ཨོ་རྒྱན་ཉི་མ།
ཨོཾ་སྭཱ་སྟི།
ཆོས་ཕུང་བརྒྱད་ཁྲིའི་འོ་མཚོ་བསྲུབས་པ་ལས། །
ལེགས་འཁྲུངས་བྱང་སེམས་ཟླ་བའི་འོད་དཀར་ཅན། །
གདུལ་བྱའི་བསོད་ནམས་ཞིང་དུ་འཛུམ་པ་ཡིས། །
སྲིད་པའི་གདུང་བ་བསལ་ལ་གུས་པས་བསྟོད། །
དམྱལ་མེས་རྟག་ཏུ་གཙེས་པའི་འགྲོ་བ་ཡང་། །
བྱམས་བརྩེའི་ཆར་རྒྱུན་བསིལ་མས་གསོ་ནུས་པའི། །
ཐུགས་རྗེའི་ཀུན་ཁྱབ་ཕྱག་ན་པད་དཀར་འཆང་། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
རིགས་ཀྱི་མེ་ཏོག་མདོ་ཁམས་སྨད་དུ་བཞད། །
རྣམ་དཔྱོད་ཁོ་ལག་ལྷ་ལྡན་ཞིང་ནས་རྒྱས། །
གཞན་ཕན་འབྲས་བུ་འགྲོ་བའི་སྤྱི་དཔལ་ཅན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
དང་པོ་མདོ་སྔགས་མ་ལུས་དཔྱད་པས་སྦྱངས། །
བར་དུ་སྒྲུབ་བརྒྱུད་མཆོག་རྣམས་ཉམས་སུ་བཞེས། །
ཐ་མ་ཞི་བདེའི་དེད་དཔོན་མཚན་སྙན་འཆང་། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
མཇལ་བ་ཙམ་གྱིས་གདོང་ལ་འཛུམ་འབྱིན་ཞིང་། །
བསམ་ན་ཡིད་ཀྱི་གདུང་བ་ཀུན་གཞིལ་བའི། །
བགྲེས་རྒུད་མི་མངའ་འགྲོ་བ་ཡོངས་ཀྱི་བཤེས། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
ཐུན་མོང་ཐུན་མིན་རིག་པའི་གནས་ལ་མཁས། །
སོར་བྱང་སྔགས་ཀྱི་སྡོམ་པ་གཙང་བས་བཙུན། །
མཆོག་དམན་ཀུན་ལ་མ་ལྟར་བྱམས་པས་བཟང་། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
འཆད་པ་ཐོགས་མེད་སླར་ཡང་ཕེབས་དང་མཚུངས། །
རྩོད་ན་ཕྱོགས་གླང་གསོན་པོར་བཞུགས་པ་བཞིན། །
རྩོམ་རིག་དཔལ་མགོན་ཀླུ་དང་གཉིས་སུ་མེད། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
བཤད་བརྒྱུད་ལུང་གི་བཀའ་བབ་མགྲིན་ན་སྙན། །
སྒྲུབ་བརྒྱུད་རྟོགས་པའི་བསྟན་པ་ཐུགས་ལ་བཏགས། །
བསྡུ་བཞིའི་ལས་ཀྱི་འཁོར་ལོས་དུས་ཀུན་བྲེལ། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
བྱང་ཆུབ་སེམས་ཀྱི་གྲུ་གཟིངས་ལ་བརྟེན་ནས། །
སྙིང་རྗེའི་མཚོན་ཐོགས་བྱམས་པའི་ཞགས་པ་ཡིས། །
ཆེ་དགུའི་རལ་པ་བཅིངས་པའི་དགེ་སྦྱོང་གཟུགས། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
གདན་ས་ཤོར་ཞིང་རང་ཡུལ་བརླགས་ན་ཡང་། །
འཁོན་ལན་སློག་པའི་ཚོར་འདུ་ཡེ་ནས་དབེན། །
དགེ་སྦྱོང་ཆོས་བཞིའི་དོན་ལ་སྙེམས་པ་ཅན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
རྡུལ་མཚོན་དམག་གི་སྟོབས་ཤུགས་དུག་ལྟར་གཟིགས། །
སྲིད་འབྱོར་ཚོང་ལས་འདུ་འགོད་གཏན་སྤངས་ཀྱང་། །
མཁས་བླུན་སྐྱེ་བོ་ཕལ་གྱི་མགོན་སྐྱབས་གྱུར། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
ཆེན་པོའི་མཚན་དང་གདན་ཁྲི་མཐོ་ཙམ་མིན། །
རང་རིགས་ཁོ་ནར་བརྩེ་བའི་གཙོ་བདག་མིན། །
ཀུན་ལ་མ་ལྟར་བྱམས་པའི་སྙིང་རྗེའི་གཏེར། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
མདོ་རྒྱུད་མན་ངག་གཞུང་ལུགས་རབ་འབྱམས་ཀྱི། །
ཚིག་དོན་དཀའ་འགྲེལ་མཐའ་དཔྱོད་ལ་སོགས་པའི། །
འཕགས་བོད་མཁས་གྲུབ་བྱེ་བའི་དགོངས་བཅུད་འཛིན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
ནོར་ལ་རྐམ་པའི་འདོད་གདུང་རིང་ནས་བྲལ། །
ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་ཕྱུག་པ་ཅན། །
སྦྱིན་པའི་ཕར་ཕྱིན་རྫོགས་པའི་བྱང་སེམས་དངོས། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
ཞི་བསིལ་དམ་པའི་ཚུལ་ཁྲིམས་རིན་ཆེན་དབྱིག །
ངུར་སྨྲིག་རྒྱལ་མཚན་མཛོད་དུ་ལེགས་བྱས་ཀྱིས། །
སྟོན་དང་བསྟན་པ་གཉིས་གྱུར་མཆོད་བཞིན་པའི། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
བཟོད་པའི་དཀའ་ཐུབ་ཐུགས་ཀྱི་དབུས་སུ་བཏགས། །
གནོད་བྱེད་ཐམས་ཅད་འཛུམ་པའི་བཞིན་གྱིས་བསུས། །
འཁོར་གྱི་ལོག་སྒྲུབ་ཐབས་མཁས་འཕྲུལ་གྱིས་བཏུལ། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
བསྟན་འགྲོའི་དོན་དུ་འབད་པ་ཆུ་བོའི་རྒྱུན། །
དམ་བཅའི་གོ་ཆ་རི་བོ་བཞིན་དུ་བརྟན། །
གཞན་ཕན་འགྱུར་ན་རབ་ཏུ་དགྱེས་པ་ཅན། །
དགོས་འདོད་ཀུན་འབྱུང་ཁྱོད་ལ་གསོལ་བ་འདེབས། །
བྱིངས་སྨུག་མུན་པ་ཤེས་རབ་སྒྲོན་མེས་བསལ། །
འཕྲོ་རྒོད་རླུང་ཤུགས་ཏིང་འཛིན་སྒྲོམ་དུ་བཙུད། །
ཉེས་སྐྱོན་ཀུན་བྲལ་མི་གཡོ་སེམས་དཔའ་ཅན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
ཐ་སྙད་ཆོས་ཀུན་མ་འདྲེས་གཟིགས་ན་ཡང་། །
ཤེས་དང་ཤེས་བྱ་སྤྲོས་མཐའི་དྲ་བ་བཅད།
གནས་ལུགས་དོན་ལ་དགོངས་པས་བཙན་ས་ཟིན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
ཞེས་པ་འདི་ནི་ལྟེ་ཁྲག་གངས་རིའི་ལྗོངས་སུ་འཐོར་ཞིང་རྐང་བའི་འཁོར་ལོ་ཤར་ནུབ་ཀྱི་སྲང་བར་མ་ལུས་པར་འཁོར་བཞིན་པའི་འདུ་ཤེས་གསུམ་པ་ཨོ་རྒྱན་ཉི་མ་འབོད་པས་དབྱིན་ཇིའི་བྱང་ཕྱོགས་ཉིན་རེར་དུས་བཞིའི་འགྱུར་བ་མིག་གིས་མཐོང་ཞིང་ལུས་ལ་རེག་ཐུབ་པའི་བསིལ་ལྡན་སི་ཀོ་ཊི་ལན་ཌི་ནས་ཕུལ།
༢༠༡༨། ༧། ༥།
སྙིང་རྗེའི་རང་གཟུགས་ཞལ་གྱི་འཛུམ་ལས་མཇལ། །ངག་གི་ལྷ་གཅིག་སྙན་པའི་གསུང་ལས་ཐོས། །ཡེ་ཤེས་སྐུ་མཆོག་མཁྱེན་རབ་ཆེ་ལས་རྟོགས། །དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས། །
བྱམས་དང་སྙིང་རྗེ་གཞན་ཕན་བྱང་ཆུབ་སེམས་།
སེམས་ཅན་ཀུན་ལ་མ་ལྟར་བྱམས་བརྩེ་སྦྱིན་།
སྦྱིན་པའི་འབྲས་བུ་སྐྱེ་འགྲོའི་སྡུག་བསྔལ་བཅོམ་།
བཅོམ་ལྡན་གཉིས་པ་གངས་ཅན་མགོན་པོ་མཆོག་།
སྐུ་ཚེ་མི་ཞིག་རྡོ་རྗེའི་ཁམས་སུ་བརྟན་་།
བརྟན་པའི་མཛད་འཕྲིན་ས་གསུམ་ཞི་བདེར་གནས་།
གནས་པའི་སྐྱེ་འགྲོ་ནང་ཆོས་བདུད་རྩིའི་འཚིམ་།
འཚིམ་པའི་ལུས་ཅན་ས་ལམ་འབྲས་བུ་སྨིན་།
སྟོན་པ་གཉིས་པའི་ཞབས་ལ་གུས་ཕྱག་འཚལ་།
གདན་ས་ཤོར་ཞིང་རང་ཡུལ་བརླགས་ན་ཡང་། །
འཁོན་ལན་ཟློག་པའི་ཚོར་འདུ་ཡེ་ནས་དབེན། །
དགེ་སྦྱོང་ཆོས་བཞིའི་དོན་ལ་སྙེམས་པ་ཅན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས།
་་་
བྱིངས་རྨུགས་མུན་པ་ཤེས་རབ་སྒྲོན་མས་བསལ། །
འཕྲོ་རྒོད་རླུང་ཤུགས་ཏིང་འཛིན་སྒྲོམ་དུ་བཙུད། །
ཉེས་སྐྱོན་ཀུན་བྲལ་མི་གཡོ་སེམས་དཔའ་ཅན། །
དགོས་འདོད་ཀུན་འབྱུང་ཁྱེད་ལ་གསོལ་བ་འདེབས།
དུས་རབས་ཉི་ཤུ་རྩ་གཅིག་ནང་། །
སྟོན་པ་གཉིས་པ་༸ཁྱོད་ཉིད་ཙམ། །
བརྒྱ་ཕྲག་རྙིང་པར་༸ཤཀྱ་ཐུབ་ཙམ། །
ད་ལྟ་༸ཁྱེད་ཉིད་༸རྒྱལ་ཚབ་བོ། །
དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ལས་འཁྲུངས་།
འཁྲུངས་རབས་ཚར་དུ་མངར་བའི་མེ་ཏོག་བཞད་།
བཞད་པའི་དྲི་བཟང་འཇིག་རྟེན་གསུམ་ལ་ཁྱབས་།
གངས་ཅན་མགོན་པོའི་སྐུ་ཚེ་ཁྲི་ལོར་བརྟན་།
བདག་གི་ལྷག་བསམ་རྨ་མེད་སྨོན་པ་འདིས་།
མཆོག་གསུམ་བསླུ་བ་མེད་པའི་བདེན་མཐུ་དང་།
ཆོས་སྐྱོངས་ཡེ་ཤེས་སྤྱན་གྱིས་གཟིགས་པའི་འོག་།
སྨོན་པའི་དོན་རྣམས་སྒེག་མེད་འགྲུབ་པ་ཤོག་།