམས་ལ་གསེར་བྲེས་བཤར་ལ་ཡོན་ཏུ་བསྐུར་ནས་རྒྱ་གར་དུ་བརྫངས་ཏེ། རྫོགས་པ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་ན་མེད་པའི་ཆོས་རྣམས་པན་ཏི་ཏ་དང་། གྲུབ་པ་བརྙེས་པ་རྩོད་མེད་དུ་གྲགས་པ་རྣམས་ལ་ཞུས་ཤིང་བསྒྱུར། ཅེས་གསུངས་ཤིང་། འདིས་ནི་རྫོགས་པ་ཆེན་པོ་ཆོས་རྣམ་དག་ཡིན་པར་ཞལ་གྱིས་བཞེས་པ་ཙམ་མ་ཟད་འབྱུང་ཁུངས་རྒྱ་གར་ཡིན་པའང་གསལ་གསལ་བརྗེན་བརྗེན་དུ་བསྟན་པ་རེད། ད་ནི་འདི་ཡང་འགྲན་རྩོད་ལ་དགའ་བའི་རྙིང་པ་ཞིག་རེད་གསུང་ངམ། དེ་བཞིན་དུ་རྗེརིན་པོ་ཆེའི་བཀའ་འབུམ་དང་རྣམ་ཐར་ཚད་ལྡན་དག་ཏུ་ཡང་རྫོགས་ཆེན་ཡང་དག་ཡིན་པར་ཞལ་གྱིས་བཞེས་པའི་དཔང་པོ་མང་དུ་བཞུགས་ཏེ་འདི་ཙམ་གྱིས་ཆོག་པས་མ་དྲངས།
དེས་ན་ཁྱེད་ཀྱིས་རྫོགས་ཆེན་གྱི་གཞུང་ཧྭ་ཤང་གི་ལྟ་བ་ཡིན་ནོ་ཞེས་བཀག་སྡོམ་བྱས་པ་ཡིན་ཟེར་བ་འདི་ནི་གཞི་རྩ་མེད་པའི་བཀའ་མོལ་ཞིག་རེད།
༦༽ རྡོ་ལ་གསེར་ཞུན་དང་ལྟ་ཕྲེང་ནི་དཔང་པོ་ཡིན།
ཡང་ཁོང་གིས། ༼འགྲན་རྩོད་ལ་དགའ་བའི་རྙིང་མའི་རྩོམ་པ་པོ་མང་ཆེ་བས་གོང་གསལ་མཁས་པའི་ལྟ་ཚུལ་ལ་དགག་པ་བཀྱོན་ནས་རྫོགས་ཆེན་གྱི་གཞུང་ནི་བེ་རོ་ཙ་ནས་རྒྱ་གར་ནས་བསྣམས་ཕེབས་པའི་ཆོས་ལུགས་ཀྱི་གཞུང་ལུགས་ཤིག་ཡིན་པའི་ངོས་འཛིན་གནང་ཡོད་༽ ཞེས་བྲིས་འདུག འདིར་ཁོང་གིས་༼འགྲན་རྩོད་ལ་དགའ་བའི་རྙིང་མའི་རྩོམ་པ་པོ༽དང་གོང་གསལ་གྱི་མཁས་པ་ཞེས་པ་སུ་ལ་གསུང་གིན་ཡོད་གོ་བ་ལེན་མི་ཤེས་པ་ཞིག་རེད།
ཕྱིས་ནས་རྙིང་མ་འགའ་ཞིག་གིས་རྒྱ་གར་ལ་ཁུངས་གཏུགས་རྒྱུ་དྲན་པ་རེད་ཟེར་ན་དེ་བདེན་པ་མ་རེད། རྙིང་མས་སྔར་ནས་རྫོགས་ཆེན་གྱི་ཁུངས་རྒྱ་གར་ལ་གཏུགས་པ་བེ་རོའི་འདྲ་འབག་ཆེན་མོ་དང་མན་ངག་ལྟ་ཕྲེང་སོགས་ཀྱིས་དཔང་བོ་བྱེད་ཀྱི་ཡོད། མ་ཟད་ཁྱེད་ཀྱིས་རྩོམ་ཡིག་འདིར་མཚན་དངོས་སུ་སྨོས་པའི་སྔ་འགྱུར་སྐབས་ཀྱི་རྩོམ་ཡིག་འཁྲུལ་མེད་བསམ་གཏན་མིག་སྒྲོན་ནི་དཔང་བོ་ཡག་ཤོས་དེ་མ་ཡིན་ནམ། གཞུང་དེར། རྫོགས་ཆེན་དེ་དགའ་རབ་རྡོ་རྗེ་དང་། པདྨ་འབྱུང་གནས་སོགས་དང་འབྲེལ་བ་ཞིག་ཡིན་པ་གསལ་པོར་བཀའ་གནང་མི་འདུག་གམ།
དེ་ཡང་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་བསམ་གཏན་མིག་གི་སྒྲོན་མའི་རང་འགྲེལ་གྱི་ལེའུ་ཐ་མར་རྫོགས་པ་ཆེན་པོའི་གཞུང་རྒྱས་བཤད་གནང་སྐབས། དགའ་རབ་དང་། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་བཞེད་པ་ཧ་ཅང་མང་པོ་བཀོད་ཡོད་པར་མ་ཟད། རྒྱ་གར་གྱི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་བྱང་སེམས་རྡོ་ལ་གསེར་ཞུན་གྱི་ལུང་འདྲེན་ལུང་ཁུངས་དང་བཅས་པ་དངོས་སུ་དྲངས་ཡོད། འདི་ནི་ལོ་རྒྱུས་རིག་པའི་དཔྱད་ཐབས་ཀྱི་ངོས་ནས་ཀྱང་དམིགས་བསལ་གྱིས་རིན་ཐང་ཡོད་པའི་ཁུངས་སྐྱེལ་ཞིག་རེད། གང་ཡིན་ཟེར་ན། རྡོ་ལ་གསེར་ཞུན་ནི། གཞུང་རང་གི་མཇུག་ཏུ། འཇམ་དཔལ་བཤེས་གཉེན་གྱིས་རྫོགས་པ་ཆེན་པོའི་རྒྱུད་ལས་བཏུས་པ་རྫོགས་སོ་ཞེས་པའི་མཛད་བྱང་བཅས་ཡོད། ཁོང་ནི་དགའ་རབ་རྡོ་རྗེའི་དངོས་སློབ་ཡིན་པས་ཁོང་གི་གཞུང་དང་གཞུང་གང་ལས་བཏུས་པའི་ཁུངས་ཚང་མ་རྒྱ་གར་དང་ཨོ་རྒྱན་ཡུལ་སོགས་ཡིན་པ་ལས་བོད་ནས་ཡིན་ཚུལ་ཞིག་མེད་པ་ཁྱེད་ལྟ་བུས་མི་དགོངས་པ་ག་ལ་སྲིད།
ད་དུང་རྫོགས་ཆེན་གྱི་ཁུངས་རྒྱ་གར་ལ་གཏུགས་པ་འདི་ཕྱིས་ཀྱི་རྙིང་མ་པའི་རྩོམ་པ་པོ་རྣམས་ཀྱིས་སུ་ཞིག་ལ་འགྲན་སློང་བའི་ཆེད་དུ་བཟོས་པ་ཞིག་ཡིན་པ་སྐད་དུ་བཤད་པ་ནི་རྒྱུ་མཚན་དང་ལྡན་པ་ཞིག་མ་རེད།
༧༽ ཀློང་ཆེན་གྱིས་མ་གསུངས་པ་ཞིག
དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ། ཁོང་གིས། ༼ཀློང་ཆེན་རབ་འབྱམས་ཀྱིས་རྫོགས་ཆེན་གྱི་གཞུང་ནི་ཧྭ་ཤང་གི་མ་ཧ་ཡ་ནའི་གཞུང་ལུགས་རྩེར་སོན་དེ་ཡིན་ཞེས་གསུངས།༽ཞེས་ཟེར། འདི་ནི་དངོས་གནས་དེ་འདྲ་མ་རེད།
སྲོང་བཙན་གྱི་དུས་ནས་ལྷ་སར་ཡང་རྒྱ་ནག་ནས་དར་བའི་ནང་ཆོས་དང་དགེ་འདུན་པ་དཀོན་མཆོག་གི་རྟེན་བཅས་ཡོད་ལ། ཁྲི་སྲོང་གི་སྐབས་སུ་བསམ་གཏན་ཆོས་ལུགས་ཀྱི་མེས་པོ་རྒྱ་གར་མཁན་པོ་དརྨོཏྟརའི་གཞུང་དང་། དེའི་བརྒྱུད་འཛིན་ཧ་ཤང་མ་ཧྭ་ཡན་སོགས་བསམ་གཏན་མཁན་པོ་དག་གི་གཞུང་དུ་མ་ཞིག་བོད་ཡིག་ཏུ་བསྒྱུར་ཚུལ་དཀར་ཆགས་ལྡན་དཀར་མ་སོགས་སུ་འཁོད་ཡོད་ཀྱང་། རྫོགས་ཆེན་གྱི་རྒྱུད་སྡེ་དག་དང་ཧ་ཤང་གི་བར་ལ་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་གསུངས་མེད། ཁྱད་པར་དུ་ཀློང་ཆེན་པས་དེ་ལྟར་གསུངས་ཟེར་བ་འདི་བདེན་པ་གཏན་ནས་མ་རེད།
༨༽ སྤྲོས་བྲལ་ཙམ་གྱི་ཆ་ནས་གཅིག
དེ་ཡང་ཀློང་ཆེན་པས་གནས་ལུགས་མཛོད་ཀྱི། རང་བྱུང་རིག་པ་དོན་དམ་ཉི་མ་ལ། །དགེ་སྡིག་དཀར་ནག་གཉིས་ཀའི་སྤྲིན་གྱིས་བསྒྲིབས། །ཅེས་པའི་ཐད་ཀྱི་རང་འགྲེལ་དུ། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང་དོན་ལ་དེ་བཞིན་དུ་གནས་སོ། །ཞེས་པ་ཞིག་འབྱུང་བ་བདེན་མོད། དེའི་དོན་ནི། ཀ་དག་ཁྲག་ཆོད་ཀྱི་ལྟ་བས་སྤྲོས་བྲལ་མཉམ་ཆེན་པོར་ལ་བཟླ་བའི་སྐབས་སུ་བཟང་ངན་དང་དགེ་སྡིག་གི་མཚན་མ་གང་ཡང་མེད་པ་ཉིད་རྩལ་དུ་འདོན་དགོས་པ་ཡིན་པས། དེ་དང་འཁྲས་ནས་ཧ་ཤང་གིས་བཟང་རྟོག་དང་ངན་རྟོག་གཉིས་ཀས་གཤིས་ལ་བསྒྲིབས་པས་སྤོང་དགོས་ཞེས་གསུངས་པའི་དགོངས་ཚུལ་དེ་གནས་ཚུལ་མཐར་ཐུག་གི་དབང་དུ་དོན་ལ་གནས་ཞེས་པའི་དོན་རེད།
འདིར་གལ་ཆེ་བ་ཞིག་ལ། རྫོགས་ཆེན་གྱི་སྐབས་སུ་ཡུལ་སྤྲོས་བྲལ་ཆོས་ཉིད་ཀྱི་ལྟ་བ་དང་། ཡུལ་ཅན་འོད་གསལ་ཆོས་ཅན་གྱི་ལྟ་བ། དེ་གཉིས་རིག་པའི་ངང་དུ་དབྱེར་མེད་པ་རང་རིག་ལྟ་བའི་ལྟ་བ་སྟེ་ལྟ་བ་གསུམ་གྱི་ཆོས་སྐད་ཡོད་པ་ཡིན་ལ། ཡུལ་སྤྲོས་བྲལ་ཀ་དག་གི་ལྟ་བའི་ངོས་ནས་རྒྱུའི་ཐེག་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་རྫོགས་ཆེན་གྱི་ལྟ་བ་ཁྱད་མེད་དུ་བཞེད། དེའི་དབང་གིས། ཐེག་མཆོག་མཛོད་དུ་ཡང་ཀླུ་སྒྲུབ་ཀྱི་གཞུང་ལུགས་སྐོར་ལ་ཀློང་ཆེན་པས་རྩོད་ཟློག་གི་ལུང་དང་བཅས་ཏེ། འདི་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོ་ཡིན་ནོ། །ཞེས་གསུངས་ཡོད། དེ་འདྲ་བར། འཇུ་མི་ཕམ་པས་ཀྱང་། ཀ་དག་བདར་ཤ་ཆོད་པ་ལ། །ཐལ་འགྱུར་ལྟ་བ་མཐར་ཕྱིན་དགོས། །སྤྲོས་བྲལ་ཙམ་གྱི་ཆ་ནས་ནི། །དེ་གཉིས་ཁྱད་པར་མེད་དོ་གསུང་། །ཞེས་ཀློང་ཆེན་པའི་བཞེད་པ་དང་མཐུན་པར་བཤད་ཡོད། འདི་ཙམ་གྱི་ཆ་ནས་ཧ་ཤང་གི་གསུངས་པ་དོན་ལ་གནས་པའི་སྐབས་ཡོད་པ་ནི་ཧ་ལས་པ་ཞིག་མིན།
༩༽ ངས་ཚོད་དཔག་བྱས་པ་ཞིག་མིན།
ད་དུང་ཁ་གསལ་དུ་བཏང་ན། གནས་ལུགས་མཛོད་ནི་རྫོགས་པ་ཆེན་པོའི་བྱར་མེད་ཀྱི་དམ་ཚིག་གཞི་འཆད་བྱེད་ཀྱི་གཞུང་ཞིག་ཡིན་ཞིང་། སྐབས་དེའི་མེད་པའི་དམ་ཚིག་གི་ངོ་བོ་ངོས་འཛིན་སྐབས། མེད་པའི་ངོ་བོ་ནམ་མཁའ་ལྟ་བུ་སྟེ། །སྨྲ་བསམ་བརྗོད་ལས་འདས་པར་ཤེས་པར་བྱ། །ཞེས་གསུངས་ཤིང་། མེད་པའི་ལྡོག་ཆ་ནས་དབུ་མའི་སྤྲོས་བྲལ་དང་ངོས་འཛིན་གཅིག་པ་ཡིན། དེས་ན་སྤྲོས་བྲལ་དུ་ལ་བཟློ་བའི་སྐབས་སུ་ཧ་ཤང་གིས་བཟང་རྟོག་དང་ངན་རྟོག་ཚང་མས་གཤིས་ལ་བསྒྲིབས་པར་གསུངས་པ་དེའང་འགྲིག་པ་ཞིག་རེད་དགོངས་པ་ཙམ་རེད།
འདི་ཡང་ངས་ཚོད་དཔག་བྱས་པ་ཞིག་མིན། ཁོང་གི་བཀའ་མོལ་གནང་ས་དེ་ཏག་ཏག་གནས་ལུགས་མཛོད་ཀྱི་མེད་པའི་དམ་ཚིག་གི་ཆིངས་ཆེན་པོ་བཞི་སྟེ། གནད་དཀྲོལ་བ། འགག་བསྡམས་པ། ཆིངས་སུ་བཅིངས་པ། ལ་བཟླ་བ་སྟེ་བྱར་མེད་ཀྱི་ཆིངས་ཆེན་པོ་བཞིའི་བཞི་པ་ལ་བཟླ་འཆད་པའི་སྐབས་སུ་ཁེལ་ཡོད། དེ་མ་གཏོགས། ཧ་ཤང་གི་ལྟ་བ་མཐོན་པོ་སྤེལ་སྟངས་ཀྱི་ཐད་ནས་ནོར་འཁྲུལ་བྱུང་ཡོད་མེད་ཀློང་ཆེན་པས་རྒྱབ་གཉེར་མཛད་མེད་ལ། དེ་དང་རྫོགས་ཆེན་གཅིག་པ་ཡིན་པ་ནི་དེ་བས་ཀྱང་ཟུར་ཙམ་ཡང་གསུངས་མེད་བཞིན། ཀློང་ཆེན་པས་ཧ་ཤང་གི་ལྟ་བ་འཐད་ལྡན་དུ་ཁས་བླངས་པ་ཙམ་ཞིག་གིས་ཀློང་ཆེན་པས་རྫོགས་ཆེན་ཧ་ཤང་གི་གཞུང་ལུགས་རྩེར་སོན་དུ་ཁས་བླངས་སོང་ཟེར་བ་ནི། ཀླུ་སྒྲུབ་ཀྱིས་གང་ཟག་གི་བདག་མེད་འཐད་ལྡན་དུ་ཁས་བླངས་པ་ཙམ་གྱིས་ཀླུ་སྒྲུབ་ཀྱིས་དབུ་མའི་གཞུང་ནི་བྱེ་བྲག་སྨྲ་བའི་གཞུང་ལུགས་རྩེར་སོན་དུ་ཁས་ལེན་ནོ་ཟེར་བ་དང་འདྲའོ། །
༡༠༽ ཕུན་སུམ་ཚོགས་པའི་ཡན་ལག
ལར་གོང་མའི་གྲུབ་མཐའི་རྒྱབ་རྟེན་དུ་གྲུབ་མཐའ་འོག་མའི་ལུང་འོས་འཚམ་རེ་འདྲེན་པ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་ཡིན་ཚུལ་ཁོ་བོའི་བླ་མ་མཁས་པ་ཆེན་པོ་གསེར་རྟ་མཁན་ཆེན་ཆོས་ཁྱབ་ཀྱིས་ཡང་ཡང་གསུངས་མྱོང་ཞིང་། དོན་ལ་ཡང་ཀློང་ཆེན་པའི་གཞུང་ཁོ་ནར་ཡང་དེ་འདྲའི་དཔེ་མཚོན་ཧ་ཅང་མང་སྟེ། ཆོས་དབྱིངས་མཛོད་ཀྱི་ལེའུ་དང་པོའི། བྱ་བྲལ་ཀུན་ཏུ་བཟང་ལས་གཡོས་པ་མེད། །ཅེས་པའི་ཐད་ཀྱི་རང་འགྲེལ་དུ་བརྟག་གཉིས་དང་རྒྱུད་བླ་མ་སོགས་ཀྱི་ལུང་དྲངས་པ་དང་། དེའི་འོག་གི འདི་ཀུན་གསལ་ཡང་རང་བཞིན་འགའ་མེད་དེ། ཅེས་པའི་ཐད་ཀྱི་འགྲེལ་པར་ཏིང་འཛིན་རྒྱལ་པོ་དང་། རྩ་བ་ཤེས་རབ་ཀྱི་ལུང་དྲངས་ཡོད། ཁྱེད་ལྟར་ན། འདི་དག་རྒྱུ་མཚན་དུ་བྱས་ནས་ཀྱང་རྫོགས་ཆེན་གྱི་བཞུང་ནི་ཀླུ་བྱམས་སོགས་ཀྱི་དབུ་མའི་གཞུང་ལུགས་རྩེར་སོན་དེ་ཡིན་ནོ་ཞེས་སྡོམ་ཚིག་འཇོག་རྒྱུ་ཡིན་ནམ།
༡༡༽ རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར།
ཡང་ཁོང་གིས། ༼ཀློང་ཆེན་གྱིས་གསུངས་པའི་ཧྭ་ཤང་དང་དུས་མཉམ་པའི་སྐྱེ་བོ་ནི་ཀ་མ་ལ་ཤི་ལར་གོ་དགོས་པ་ལྟ་བུ་ཞིག་འདུག་ནང་། གནད་དོན་དེའི་སྐོར་རྩོད་རྙོག་ཆེ་ཙམ་འདུག་པས་འདིར་རྒྱས་གླེང་མི་བྱ།༽ཞེས་གསུངས་ཤིང་། སྤྱིར་རྩོད་རྙོག་འདིའི་སྐོར་ངས་ཀྱང་གླེང་རྩིས་མེད་མོད། རྟ་རྒྱུག་ཞོར་མེ་ཏོག་འཐུ་ཞོར་གྱི་ཚུལ་དུ་རང་གི་ལྟ་ཚུལ་ཙམ་བརྗོད་ན།
མ་གཞི་སྐབས་དེའི་ཀ་ཤི་དང་ཧྭ་ཤང་གི་རྩོད་པ་ཡང་། སྡུག་ས་ནས་བཤད་ན་རྒྱ་གར་ནག་གི་ནང་པའི་ཤོག་ཁག་གཉིས་ཀྱིས་བོད་དུ་ས་ཆ་སུས་འཛིན་གྱི་རྒྱབ་ལྗོངས་རྙོག་གྲ་ཚ་པོ་ཡོད་པའི་རྩོད་པ་ཞིག་ཡིན་སྲིད། ཡག་ས་ནས་བཤད་ན། ཧ་ཤང་གིས་འཇོག་སྒོམ་གཙོར་འདོན་གནང་ནས་ཐོས་བསམ་དང་དཔྱད་བསྒོམ་གལ་ཆུང་གནང་བས་ཀ་ཤིའི་ཕྱོགས་ཀྱིས་དེ་ཁས་མི་ལེན་པ་སྟེ། ལྟ་བ་འཚོལ་ཚུལ་ཐོག་ལ་རྩོད་པ་གནང་བ་ཞིག་ཆགས་ཡོད་མོད། མཐར་ཐུག་གི་ལྟ་བ་སྟེ་ཡིད་ལ་བྱ་བ་མེད་པ་དང་དྲན་པ་མེད་པའི་ཐོག་ལ་བསམ་ཚུལ་མི་མཐུན་པ་མི་འདུག
དེའི་རྒྱུ་མཚན་ནི་བསྒོམ་རིམ་ཐ་མ་རུ། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཞེས་གསུངས་ཡོད།
འོན་ཀྱང་བསྒོམ་རིམ་དུ་དཔྱད་སྒོམ་ཁོ་ན་ལྟ་བ་མངོན་དུ་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པ་ནན་བརྗོད་གནང་ཡོད་པ་ནི་བདེན་པ་རེད།
༡༢༽ བློ་དམན་ལབ་ཀྱང་ཞེད་དོན་མེད།
དེ་ལྟར་ན་༼སྐབས་དེ་དུས་ཀྱི་བློ་དམན་པ༽ཞེས་པའང་ཀ་མ་ལ་ཤི་ལ་རང་ལ་ངོས་འཛིན་དགོས་ངེས་ཤིག་ནི་མིན་ཏེ། གསུང་དེ་ནི་སྐབས་དེར་ཧ་ཤང་གི་ལྟ་གྲུབ་ལ་གཞུང་འབྲེལ་གྱི་ངོས་ལེན་མ་ཐོབ་པ་དང་མཉམ་དུ་དོན་ལ་གནས་མིན་གྱི་བཤད་ཡམ་མང་པོ་བཟོས་ནས་མཐའ་གཅིག་ཏུ་ནག་པོ་བཟོས་པའི་གནས་བབ་དེར་སྤྱིར་བཏང་གིས་གསུངས་པ་ཞིག་རེད།
མ་གཞི་ཀ་མ་ལ་ཤི་ལ་ནི་རང་རྒྱུད་པའི་སློབ་དཔོན་ཞིག་ཡིན་པས་ཀློང་ཆེན་པ་ཐལ་འགྱུར་བའི་ལྟ་བའི་མཐོ་སར་བཞེངས་ནས་བློ་དམན་པ་ཞེས་གསུངས་ཀྱང་དེ་ནི་འཇུག་པ་རང་འགྲེལ་དུ། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་ལས་ཚབས་ཆེ་བ་ཞིག་ཀྱང་མིན་ནོ། །
༡༣༽ རྒྱ་གར་གྱི་ཆོས་སྐད་སྙོན་མེད།
ཡང་ཁོང་གིས། ༼ཁུངས་བཙུན་པའི་སངས་རྒྱས་ཆོས་ལུགས་པ་རྣམས་ལ་ལྟོས་ནས་བརྗོད་ན། ཅི་ཡང་ཡིད་ལ་མི་བྱེད་པ་ཞེས་པ་དེ་ནི་སྟོང་པ་ཞིག་དང་། དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འགོག་རྐྱེན་ཟིག་ཏུ་ངོས་འཛིན་བྱེད་པ་ཡིན། ༽ཞེས་གསུངས།
འདི་ཡང་ལོང་བརྙབས་ཙམ་ལས་ཅི་ཡང་མིན། བསྟན་འགྱུར་དུ་བཞུགས་པའི་བྲམ་ཟེ་ས་ར་ཧའི་དོ་ཧ་མཛོད་ལས། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་ལ། །སྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །ཞེས་པ་དང་། ཐེག་པ་ཆེན་པོ་ཉི་ཤུ་པ་ལས། གཉུག་མ་ཡིད་ལ་མི་བྱེད་པ། །ཐ་མལ་ཤེས་པ་མ་བཅོས་ངང་། །ཞེས་སོགས་འདི་འདྲ་ཤིན་ཏུ་མང་ལ། འདི་དག་ནི་ཕྱག་རྫོགས་དབུ་གསུམ་ཐུན་མོང་དུ་གྲགས་པའི་རྒྱ་གར་གྱི་ཆོས་སྐད་སྙོན་མེད་ཤ་སྟག་ཡིན།
དེ་ཡང་གོང་དུ་བཤད་པ་ལྟར། རྣམ་པར་མི་རྟོག་པ་ལ་སོགས་པའི་ཆོས་སྐད་དང་། ཡིད་ལ་མི་བྱེད་པ་དང་རིམ་དང་ཅིག་ཅར་བ་ལ་སོགས་པའི་ཐ་སྙད་འདི་དག་ནི་བསམ་གཏན་ཆོས་ལུགས་ལས་ཚུར་འདྲེས་ཡོང་དགོས་པ་ཞིག་མིན་པར། རྒྱ་གར་གྱི་བཀའ་དང་བསྟན་བཅོས་དག་གི་ནང་དུ་ཧ་ཅང་རྩལ་དུ་བཏོན་ཡོད་པའི་ཐ་སྙད་ཤ་སྟག་ཡིན་པ་གོང་དུ་དྲངས་པའི་དཔེ་མཚོན་དག་གིས་རྟོགས་ནུས་པས་མཁས་པ་འདིས་༼རྫོགས་ཆེན་ཉམས་ལེན་བྱེད་སྐབས་རྒྱ་ནག་ལུགས་ཀྱི་བསམ་གཏན་སྒོམ་སྒྲུབ་བྱེད་སྟངས་དེ་ཡང་ཅུང་ཙམ་འདྲེས་ནས་ཡོད་༽ཟེར་བ་འདི་ཡང་ཚོད་བཤད་ཅིག་ཡིན་པ་རྟོགས་ཐུབ།
དར་མའི་དུས་ཀྱི་རྣམ་རིག་དང་ཞིབ་འཇུག་ནི་ལུས་སེམས་ཀྱིས་མི་ལྕོགས། རང་ཉིད་དགེ་རྒན་ཆེན་མོ་ཡིན་པས་བཀའ་མོལ་གནང་རྒྱུའི་དབང་ཐང་ཆེན་པོ་ཡོད་སྙམ་པའི་བློ་སྟོབས་ནི་མ་ཉམས། དེ་ནས་རང་གི་སྨྲས་ཚད་ཡང་དག་པ་ལྟར་མཐོང་མཁན་གྱི་རྒྱ་རིགས་དགེ་རྒན་ཆེན་མོ་དེ་འདྲ་ཡང་མང་པོ་ཐུག་མྱོང་ཡོད་པས། གཅིག་བྱས་ན་བཀའ་མོལ་གནང་སྟངས་འདི་ཡང་ལོ་ན་ངེས་ཅན་ལ་ཐོན་པའི་མཁས་དབང་ཚོའི་ཐུན་མོང་གི་སྣང་ཚུལ་ཞིག་ཀྱང་ཡིན་སྲིད་དོ། །
༡༤༽ ལྡོང་ཆུ་ཤེར་གྱི་དོགས་སློང་།
ཏོན་ཙེན་ནམ་རིམ་དང་ཅིག་ཅར་གྱི་ཐ་སྙད་འདིའི་ཐད་ལ་དེང་དུས་ཀྱི་ཤེས་ཡོན་པ་གཞན་པ་ཞིག་ལ་ཡང་གཅིག་མཚུངས་ཀྱི་ནོར་འཁྲུལ་བྱུང་འདུག་པ་འདིའི་ཞར་ལ་གསལ་བཤད་ཉུང་ངུ་ཞིག་བྱེད་འདོད་བྱུང་།
དེ་ཡང་ལྡོོང་ཆུ་ཤེལ་ཟེར་བས་བྲིས་པའི་རྙིང་རྒྱུད་སྐོར་གྱི་གཏམ་གླེང་ཞིག་འདུག་པ་དེར་རྙིང་རྒྱུད་ལ་བོན་ཆོས་དང་ཧྭ་ཤང་གིས་ཤུགས་རྐྱེན་ཡོད་སྲིད་པའི་སྐོར་ལ་དོགས་སློང་འགའ་ཞིག་བྱས་འདུག སྒྲུབ་བྱེད་འགའ་རེ་ནི་དགོད་བྲོ་བ་དེ་འདྲའང་འདུག་སྟེ། དཔེར་ན། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་འཕྲོས་ཏེ་བྱོན་པ་རྣམས་སོ་། །ཞེས་པར་གསང་བ་སྤྱོད་པས་བོན་གྱི་རྒྱུད་ཅེས་བཀླགས་ནས་འཇིགས་མེད་གླིང་པས་སྔ་འགྱུར་གྱི་རྒྱུད་སྡེ་སྐོར་ཞིག་བོན་གྱི་རྒྱུད་ལས་བྱུང་བར་ཞལ་གྱིས་བཞེས་སོ། །ཞེས་སྒྲུབ་བྱེད་དུ་བཀོད་པ་ལྟ་བུ་རེད། ཁོང་གི་རྩོམ་ཡིག་དེ་ཚོར་བལྟ་སྐབས་འདང་ངེས་ཀྱི་སྒྲུབ་བྱེད་མེད་བཞིན་དུ་ཐ་ན་རྦད་དེ་ནོར་བ་ཡིན་པའི་སྒྲུབ་བྱེད་བཀོད་པའང་འདུག
གཙོ་བོ་ནི། ཁོང་གིས་འཕགས་པ་གསང་སྔགས་ཆེན་པོ་བསམ་གྱིས་མི་ཁྱབ་པའི་མདོ་ཞེས་པའི། ལ་བཟླ་རྫོགས་པ་ཆེན་པོའི་ཆོས། ཏོན་མིན་ཅིག་ཅར་འཇུག་པའི་ཁམ་པོ་ཆེ། །ཞེས་པ་དང་། ཆེ་བ་དགུ་ལྡན་ཏོན་མིན་ལྟ་བ་ནི། །ཐེག་པ་ཀུན་གྱི་ནང་ན་མཆོག་ཏུ་བསྔགས། །ཞེས་པ་དང་། ཡེ་ཤེས་བཀོད་པ་རང་འབར་ཞེས་པའི་རྒྱུད་ཀྱི། །དབུ་མའི་ལྟ་བ་གྲངས་མེད་ཀྱང་། ཚེ་མེད་ཙེ་མིན་ཏོན་མིན་གསུམ། སོགས་ཀྱི་ཚིག་འགའ་དྲངས་ཏེ་༼འདི་འདྲའི་ཚིག་མང་དུ་བྱུང་ཡོད་ལ། ཞིབ་ཏུ་བལྟས་ཚེ། བསམ་གཏན་ཏོན་མེན་གྱི་ལྟ་བ་དང་རྫོགས་པ་ཆེན་པོའི་ལྟ་བ་གཉིས་གཅིག་ཏུ་སྟོན་གྱིན་ཡོད་དོ། །༽ཞེས་བྲིས་སོ། །
༡༥༽ ཏོན་ཙེན་འབྱུང་ཁུངས་རྒྱ་ནག་མིན།
ཏོན་མེན་དང་ཙེན་མིན་ཞེས་པ་ནི་བུ་སྟོན་ཆོས་འབྱུང་དུ་རིམ་གྱིས་པ་དང་ཅིག་ཅར་བའི་དོན་ཡིན་གསལ་པོར་གསུངས་ཡོད་ལ། ཏོན་མིན་ཅིག་ཅར་འཇུག་པའི་ཁམ་པོ་ཆེ། །ཞེས་པ་ཡང་ཞིབ་ཏུ་བལྟས་ན་ཏོན་མིན་ནི་ཅིག་ཅར་འཇུག་པ་ཞེས་པའི་དོན་རང་ལ་གསུངས་བཞིན་འདུག དེང་སང་ནི་ཚང་མས་རྒྱ་ཡིག་རྒྱ་སྐད་ཤེས་ཀྱི་ཡོད་པས་རྒྱའི་ཡི་གེ་頓、漸འདི་ཉིད་ཅིག་ཅར་དང་རིམ་གྱིས་ཞེས་པའི་དོན་ཡིན་པར་ནོར་ས་གང་ཡང་མེད། འོ་ན་ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་རྒྱ་ནག་གི་བསམ་གཏན་ཆོས་ལུགས་རེད་དམ་ཞེ་ན་མ་རེད་ཞུ་རྒྱུ་ཡིན།
༡༦༽ ལང་ཀར་གཤེགས་པས་ཏོན་ཙེན་བསྟན།
དེ་ཡང་ཐ་སྙད་འདི་ཐོག་མར་བྱུང་ས་ནི་མདོ་ལང་ཀར་གཤེགས་པ་ཡིན། མདོ་ལང་ཀར་གཤེགས་པའི་རྒྱ་འགྱུར་དང་བོད་འགྱུར་གཉིས་ཆར་དུ་ནང་དོན་ཁྱད་པར་གང་ཡང་མེད་པའི་ཐོག་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་སངས་རྒྱས་ལ་དྲི་བ་ཞུས་པ་དང་འབྲེལ་བའི་ཐོག་ནས་བྱུང་བ་ཞིག་ཡིན། དེ་ཡང་མདོའི་ཚིག་མདོར་བསྡུས་ན། ཤིང་ཨ་མྲ་ལ་འབྲས་བུ་སྨིན་པ་ལྟར་སེམས་ཅན་རྣམས་ཀྱིས་འབྲས་བུ་རིམ་གྱིས་ཐོབ་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གདུལ་བྱའི་དོན་མཛད་པ་ཉི་མའི་འོད་སྣང་ས་ལ་འཕྲོ་བའི་དཔེས་ཅིག་ཅར་དུ་འཇུག་པར་གསུངས་པ་སྟེ། དེ་ཡང་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་རྒྱུད་ནི་རིམ་གྱིས་འཇུག་པས་རྣམ་པར་འདག་སྟེ། ཅིག་ཅར་ནི་མ་ཡིན་ནོ།། འདི་ལྟ་སྟེ་བློ་གྲོས་ཆེན་པོ་ཤིང་ཨ་མྲའི་འབྲས་བུ་ནི་རིམ་གྱིས་སྨིན་པར་འགྱུར་གྱི་ཅིག་ཅར་མ་ཡིན་ནོ། །ཞེས་རིམ་གྱིས་པའི་འཇུག་པའི་གཞུང་བསྟན་ཅིང་། དེའི་མཇུག་ཏུ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཟླ་བ་དང་ཉི་མའི་དཀྱིལ་འཁོར་ནི་འོད་ཟེར་གྱིས་གཟུགས་སུ་སྣང་བ་ཐམས་ཅད་ཅིག་ཅར་མངོན་པར་བྱེད་དོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ཡང་སེམས་ཅན་རང་རང་གི་སེམས་སྣང་བའི་གནས་ངན་ལེན་གྱི་བག་ཆགས་དང་བྲལ་བ་རྣམས་ལ་རྒྱལ་བ་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་དང་། སྤྱོད་ཡུལ་ཅིག་ཅར་ཡང་དག་པར་སྟོན་ཏོ། །ཞེས་སོགས་དང་། བློ་གྲོས་ཆེན་པོ་འཕགས་པ་སོ་སོ་རང་རིག་པའི་ཆོས་ཀྱི་མཚན་ཉིད་ཀྱང་ཡོད་པ་དང་། མེད་པའི་ལྟ་བ་ངན་པ་རྣམ་པར་ཟློག་པས་ཅིག་ཅར་རྣམ་པར་མཛེས་སོ། །ཞེས་གསུངས་པ་འདི་བསམ་གཏན་ཆོས་ལུགས་པ་རྣམས་ཀྱིས་ཏོན་མེན་དང་ཅན་མེན་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་ཁུངས་སུ་ངོས་འཛིན་བྱེད་པ་ཡིན། དེང་གི་བསམ་གཏན་ཆོས་ལུགས་ཀྱི་ཞིབ་འཇུག་དང་། ཐན་ཅིན་壇經གྱི་འགྲེལ་བཤད་དག་ཏུའང་འདི་བཞིན་འབྱུང་བ་ཡིན། བསམ་གཏན་ཆོས་ལུགས་ཀྱི་མན་ངག་དག་སློབ་དཔོན་བོ་དྷི་དྷརྨོད་ཏ་ར達摩ས་ཁོང་གི་སློབ་མ་ཧྭི་ཁི་ལ་ཆིག་བརྒྱུད་དུ་བཏད་ཅིང་། དེ་ཡང་ལང་ཀར་གཤེགས་པའི་མན་ངག་ལ་བསྟེན་ནས་བཤད་པ་ཡིན། དེ་ནས་བརྒྱུད་རབས་བཞི་པའི་དུས་ནས་འཕགས་པ་འཇམ་དཔལ་གྱིས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོའི་མན་ངག་ལ་རྟེན་ནས་བཤད་པ་དང། བརྒྱུད་རབས་དྲུག་པ་ཧི་ནིང་惠能གི་དུས་ནས་འཕགས་པ་རྡོ་རྗེ་གཅོད་པ་ཉིད་ལ་རྟེན་ནས་གཙོ་བོར་བཤད་པ་གནང་བ་བསམ་གཏན་ཆོས་ལུགས་པའི་གཞུང་དུ་གསལ། མ་ཟད། དྷརྨོཏྟ་རའི་གཞུང་འཇུག་སྒོ་གཉིས་དང་སྤྱོད་པ་བཞི་二入四行ཞེས་པར་ཡང་ཏོན་ཙེན་གྱི་དགོངས་པ་བཤད་ཡོད་ཚུལ་ཁོང་ཅག་གི་མཁས་པས་སྨྲས་སོ། །
༡༧༽ སྦྲགས་སྐད་ཞིག་གི་གནད་དོན།
འོ་ན། རྙིང་རྒྱུད་འག་ཞིག་ཏུ་ཅིའི་ཕྱིར་ཐ་སྙད་འདི་རྒྱ་ནག་གི་སྐད་དུ་བྲིས་པ་རེད་ཟེར་ན། ལོ་རྒྱུས་ཀྱི་བབས་ལ་བསམ་བློ་ཅུང་ཟད་གཏོང་ཤེས་མཁན་ཞིག་ཡིན་ན་ངས་ནི་འདི་གནད་དོན་ཧ་ཅང་ཆུང་ཆུང་ཞིག་རེད།
དེ་ཡང་བཙན་པོ་སྲོང་བཙན་གྱི་སྐབས་ནས་བོད་ལ་རྒྱ་ནག་གི་གྲྭ་བཙུན་ཆོས་པ་མང་པོ་ཡོད་ཅིང་། བཀའ་ཤོག་ཆེན་མོ་དང་སྦ་བཞེད་སོགས་ལ་བལྟས་ན་སྐབས་དེར་བོད་དམངས་ཁྲོད་ལ་ཧྭ་ཤང་དག་ནི་མི་མང་ཚོའི་འཚོ་བའི་ནང་གི་མོ་ལུང་དགོངས་གསུམ་ཞུ་ས་དང་། བསྔོ་སྨོན་སྐྱབས་འཇུག་འདོན་མཁན། ལྷ་ཁང་དཀོན་གཉེར་གནང་མཁན་གྱི་མཆོད་གནས་བཅས་ཆགས་ཡོད་ཅིང་། བོད་ལ་ཆོས་བསྒྱུར་བའི་སྐབས་རྒྱ་ནག་ལ་བཀའ་བསྟན་བསྒྱུར་ནས་ལོ་བརྒྱ་ཕྲག་འགའ་འགྲོ་བཞིན་ཡོད་ལ། འཇིག་རྟེན་ན་གྲགས་པའི་སློབ་དཔོན་གཞོན་ནུ་སྲོག་鳩摩羅什དང་ཞོན་ཙང་玄奘དང་ཧྭི་ནིང་惠能ལ་སོགས་པ་ཡང་བྱོན་ནས་ཀྱང་རིང་ཞིག་ལོན་ཟིིན་པ་ཡིན་པས་ནང་ཆོས་ཀྱི་གོ་རྟོགས་ཐད་རྒྱ་གར་དང་ལི་ཡུལ་གྱི་རྗེས་ན་རྒྱ་ནག་སྔོན་ཐོན་དུ་གྱུར་ཡོད།
དེ་བཞིན་སྐབས་དེའི་ལོ་ཙཱ་བ་ཕལ་མོ་ཆེ་ཡང་རྒྱ་དཀར་ནག་གཉིས་ཀྱི་ཆོས་ཀྱི་བརྡ་ཆད་ལ་སློབ་སྦྱོང་ཤུགས་ཆེན་པོ་གནང་ཡོད་པ་དང་། བོད་རང་གི་རིག་གཞུང་ཡིན་པའི་ཆ་ནས་བོན་གྱི་གཞུང་ལུགས་ལ་ཡང་དགོས་ངེས་ཀྱི་ཞིབ་འཇུག་ཡོད་པ་བརྒྱ་ཆ་བརྒྱ་རེད། དེ་འདྲའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ནས་ཁོང་རྣམ་པས་ཐ་སྙད་འགའ་ཞིག་སྐབས་དེར་རྒྱུག་ཆེ་བའི་རྒྱ་ནག་གི་ནང་ཆོས་ཀྱི་ཐ་སྙད་ཁ་ཤས་བཀོལ་ཡོད་པ་ནི་ཧ་ལས་པ་ཞིག་མ་རེད། དེ་ནི་མཐར་གཏུགས་ན་སྦྲགས་སྐད་ཅིག་གི་གནད་དོན་ཙམ་རེད། དེའི་ཆ་ནས་ཏོན་མེན་དང་ཙེན་མིན་ཞེས་པའི་ཐ་སྙད་དེ་བཀོལ་བ་ཧ་ཅང་རྒྱུན་ལྡན་ཞིག་རེད།
༡༨༽ སྐད་ཆ་འདི་ཀུ་རེ་ཞུས་པ་མིན།
བན་དེའི་སྒྱུར་ཆོས་སུ་བོན་གྱི་ཐ་སྙད་གལ་ཆེན་འགའ་རེ་འབྱུང་བའང་དེ་དང་གཅིག་པ་རེད། དཔེར་ན། ཡེ་ཤུའི་ཆོས་ལུགས་སོགས་རྒྱ་ཡིག་དང་བོད་ཡིག་ཏུ་སྒྱུར་སྐབས། དཀོན་མཆོག་དང་འཕགས་པ། འཕགས་པའི་མདོ་(聖經)ལྟ་བུ་ནང་པའི་གསུང་རབ་ཀྱི་གོ་བ་དང་རིག་གནས་ཀྱི་འགང་ལྟར་སྒྱུར་བ་མཐོང་རྒྱུ་ཡོད། དེང་སང་ནང་ཆོས་དབྱིན་ཡིག་ཏུ་བསྒྱུར་སྐབས་ཀྱང་སྐབས་རེར་ནུབ་ཕྱོགས་པའི་རིག་གཞུང་དང་ཆོས་ལུགས་ཀྱི་གོམས་གཤིས་ལྟར་སྒྱུར་གྱི་ཡོད་པ་ཡོངས་གྲགས་རེད། ངས་སྐབས་རེར་གལ་ཏེ་རྒྱ་ནག་གི་ཐང་གི་མཛེས་མ་ཤེས་ཧྲི་(西施)དང་འབྲེལ་བའི་གཏམ་དཔེ་ཞིག་དོན་བསྒྱུར་བྱ་དགོས་ན་སེང་ལྕམ་འབྲུག་མོ་ནི་ཆེས་མཚམས་ཤོས་ཡིན་ངེས་རེད་བསམ་མྱོང་། ངའི་སྐད་ཆ་འདི་ཀུ་རེ་ཞུས་པའང་མིན། འདི་ནི་ལོ་ཙཱ་རིག་པའི་ཐབས་རྩལ་གྱི་བྱེ་བྲག་ཅིག་རེད། འདི་འདྲ་བའི་གནད་དོན་ཚང་མ་བྱུང་རབས་དང་དུས་ཚིག་ཁོ་ནའི་ངོས་ནས་ལྟས་ན་འགྲིག་པ་ཞིག་ག་ལ་ཡིན།
ཁ་ལ་བདེ་བ་དང་གོམས་ཆེ་བ། དེ་ལྟར་བྲིས་ན་དེའི་ཚེ་དེའི་དུས་ན་སྐད་ཆ་དེར་བྲོ་བ་སླེབས་ཆེ་བ་དང་། གོ་བརྡ་འཕྲོད་སྐྱེན་པ་ལྟ་བུ་ཡོད་པས་དེ་ལྟར་བསྒྱུར་བ་མང་པོ་ཡོད། གོང་གི་ཚིག་དེ་དག་གིས་ཀྱང་རྫོགས་པ་ཆེན་པོའི་ལྟ་བ་ནི་ཅིག་ཅར་འཇུག་པ་ཞིག་ཡིན་ཚུལ་གྱིས་ཆེ་བ་བརྗོད་པ་ཙམ་རེད། དེ་བསམ་གཏན་ཆོས་ལུགས་ཀྱི་ལྟ་གྲུབ་ཡིན་པའི་ངེས་བཟུང་གང་ཡང་མ་རེད། དེ་ནི་ནམ་རྒྱུན་རྫོགས་ཆེན་པ་དག་ལ་གྲགས་པའི་རྩོལ་བ་མེད་པར་ལྷུན་གྱིས་རྫོགས་པ་སོགས་དང་དོན་ལ་ཁྱད་པར་གང་ཡང་མེད།
ཁྱད་པར་དུ། སྔ་འགྱུར་གྱི་འགྱུར་མང་པོ་ཞིག་མན་ངག་གི་ལུགས་སུ་དོན་འགྱུར་གཙོ་བོར་གནང་བ་ཡོངས་གྲགས་ཡིན། དོན་འགྱུར་ཟེར་བ་དེ་ཡང་མན་ངག་གི་གནད་མ་བོར་བའི་ཐོག་ནས་ཚིག་དང་ཐ་སྙད་མང་པོ་ཞིག་བོད་རང་གིས་བརྩམས་པ་ལྟར་ཟོར་ཤིན་ཏུ་ཡང་བར་བསྒྱུར་བ་ཞིག་ཡོད་པ་ཡིན། འདི་ཡང་སྐབས་དེའི་འགྱུར་གྱི་ཁྱད་ཆོས་ཤིག་ཡིན་པ་མ་རྟོགས་ནས་དེ་དག་བོད་མ་ཡིན་པའི་དཔང་རྟགས་སུ་འཛིན་པ་འདི་ནི་ནོར་འཁྲུལ་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། སྔ་འགྱུར་གྱི་རྒྱུད་དེ་འདྲའི་མཇུག་དུ་སྒྲ་རང་འགྱུར་དུ་མཛད་པ་ཞེས་དམིགས་སུ་སྨྲོས་པ་འདིས་ཀྱང་སྒྱུར་སྟངས་ཁྱད་པར་བ་ཞིག་སྟོན་བཞིན་ཡོད། དེ་བཞིན། དགེ་འདུན་ཆོས་འཕེལ་གྱིས་ཙནྡྲ་གོ་མིའི་སློབ་སྤྲིངས་ཀྱི་སྔ་འགྱུར་དང་ཕྱི་འགྱུར་གྱི་འགྱུར་ཞིབ་བསྡུར་གྱིས་སྔ་འགྱུར་སྐབས་ཀྱི་དོན་འགྱུར་གནང་སྟངས་ལ་བསྔགས་བརྗོད་གནང་བར་ཡང་གོ་རྒྱུ་ཆེན་པོ་ཡོད་པ་ཡིན་ནོ། །
ལར་ཅིག་ཅར་འཇུག་པ་འདི་གནུབས་ཆེན་སོགས་ཀྱིས་ཀ་ཤི་དང་མ་ཧཱ་ཡན་གྱི་ལུགས་ལ་ཏོན་མེན་དང་ཙེན་མེན་གྱི་ཐ་སྙད་སྦྱར་བ། རྒྱ་ནག་ཏུ་ཧྲིན་ཞུའུ་神秀大師དང་ཧིང་ནིང་惠能གི་རྗེས་འབྲང་ལྷོ་བྱང་གི་ཆོས་བརྒྱུད་གཉིས་ཀྱི་མིང་དུ་བཏགས་པ། ཡང་ཅན་ཞིའུ་ཏོན་ཝོའུ漸修頓悟 ཏེ། བསྒོམ་པ་རིམ་གྱིས་པ་དང་རྟོགས་པ་ཅིག་ཅར་བ་ཞེས་བསྒོམ་རིམ་ལ་སྦྱར་བ། སྐབས་སྐབས་སྤྱིར་བཏང་གིས་མས་འཛེགས་རིམ་གྱིས་པ་དང་ཡས་བབས་ཅིག་ཅར་ཙམ་གྱི་བརྡ་ཆད་དུ་བསྒྱུར་བ་སོགས་ཀྱི་སྐབས་དོན་འབྱེད་ཐུབ་པ་ཡིན་ན་དོན་མེད་ཀྱི་སེམས་ཁྲལ་འདི་དག་ཅིས་ཀྱང་འཕྲད་མ་དགོས་པར་སྣང་ངོ་། །
༡༩༽ བསམ་གཞིག་གི་ཁུངས་སྣེ་གཞན།
གཞན་ཁོང་གི་རྩོམ་ཡིག་དེར། བསམ་གཞིག་གི་ཁུངས་སྣེ་ཡག་པོའང་ཅི་རིགས་ཤིག་ཡོད་ངེས་པ་དང་། དོགས་པ་འགའ་རེ་ལ་ནི་གསལ་བཤད་ཅི་བཞིན་བྱ་དཀའ་བའང་ཡོད་ངེས་རེད། དེ་ནི་དགེ་འདུན་ཆོས་འཕེལ་གྱིས་རྙིང་མའི་རྒྱུད་འབུམ་རིན་པོ་ཆེ་འདི་དག་གླང་དར་གྱི་ཁྲིམས་འོག་དང་བླུན་པོའི་ལག་འོག་གཉིས་ཆར་བརྒྱུད་ཡོང་བ་ཡིན་པས་ཆད་ལྷག་ནོར་གསུམ་ངེས་ཅན་ཡོད་ངེས་ཡིན་པར་གསུངས་པ་བདེན་པ་ལོས་ཡིན། དེས་ན་རྙིང་རྒྱུད་ལ་སྡུག་པོ་ལབ་འདུག་ཟེར་ནས་ཞེན་ཁོག་གི་སྡང་ཟུག་བྱེད་ན་དེ་ནི་བླུན་པོའི་ལས་ཀ་རེད། འོན་ཀྱང་། ཆད་ལྷག་ནོར་གསུམ་གྱི་གནད་དོན་རེ་ཟུང་ནི་བོད་དུ་འགྱུར་བའི་བཀའ་བསྟན་ཧ་ཅང་མང་པོ་ཞིག་ལའང་ཡོད་ངེས་པ་ཡིན་པར་མ་ཟད། འཛམ་བུ་གླིང་གི་གསུང་རབ་རྙིང་པ་གྲགས་ཅན་ཐམས་ཅད་ལ་ཡོད་པའི་ཐུན་མོང་གི་གནད་དོན་ཞིག་ཀྱང་ཡིན་ནོ། །
ཡང་ཡིག་དྲུག་འབྲུ་བདུན་མའི་སྐོར་ཞིག་ཀྱང་འདུག་སྟེ། དེའི་ལན་ནི་སྔར་ཕྲན་གྱིས་བྲིས་པའི་འབྲི་དྲུག་གི་་དག་ཆའི་དཔྱད་ལན་རིང་པོ་ཞིག་ཡོད་པ་དེས་འཐུས་པས་བཞག་གོ །
རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྱི་ལོ་༢༠༡༨ཟླ་༦ ཚེས་༢༦ ལ་ལུང་དང་རིགས་པ་དང་མཐུན་པར་ལེགས་པར་བྲིས་སོ། ། རྫོགས་སོ། །
མཁར་རྨེའུ་ཡིས། ༸རྒྱལ་དབང་ལྔ་པའི་དག་སྣང་འདྲ་བོ་དང་། ཡང་རྫོགས་ཆེན་སྐོར་ལ་བཤད་ན། མི་འཚམས་ཤིང་། མི་དད་པའི་རྒྱུ་ཙམ་ལས། བསྟན་འགྲོ་གང་ལ་ཡང་ཕན་མི་སྲིད་པས། བླུན་རྒན་སྨྲ་བ་ཉུངན་་མི་མཛེས་སམ། ཞེས་ཞུ་བ་ལགས་སོ།། །།
མཆན་འདི་དང་པོ་དང་མཐའ་མ་ཡང་ཡིན་ནོ།།
བོད་ཆོས་བླ་མ་ཕྱི་རྒྱལ་དུ་གཏན་བཞུགས་མ་གནང་ན་ལེགས་པའི་གནས་ཚུལཞིག་འདི་ན་འདུག
http://www.tibetanjournal.com/sakyong-mipham-rinpoche-accused-sexual-assault-women-followers/
སྔོན་མ་དུས་རབས་བཅུ་གཉིས་པ་ནས་བཟུང་། ས་སྐྱ་དང་། འབྲི་གུང་། ཀམ་ཚང་སོགས་ཀྱི་མཁས་པའི་ནང་ནས་རྫོགས་ཆེན་ནི་སངས་རྒྱས་ཀྱི་བཀའ་ཚད་ལྡན་མིན་པའི་དྭོགས་སློང་བྱུང་འདུག
སྐབས་དེ་དུས་རྫོགས་ཆེན་ལ་དྭོགས་སློང་བྱེད་པ་ནི་མཁས་པའི་ཉམས་ངོམས་པའི་གོམས་གཤིས་ལྟ་བུ་རེད་འདུག
དེར་བརྟེན། རྗེ་ཙོང་ཁ་པས་དབུ་མའི་ལྟ་བའི་སྐོར་ལ་གསུང་ཆོས་གནང་བའི་སྐབས་སུ། མཁས་གྲུབ་རྗེས་རྗེ་ཙོང་ཁ་པར་རྫོགས་ཆེན་བཀའ་ཚད་མ་ཡིན་མིན་དྲི་བ་བཀོད་ནས། གཙོ་བོ་རྫོགས་ཆེན་གྱི་སྐོར་ལ་བགྲོ་གླེང་གནང་བ་འདྲ།
འོན་ཀྱང་བསམ་ཡུལ་ལས་འདས་པར། རྗེ་རིན་པོ་ཆེས། རྫོགས་ཆེན་ནི་གསང་སྔགས་ཀྱི་ལམ་མཐོན་པོ་ཡིན་པ་དང་།་ དེས་སྐལ་ལྡན་གྱི་འགྲོ་བ་མང་པོ་མངོན་མཐོར་ཁྲིད་པས། དེ་ལ་འཚང་འབྲུ་བ་ནི་ངན་སོང་ལ་སྐྱེ་བའི་རྒྱུ་རེད་ཅེས་ཚིག་ཐག་ཆོད་པོས་རྫོགས་ཆེན་དག་ཐེར་ལྟ་བུ་གནང་བ་ནས་བཟུང་། དགེ་ལྡན་པའི་ནང་ལ་རྫོགས་ཆེན་གྱི་སྐོར་ལ་བགྲོ་གླེང་ཆོད་པ་ལྟ་བུ་བྱུང་བ་ཐོས།
གྲྭ་པ་ བྱས་ཀྱང་། བཙུན་མར་ ཐོན། བོད་མོར་ ཐོན་ཡང་། བུ་ཕོར་ ལུས་པའི་ བསྟན་འཛིན་ མ་རི་ཀོ་ ལགས་ཀྱི་ སྐོར་ལ།
https://www.youtube.com/watch?v=9W3XPSMLCvg
སྤྱིར་རྙིང་མའི་རྫོགས་ཆེན་དང་བོན་པོས་རྫོགས་ཆེན་གཉིས་ལ་ཁྱད་པར་བླ་བརྒྱུད་ཙམ་མ་གཏོགས་ཚིག་ལ་ཁྱད་པར་མེད་པ་འདྲ་ཞིག་རེད། མཁར་རྨེའུ་ཁོ་རང་བོན་པོས་རྫོགས་ཆེན་ལ་མཐོང་ཚུལ་ག་འདྲ་ཞིག་ཡོད་ན་སྙམ། རྫོགས་ཆེན་ཡེ་བརྡལ་གཏིང་མཐའ་མེད་པ་ལ། ཐུག་པ་མེད་ཅེས་ཟེར་བ་བླུན་པོའི་བློ། ཞེས་པའི་གོ་དོན་ཅུང་ཟད་སུས་བཀྲལ་ན་བཀའ་དྲིན་ཆེ་ཞུ་རྒྱུ། ཤེས་འདོད་ནས་དྲིས་པ་ཡིན།
རྫ་ཚེ་རིང་བཀྲ་ཤིས་མཆོག་གི་ཇི་ལྟར་རྫོགས་ཆེན་བོད་དུ་དར་་བ་སོགས་ཀྱི་སྐོར་ལ་ཞིབ་པར་དཔྱོད་ན། བདག་ལྟ་བུར་ཆུ་ཚོད། ཞག་མ། ཟླ་ལྟ་ཅི། ལོ་མང་དགོས། མདོར་ན། ཧ་ཤང་གི་ལྟ་བ་བཟང་པོ་ཡིན་ཀྱང་། སྐྱོན་ཡོད་པས་ཕམ་ཕོག་ནས་བོད་ནས་འཐོན་དགོས་བྱུང་། བོད་ཀྱི་ན་གཞོན་མང་པོ་ཞིག་གང་ཡང་མ་བསླབ་པར་ལྟ་བ་རྣམ་དག་རྒྱུད་ལ་རེ་བས། སྒོམ་ལ་ཞུགས་པ་དེ། མཁན་ཆེན་ཞི་འཆོས་ཐུགས་ལ་མ་བཟོད་ནས། སྐུ་འདས་ཁར། རྒྱ་གར་ནས། ཀ་མ་ལ་ཤཱི་ལ་བོད་དུ་བོས་ནས། ཧ་ཤང་མ་ཧཱ་ཡཱ་ན་དང་མཉམ་དུ། རྩོད་པ་བྱེདདུ་བཅུག་སུ་རྒྱལ་བ་དེ་བོད་དུ་བསྡད་དེ་ཆོས་དར་ཁྱབ་བྱོས། སུ་ཕམ་པ་དེ་བོད་ནས་ལོག་དགོས་གསུངས་སོ།
མཁར་རྨེའུ་ནི་ཕྱི་རྫིག་ནང་སྟོང་ཞིག་རེད། ཐ་ན་ཆོས་སེམས་ཅང་མེད་མཁན་ཞིག་ཡིན་སྐད་ཐོས། ཁོ་བོའི་བསམ་ཚུལ་ལ་རྫོགས་ཆེན་ཙམ་མ་ཟད་གསང་སྔགས་ཡོངས་རྫོགས་ཀྱི་ཁུངས་བོན་ལ་ཐུག་གམ་སྙམ་པའི་དོགས་པ་ཞིག་འདུག བོན་གྱི་ལྟེ་གནས་ཞང་ཞུང་གངས་དཀར་ཏི་སེ་ཡིན་པར་མཁས་པ་དུ་མས་མགྲིན་གཅིག་ཏུ་བཞེད། ཕྱི་རོལ་བས་ཀྱང་གངས་དཀར་ཏི་སེ་ནི་ལྷ་དབང་ཕྱུག་གི་བསྟི་གནས་སུ་འདོད། དེས་ན་ཕྱི་རོལ་བའི་ཆོས་འདིའི་ཁུངས་ཀྱང་བོན་ལ་ཐུག་གམ་སྙམ། ཕྱི་བ་དང་ནང་པ་གཉིས་ཀས་སྔགས་སྒྲུབ་སྟངས་གཅིག་པ་འདྲ་བོ་ཡོད་ཚོད་སྣང། །
ཆོས་བརྒྱུད་ཀྱི་ཕྱོགས་རིས་འདི་མ་གླེང་ན་མི་ཆོག་པ་ཡིན་ནམ།
ལོག་རྟོགས་བསལ་ནུས་པའི་བགྲོ་གླེང་ངམ་རྩོད་པ་ཚུལ་དང་མཐུན་པ་ནི་བླང་བྱ་དང། དེ་ལས་ལྡོག་པ་ཕྱོགས་རིས་ཆགས་སྡང་རྩོད་རྒྱུ་དེ་ནི་དོར་བྱའོ།
ལོག་རྟོགས་བསལ་ནུས་པའི་བགྲོ་གླེང་
འདི།
ལོག་རྟོག་བསལ་ནུས་པའི་བགྲོ་གླེང་
སྤྱིར་ཆོས་ལུགས་ཀྱི་ཕྱོགས་རིས་ཆགས་སྡང་སྨྲ་བར་མི་མོས་མོད། དོན་ལ་མི་མཁས་ཀྱང་ཚིག་ལ་མཁས་འཆལ་བྱ་རྒྱུ་ཟད་པ་རེ་འགའི་བྱ་སྤྱོད་ལ་ཡིན་ལུགས་ཀྱི་ལན་འདེབས་རེ་མ་བྱས་ཚེ། ར་ཕོ་ཁ་ལུག་ཏུ་བཞག་ན་ངན་པ་ལང་ཤོར་ཏུ་འགྲོ་ཉན་ཡོད་སྟབས་དགག་ལན་ངེས་པར་འབྲི་དགོས། རྫ་ཚེར་རྒྱབ་སྐྱོར་ཡོད།
ཆོས་རྫོགས་པ་ཆེན་པོ་ཟེར་བ་དོན་ལ་བོན་པོ་དང་རྙིང་མ་གཉིས་ཀའི་ཉམས་ལེན་ཟབ་ཤོས་དང་ཐར་ཐུག་དེ་ཡིན་ས་རེད།་སུ་ཕྱི་རོལ་བ་དང་སུ་ནང་བ་ཡིན་ནམ། འུག་པའི་རྫུན་དྲུག་་ཧ་ཧ་ཧ་
ཕོ་རོག་དཀར་བོར་འགྱུར་ཉེན་ཆེའོ།
ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། ལྟ་དམན་རི་དྭགས་ཚོགས་རྣམ་སྐྲག་མཛད་པ། ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། ཞེས་གསུངས་པ་བཞིན་དགག་སྒྲུབ་གང་ཡིན་ཀྱང་སྒྲུབ་བྱེད་ཡང་དག་པས་བརྗོད་བྱའི་དོན་གསལ་སྟོན་མེད་པར་ཕྱོགས་ཞེན་གྱི་སྡང་ཟུག་སྨྲ་བ་ཙམ་ནི་རང་མདོག་ཕྱི་རུ་མངོན་པ་ཙམ་ལས་བློ་ལྡན་སུ་ཞིག་ཡིད་ནི་སྨོན་པར་བྱེད།