གཡུ་སྒང་དགེ་འདུན་གྱིས།
—༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ།
གསེར་ཁང་ཆོས་རྗེས་ཐུགས་དམ་ཟབ་མོའི་དོན།།
སྔོན་པོ་གསུམ་གྱི་ས་ཡི་རྩེ་མོ་རུ།།
ཕྲ་ཚོམ་འདབ་ལྡན་འཛུམ་པའི་ལྟག་མཚེར་གྲོང་།།
ངོ་མཚར་ལྟས་ཀྱི་རི་མོ་ཐང་མར་བརྡལ།།
སུམ་རྩེན་ལྷ་ཡི་གྲོང་ལའང་སྐྱེངས་སྟེར་བའི།།
དབུས་འགྱུར་ལྷ་ལྡན་ཆོས་ཀྱི་ཞིང་ས་རུ།།
ཚངས་དབང་གཞལ་མེད་ཁང་བཟང་གབ་དོགས་པའི།།
ཕོ་བྲང་དམར་པོའི་རི་ལ་ཞབས་སེན་བཀོད།།
མཁས་གྲུབ་དུ་མའི་ཞལ་གྱི་བུམ་བཟང་ལས།།
དོན་ལྡན་ལེགས་བཤད་བདུད་རྩིའི་ཆབ་ཀྱི་རྒྱུན།།
ཚིམ་མེད་ལོངས་སུ་སྤྱོད་པའི་ཉེར་ལེན་གྱིས།།
ས་སྟེང་མཁས་པའི་གཙུག་རྒྱན་ཁྱེད་ལས་སུ།།
ཡང་དག་དམ་ཆོས་ཆུ་འཛིན་དཀར་པོའི་ཀློང་།།
བདེན་བཞིའི་གནས་ལུགས་དབྱར་རྔ་སྒྲོག་པ་ན།།
འཛམ་གླིང་སྐྱེ་རྒུ་སྐལ་ལྡན་མདུངས་མཐའི་ཚོགས།།
དད་གསུམ་སྒྲོ་གུར་ཕུབ་པའི་སྤྲོ་བ་བརྟས།།
དགུང་གྲངས་གྱ་བཞིའི་དུས་སྟོན་ལྷ་ཡི་གར།།
ཅི་དགར་མྱོང་བའི་སྐལ་ལྡན་སྐྱེ་འགྲོའི་ཁྱུས།།
སྒོ་གསུམ་དད་པས་གང་སྐུ་པདྨའི་གཉེན།།
མི་འགྱུར་རྟག་བརྟན་བཀྲ་ཤིས་འབུམ་གྱིས་བསྟོད།།
ཞེས་གཡུ་སྒང་དགེ་འདུན་གྱིས་ ༢༠༡༨ ཟླ་ ༧ ཚེས་ ༦ ཉིན་གྱི་འཁྲུངས་སྐར་ལ་ཕུལ།
མཁྱེན་ནོ་མཁྱེན་ནོ་༸བླ་མ་མཁྱེན་ནོ། །
མཁྱེན་ནོ་མཁྱེན་ནོ་༸སྐུ་འདུན་མཁྱེན་ནོ།
མཁྱེན་ནོ་མཁྱེན་ནོ་༸རྒྱལ་དབང་མཁྱེན་ནོ། །
མཁྱེན་ནོ་མཁྱེན་ནོ་༸འཁྲུངས་སྐར་མཁྱེན་ནོ། །
ཡབ་ནི་ཆོས་སྐྱོང་ཚེ་རིང་ལགས། །
ཡུམ་ནི་བདེ་སྐྱིད་ཚེ་རིང་ལགས། །
མི་བུ་ལྷ་མོ་དོན་གྲུབ་ལགས། །
དགུང་ལོ་གྱ་བཞིར་སོན་པ་ལགས། །
༸སྐུ་ལ་ཤྰཀྱའི་ཆོས་གོས་བསྣམ། །
༸གསུང་ལ་ཚེ་མེད་ཞི་བདེའི་གསུང་། །
༸ཐུགས་ལ་རྟེན་འབྱུང་སྙིང་རྗེ་མངའ། །
༸སྐུ་༸གསུང་༸ཐུགས་གསུམ་ཡུན་བརྟན་ཤོག །