ཨ་འདུས་སྐལ་བཟང་རྒྱ་མཚོ།
རིགས་གསུམ་སྤྲུལ་བའི་ཆུ་གཏེར་ལས་འཁྲུངས་ཤིང་། །
མཚན་མཆོག་གསུམ་གྱི་འདབ་མ་སྟོང་ལྡན་པ། །
བཤད་སྒྲུབ་ཟེའུ་འབྲུའི་བཅུད་ཀྱིས་མཛེས་པ་ཡི། །
སྔགས་འཆང་བླ་མ་པད་དཀར་ལྗོན་པར་འདུད།།
རྟེན་འབྱུང་ཟབ་མོའི་མཁའ་རུ་རྟག་བཞུགས་ཀྱང་། །
ཆོས་བརྒྱད་སྨག་གིས་ཟུར་ཙམ་མ་གོས་པར། །
ཐུགས་རྗེའི་ཟེར་བརྒྱ་འགྲོ་ལ་འགྱེད་མཛད་པ། །
ཁྲི་ཆེན་བླ་མའི་བཀའ་དྲིན་དེང་འདིར་དྲན། །
ཞེས་མཆོད་པར་བརྗོད་པའི་སྙན་ཚིག་མེ་ཏོག་གི་ཆུན་པོ་སྔོན་དུ་བཏང་སྟེ། གང་ཞིག་འབྲི་བར་འདོད་པའི་ཆོས་ནི། ས་གསུམ་ན་འགྲན་ཟླ་དང་བྲལ་བ་རྗེ་བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་གསུམ་གྱི་གདུང་འཚོབ་གཅིག་པུ། མཚན་ནས་བརྗོད་པར་དཀའ་ཡང་། དགོས་པ་དང་དོན་གྱི་སླད་དུ་མཚན་ནས་ཡོངས་སུ་སྨྲོས་ན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག མཁའ་མཉམ་འགྲོ་བའི་མགོན་པོ། ཐུགས་རྗེ་དང་བཀའ་དྲིན་མཚུངས་པ་མེད་པའི་སྡེ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་བོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས་ཐུན་མོང་གདུལ་བྱའི་སྣང་ངོར་འབྲེལ་ཚད་དོན་ལྡན་གྱི་མཛད་པ་གང་ཞིག་བསྐྱངས་པའི་རྣམ་ཐར་རྒྱ་མཚོ་ལྟ་བུ་བཞུགས་པ་ལས་འདིར་ཆུ་ཐིགས་ཙམ་ཞིག་གུས་པའི་བསོད་ནམས་ཀྱི་ལྗོན་པའི་རྩ་བ་བརླན་ཆེད་ཁོ་ནར་བསམ་སྟེ་རང་བློར་གང་དྲན་ཞིག་འབྲི་བར་བྱའོ།།
༡] བསམ་བཞིན་སྲིད་པར་བྱོན་པ།
སྤྱིར་འཕགས་བོད་ཀྱི་མཁས་པ་མང་པོས་ལུང་རིགས་གཉིས་ཀྱི་སྒོ་ནས་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཏུ་བསྔགས་ཤིང་ལུང་རིགས་ཟུང་གིས་ཀྱང་དེ་ལྟར་གྲུབ་པའི་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ནི། བོད་དུ་བཞུགས་པའི་མི་བུ་ལྡོང་དྲུག་གི་རུས་སོགས་དང་མི་འདྲ་བར་འོད་གསལ་ལྷ་ལས་བྱུང་བ་ཡིན་ཞིང་། དེ་ཉིད་ནི་སྐྱེ་འགྲོ་སྤྱི་དང་། ལྷག་པར་དུ་བོད་ཁ་བ་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་གཞུང་ཤིང་ལྟ་བུར་བའི་ཚུལ་ལ་དགོངས་ཏེ། ཇི་སྐད་དུ། རིས་མེད་བསྟན་པའི་བདག་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཞལ་སྔ་ནས། རྒྱ་གར་དུ་མང་པོས་བཀུར་བའི་གདུང་རྒྱུད་དང་། བོད་དུ་འཁོན་ས་སྐྱ་པའི་གདུང་རྒྱུད་གཉིས་ནི་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་ནོ།། ཞེས་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཞལ་སྔ་ནས། མི་བསྲུན་གདོལ་པའི་ཕྲུ་གུར་ཕོངས་པ་ཡིས།། འཁོར་གྱིས་བཏགས་ལ་འཇིག་རྟེན་འདྲེན་པ་ཞེས།། སྨིག་རྒྱུར་འབབ་ཆུར་སྒྲོགས་པའི་གྲགས་སྟོང་གིས།། འཇིག་རྟེན་ཡ་ཡོར་བྱེད་དང་འདི་མི་མཚུངས།། ཞེས་དང་།
ས་ཆེན་ཀུན་བློས།
གངས་ལྗོངས་འདི་ན་ས་སྐྱ་པ།།
ལུགས་གཉིས་བསྟན་པའི་བདག་པོ་ཞེས།།
རང་གི་ཚིག་ཙམ་མ་བསྒྲགས་ཀྱང་།།
ཉི་ཤར་སྤར་མོས་མི་ཁེབས་ཞེས།།
གནའ་བོའི་རྒས་གཏན་དེ་རེ་བདེན།།
ཞེས་དང་།
རིགས་འདིར་འཁྲུངས་པ་ཙམ་གྱིས་ངོ་མཚར་བའི།།
ཁྱད་པར་མངོན་སུམ་མཐོང་བའི་ཚད་མ་འདིས།།
བསྟན་པ་འདི་ལ་རིགས་སོགས་མི་གཙོ་ཞེས།།
ལེགས་པར་གསུངས་པའི་གཏམ་ཡང་འགོག་སྙམ་བྱེད།།
ཞེས་སོགས་ལུགས་གཉིས་གང་གི་ཆ་ནས་ཀྱང་འགྲན་ཟླ་དང་བྲལ་བའི་ངོ་མཚར་གྱི་རྣམ་ཐར་རྨད་དུ་བྱུང་བ་དེ་དག་ནི་གཟུ་བོས་བློ་གྲོས་ཀྱིས་ཞིབ་ཏུ་དཔྱད་ནུས་ཤིང་། དཔྱད་པར་འདོད་པ་དག་ལ་ཞིབ་ཏུ་སྨྲ་བའི་དགོས་པ་མི་ཆེ་ནའང་། ལུང་རིགས་ཀྱི་བགྲོ་གླེང་ནུབ་ཅིང་། བསོད་ནམས་ཀྱི་ཆུ་བོ་ཀུན་ནས་འགྲིབ་པའི་དེང་སང་ངེས་དོན་གྱི་རྣམ་ཐར་མི་མཇལ་བར་ཟེར་སྒྲོས་དང་འུར་ཞོགས་ཀྱི་རྗེས་སུ་འབྲང་སྟེ་ཅི་ཡང་སྨྲ་བ་དག་གི་ངོར་རེ་ཞིག་བདག་ཅག་གི་བླ་མ་རིན་པོ་ཆེ་འདི་ཉིད་རིགས་རུས་ཕུན་སུམས་ཚོགས་པའི་རྒྱུད་དུ་སྐུའི་སྐྱེ་བ་བཞེས་པའི་ཚུལ་མདོ་ཙམ་བརྗོད་ན། དེ་ཡང་ཇི་སྐད་དུ། མཁན་ཆེན་མཁས་པའི་དབང་པོ་ངག་དབང་ཡོན་ཏན་བཟང་པོ་མཆོག་གི་ཞལ་སྔ་ནས། དམ་པ་རྣམས་ནི་གངས་རི་བཞིན། །མཐོ་དང་གཙང་བའི་རིགས་སུ་བལྟམས། །ཁྱོད་ཀྱང་མང་བཀུར་རིགས་བཞིན་དུ། །བཀུར་འོས་འཁོན་གྱི་རིགས་སུ་འཁྲུངས། །ཞེས་རང་བཞིན་བརྗོད་པའི་སྒོ་ནས་ཆེད་དུ་བསྔགས་པ་མཛད་པ་བཞིན། ས་གསུམ་འགྲོ་བའི་བླ་མ་འཛུམ་པའི་ཞལ་གྱི་གཟི་དཔལ་རེ་རེས་ཀྱང་མཐའ་ཀླས་འགྲོ་བའི་སྡུག་བསྔལ་གྱི་མུན་དཔུང་གཏན་དུ་བསལ་བར་ནུས་ཤིང་། མཐོང་ཐོས་དྲན་རེག་གི་བསྐལ་བཟང་ལན་རེར་ཐོབ་པ་ཙམ་གྱིས་ཀྱང་འཇིགས་རུང་སྲིད་པའི་ཁམས་ཆེན་པོ་མཐའ་ཅན་དུ་བྱེད་པར་ནུས་པའི་རྗེ་བླ་མ་གང་ཉིད་ནི། དང་པོ་འོད་གསལ་ལྷ། བར་དུ་མ་རིག་འཁོན། མཐའ་མར་དཔལ་ལྡན་ས་སྐྱ་ཞེས་པའི་གྲགས་པའི་མཚན་མཆོག་གསུམ་གྱི་བདག་ཉིད་དུ་གྱུར་པའི་རིགས་སུ་ལྟ་བའི་ཆོག་མི་ཤེས་པ་སྐུ་མཚན་དཔེའི་འདབ་མ་གསར་དུ་བཞད་པ་ཡིན་ཏེ། དེ་ཡང་བར་ཆད་ཀྱིས་དབང་གིས་གནས་སྐབས་གདུང་བརྒྱུད་རིན་པོ་འབྱོན་དཀའ་བར་གྱུར་པ་ན། ཨོ་རྒྱན་པདྨའི་རྣམ་སྤྲུལ་དུ་གྲགས་པའི་གཏེར་སྟོན་ཆེན་པོ་འཕྲིན་ལས་གླིང་པ་གང་ཉིད་སྔོན་གྱི་སྨོན་ལམ་ཟབ་མོའི་སྟོབས་ཀྱིས་ས་སྐྱའི་གདུང་ལ་ཕེབས་པ་ནི། གཏེར་སྟོན་ཉིད་ཀྱིས་མཛད་པའི་ཡི་གེ་དང་། ཁྲི་ཆེན་རྡོ་རྗེ་འཆང་གི་རང་རྣམ་སོགས་གོང་བསྒྲིགས་ན། སྔགས་འཆང་ཆེན་པོ་དེ་ཉིད་བསམ་བཞིན་དུ་ས་སྐྱའི་གདུང་དུ་བྱོན་པ་གསལ་ཞིང་། དེ་ཡང་གཏེར་སྟོན་ཉིད་ཀྱི་བསྟན་དོན་ཐུགས་བསྐྱེད་དུས་སུ་སྨིན་པ་དང་། འཕན་ཡུལ་ནཱལེནྡྲའི་མཁན་ཆེན་ངག་བློ་རིན་པོ་ཆེ་དང་། ཡབ་རྗེ་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་སྲི་གཅོད་ཀྱི་ཆོ་ག་སྣ་ཚོགས་པས་བདུན་བདར་ཞིང་། བསྟན་སྲུང་རྒྱ་མཚོར་འཕྲིན་བསྐུལ་ནན་ཏན་མཛད་པའི་རྟེན་འབྱུང་ཟབ་མོ་གཞི་གཅིག་ཏུ་ཚོགས་པའི་དབང་གིས་ད་གཟོད་བསྟན་པའི་ཉིན་བྱེད་ཆེན་པོ་གང་ཉིད་སྐུ་གཟི་བརྗིད་ལྷམ་མེ་བ། གསུང་སྙན་འགྱུར་ལྷང་ངེ་བ། ཐུགས་བདེ་ཆེན་ལྷན་ནེ་བའི་ངང་ནས་ཞལ་འཛུམ་པ་དང་བཅས་འཇིག་རྟེན་གྱི་ཁམས་སུ་བྱོན་ཞིང་། དེ་མ་ཐག་ཡབ་རྗེ་མཆོག་དང་། བླ་མ་ངག་བློ་རིན་པོ་ཆེ་རྣམ་གཉིས་ནས་ཤེས་རབ་འཕེལ་བའི་རྟེན་འབྲེལ་དུ་སྔོན་བྱོན་གོང་མའི་བྱིན་རྟེན་གྱི་ཁུ་བས་ལྗགས་ལ་དྷཱིཿཡིག་འབྲི་བ་དང་། བསྟན་འགྲོའི་དཔུང་གཉེན་དམ་པར་སྐུ་ཚེ་རིང་དུ་འཚོ་ཕྱིར་ཚེ་དཔག་ལྷ་དགུའི་དཀྱིལ་འཁོར་དུ་ཚེ་དབང་བསྐུར་ཞིང་། ཨ་ཡུར་བཛྲ་སྟེ་ཚེ་ཡི་རྡོ་རྗེ་ཞེས་པའི་མཚན་བསྩལ། དེ་ནས་བཟུང་འཁོན་གྱི་བརྒྱུད་པ་རྣམས་ལ་ལེགས་སྦྱར་གྱི་སྒོ་ནས་མཚན་གསོལ་བའི་སྲོལ་བྱུང་། སྲི་གཅོད་དུ་བྲེ་དང་སྲང་ལ་ལན་དགུ་བཤར་བ་སོགས་མི་མཐུན་རྒུད་ཚོགས་ཞི་བའི་རྟེན་འབྲེལ་གྱི་སྦྱོར་བ་སྣ་ཚོགས་མཛད། བཀྲ་ཤིས་པའི་ཉིན་དེར་གུ་རུའི་ཞལ་ཐང་བྱོན་ལེགས་དང་། འབྲི་བརྒྱའི་འོ་མ་འབུལ་བ་སོགས་དཀར་ཕྱོགས་ལ་དགའ་བའི་ལྷ་མི་དག་གིས་མཆོད་སྤྲིན་ངོ་མཚར་བ་མང་དུ་བྱུང་། མདོར་ན། རྗེ་འདི་ཉིད་སྐུ་འཁྲུངས་ཏེ་བླ་མ་ངག་བློ་རིན་པོ་ཆེ་ངོར་ཁང་གསར་མཁན་ཆེན་དམ་པ་རྡོ་རྗེ་འཆང་མཇལ་ཁར་བཅར་བ་ན། དམ་པ་རིན་པོ་ཆེའི་ཞལ་སྔ་ནས། ཁྱོད་ཀྱིས་སྲིའུ་སྤེལ་བའི་ཆོ་ག་མཛད་ནས་ས་སྐྱའི་གདུང་བསུས་སོང་། ད་ས་སྐྱའི་བསྟན་པ་སྡུག་ལེ་མ་རེད། བན་རྒན་ང་ཤི་ན་ཡང་བློ་བདེ་ཐལ། ཅེས་ལེགས་གསོའི་གཟེངས་བསྟོད་མཛད་པ་དེས་ཀྱང་སྙིགས་མ་ལྔ་བདོ་བའི་དུས་འདིར་ཡང་། ཇི་སྐད་དུ། དམ་པ་གིས་ནི་ཤེས་རབ་ཀྱིས་སྟོང་ཉིད་ལ་དམིགས་ཤིང་། སྙིང་རྗེས་སེམས་ཅན་ལ་དམིགས། ཞེས་གསུངས་པ་ལྟར། བསྟན་པའི་ས་མཁན་ཆེན་པོ་གང་ཉིད་བྱམས་བརྩེས་གཞན་དབང་དུ་གྱུར་ཏེ་གངས་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་སྤྱི་དང་། ཡང་སྒོས་གསང་ཆེན་སློབ་བཤད་པའི་སྡེ་སྤེལ་སླད་བྱོན་པའི་ཉིང་དགོས་ནི། སར་གནས་ཀྱི་དཔའ་པོ་དག་གི་སེམས་བསྐྱེད་ལས་གཞན་དུ་མ་དམིགས་ཤིང་། གལ་སྲིད་དུས་དེར་དཔལ་ལྡན་བླ་མ་དམ་པ་འདི་ཉིད་མ་བྱོན་པའི་དབང་དུ་བྱས་ན། ད་ལྟའི་ཆར་དཔལ་ལྡན་ས་སྐྱ་པའི་གདུང་བརྒྱུད་ཀྱི་མིང་ཙམ་རེ་ནི་ཅིས་ཀྱང་ས་སྟེང་འདིར་ཡོད་ངེས་ཀྱང་། མགོན་པོ་གང་གི་བཀའ་དྲིན་ཉག་གཅིག་ལས་སྙན་བརྒྱུད་ཟབ་མོའི་བསྟན་པ་འཛིན་པའི་ཐུགས་སྲས་རླབས་པོ་ཆེ་མང་པོས་འཛམ་གླིང་ཤར་ནུབ་འགེབས་པའི་སྐལ་བཟང་གི་ཉིན་མོ་འདི་འདྲ་ནི་ཤིན་ཏུ་ཡོང་རེ་བྲལ་བ་ཡིན་པས། གང་ཉིད་འཇིག་རྟེན་དུ་བྱོན་པ་ཙམ་ཡང་ལྷ་དང་། མི་དང་། ལྷ་མ་ཡིན། དྲི་ཟར་བཅས་པའི་འགྲོ་བ་དག་གི་བསོད་ནམས་བྱེ་བའི་དཔལ་དམ་པར་གྱུར་བ་ཡིན་པས། ཁ་བ་གངས་ཅན་པའི་སྐྱེ་བོ་སྤྱི་དང་། ཡང་སྒོས་གསང་སྔགས་ཚོགས་སློབ་ཀྱི་བསྟན་པའི་རྗེས་སུ་འཇུག་པར་ཁས་འཆེ་བ་དག་གིས་བཀའ་དྲིན་གྱི་ཕུང་པོ་ཇི་སྲིད་བར་གསབ་པར་དཀའ་བའི་ཚུལ་ལེགས་པར་དྲན་ཞིང་ཤེས་དགོས་པའི་གནས་སོ།།
༢] མཚན་ལྡན་གྱི་བླ་མ་བསྟེན་པ།
ད་ལྟའི་བར་རྗེ་བཙུན་ས་སྐྱ་པའི་ཆོས་བརྒྱུད་བྱུང་ནས་མི་ལོ་བརྒྱ་ཕྲག་དགུ་དང་བགྲང་བྱ་ཞེ་བཞི་སོན་ཡོད་ལ། ཆོས་བརྒྱུད་འདི་ནི་འབྲོག་མི་ལོ་ཙཱ་བ་དང་། བ་རི་ལོ་ཙཱ་བ་སོགས་ལོ་ཙཱ་བ་ཆེན་པོ་བཞིའི་འཆད་སྲོལ་དང་། མན་ངག་འཛིན་པའི་བོད་ཀྱི་ཆོས་བརྒྱུད་དམིགས་བསལ་བ་ཞིག་ཡིན། དེ་དག་གི་རིང་ཆོས་བརྒྱུད་ཆེན་པོ་འདིའི་ནང་འཕགས་ཡུལ་གྱི་གྲུབ་བརྒྱའི་སྤྱི་མེས་དཔལ་ལྡན་བིར་ཝ་པ་ནས་བརྒྱུད་པའི་གསུང་ངག་ལམ་འབྲས་ཀྱི་གཞུང་བཤད་མན་ངག་ཆ་ལག་དང་བཅས་པ་རྗེ་བཙུན་གོང་མ་རྣམ་ལྔའི་བཀའ་སྲོལ་དང་མཐུན་པར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། ས་སྐྱའི་མཁས་པ་གཡག་རོང་གཞོན་གསུམ་དང་། གོ་ཤག་སྟག་གསུམ། ཀུན་དགའ་རྣམ་གཉིས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ་དབང་པོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ནས། དཔལ་ལྡན་བླ་མ་དམ་པ་གང་ཉིད་ཀྱི་རིགས་བརྒྱའི་ཅོད་པཎ་དུ་གྱུར་པ་ངོར་མཁན་ཁང་གསར་ཆེན་དམ་པ་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོའི་བར་རྩོད་མེད་ཡོངས་གྲགས་ཀྱི་མཁས་གྲུབ་ཆེན་པོ་གསེར་རིའི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱོན་ཞིང་། དེ་དག་ནི་དངོས་དང་བརྒྱུད་པའི་སྒོ་ནས་དཔལ་ལྡན་བླ་མ་གང་ཉིད་ཀྱིས་བསྟེན་པའི་ཚུལ་ཡང་། ཇི་སྐད་དུ། རང་རྣམ་ལས་བྱུང་བ་ལྟར། བླ་མ་ངག་བློ་རིན་པོ་ཆེ་གདན་ཞུས་ཀྱིས་འཇམ་དབྱངས་གཟི་འོད་འབར་བའི་དྲུང་དུ་འཇམ་དབྱངས་དམར་སེར་དང་། མི་གཡོ་བ་སྔོན་པོའི་རྗེས་གནང་གྲུབ་རྗེས་ཀ་མད་གསེར་བྲིས་མའི་སྟེང་སྐུ་ཡོན་གསན་སྦྱོང་གི་དབུ་བཙུགས། དེ་ནས་བཟུང་དཔོན་སློབ་ཀུན་དགའ་རྒྱལ་མཚན་གྱི་མདུན་ནས་གང་བློ་མ་དང་། དཔག་བསམ་འཁྲི་ཤིང་སོགས་སྦྱོར་ཀློག་བསླབས་པས་ཚེགས་མེད་མཁྱེན། དེ་ཙམ་ན་ཡབ་རྗེ་རྡོ་རྗེ་འཆང་མཆོག་སྐུ་གཤེགས། སྐུ་ནར་ཅུང་སོན་པ་དང་མཁན་ཆེན་འཇམ་དཔལ་བཟང་པོའི་དབུ་འདོམས་འོག་ངོར་དུ་ཕེབས། མཁན་ཆེན་དམ་པ་རྡོ་རྗེ་འཆང་མཇལ་མ་ཐག་བསྐལ་མང་སྔོན་ནས་གོམས་པའི་དད་གུས་དང་། ཚད་མེད་གདུང་ཤུགས་དྲག་པོས་ཐུགས་ཡིད་རབ་ཏུ་གཡོས་ཏེ་ཚེ་རབས་གཏན་གྱི་རིགས་བདག་འཁྲུལ་མེད་ཡིན་པའི་ཐུགས་ངེས་བརྟན་པོ་འཁྲུངས། དམ་པ་དེའི་ཞབས་ཀྱི་པདྨོར་བཏུད་དེ་ཡབ་ཆོས་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཀྱི་གདམས་པ་ཆ་ཚང་གསན། དེ་ལྟར་སྐུ་ན་ཆུང་དུས་ནས་ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་དང་། ཁང་གསར་མཁན་ཆེན་དམ་པ་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་འཛིན་སྙིང་པོ། མཁྱེན་བརྩེ་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས། གཟིམ་འོག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན། བླ་མ་ངག་བློ་རིན་པོ་ཆེ། ཕན་བདེ་མཁན་ཆེན་རྡོ་རྗེ་འཆང་ངག་དབང་མཁས་གྲུབ་རྒྱ་མཚོ། མཁན་ཆེན་རྡོ་རྗེ་འཆང་འཇམ་དཔལ་བཟང་པོ་སོགས་ཀྱི་མདུན་ནས་ལམ་འབྲས་གཙོ་བོར་གྱུར་པའི་འཕགས་བོད་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་བཅོ་ལྔའི་བར་དུ་གསན་བསམ་མཛད་པའི་ཟབ་ཆོས་ཀྱི་གསན་ཡིག་གཅིག་པུས་ཀྱང་མཁས་པ་གཞན་དག་གི་ཐོས་པ་ཟབ་སྙམ་པའི་ཁེངས་པའི་རི་ཚོགས་བསྙིལ་ནུས་པ་ཡོད། ཕྱི་ལོ་ ༡༩༥༩ བོད་ཟླ་དང་པོའི་གཟའ་སྐར་དགེ་བའི་ཉིན་རྗེ་བཙུན་གོང་མའི་བཞུགས་ཁྲི་འཁོར་ལོ་གསུམ་ལྡན་མར་ཞབས་སོར་བཀོད། རིམ་གྱིས་བོད་སྤྱིའི་གནས་ཚུལ་ཇེ་ཞན་དུ་གྱུར་པས་འབྲས་ལྗོངས་བརྒྱུད་དེ་རྒྱ་གར་དུ་ཕེབས། འཕགས་ཡུལ་དུ་ཞབས་སོར་བཀོད་ནས་ཀྱང་འཛམ་གླིང་ཞི་བདེའི་དེད་དཔོན། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་གདག ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་དང་། ཕྱག་ན་པདྨོའི་རིགས་ཀྱི་ཅོད་པཎ་ཆོས་རྗེ་བཅོ་བརྒྱད་པ་ལྕེ་བཙུན་མཁྱེན་རབ་ལེགས་བཤད་རྒྱ་མཚོ། ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་བོད་རིག་པའི་ཞིབ་འཇུག་མཁས་དབང་དག་གིས་ཨེ་ཤ་ཡའི་རིག་མཛོད་དུ་བསྔགས་པའི་མཁས་གྲུབ་ཆེན་པོ་སྡེ་གཞུང་མཆོག་སྤྲུལ་བསྟན་པའི་ཉི་མ་མཆོག་དང་། རྒྱལ་བའི་ཡོངས་འཛིན་ལྷ་ཁང་མཁན་ཆེན་སངས་རྒྱས་བསྟན་འཛིན། ༧གོང་ས་མཆོག་ནས་མི་ལོ་བཞི་བཅུའི་རིང་མཇལ་མ་མྱོང་བའི་ཆོས་བརྒྱུད་བཞི་ཀར་མཁས་པའི་མཁས་གྲུབ་ཆེན་པོ་ཞེས་མཚན་གྱི་སྙན་པ་གངས་ཅན་མཁས་པའི་ཚོགས་སུ་ལན་མང་བསྒྲགས་མྱོང་བའི་སྤྲོས་མེད་ཀྱི་རྣལ་འབྱོར་བ་ཁྲི་ཚོ་མཁན་ཆེན་རིན་ཆེན། ༧གོང་ས་༧སྐྱབས་མགོན་ཆེན་པོས་ས་སྐྱའི་མཁན་པོ་ཕྱི་རྫིག་ནང་རྫིག་ཅེས་བསྔགས་བརྗོད་མཛད་མྱོང་ཞིང་མདོ་སྔགས་རིག་གནས་དང་བཅས་པ་འཆད་པ་ལ་གོ་རམས་གཉིས་པ་ལྗོངས་འདིར་ཕེབས་པ་ལྟ་བུའི་མཁས་གྲུབ་ཆེན་པོ་སྐུ་ཚེ་གསེར་ལྗང་མཁན་ཆེན་ཡོན་ཏན་བཟང་པོ། རྒྱལ་བའི་ཡོངས་འཛིན་རྫོང་སར་མཁན་ཆེན་ཀུན་དགའ་དབང་ཕྱུག གྲུབ་པའི་དབང་ཕྱུག་རི་སྐེག་བྱ་བྲལ་རིན་པོ་ཆེ་སོགས་མཁས་གྲུབ་བཅུ་ཕྲག་གསུམ་ལ་ཉེ་བ་བསྟེན་ཏེ་ཡབ་ཆོས་ལམ་འབྲས་ཚོགས་སློབ་གཉིས་དང་། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་སོགས་རྡོ་རྗེ་ཐེག་པའི་ཆོས་སྐོར་མཐའ་དག་དང་། གཞུང་ལུགས་གྲགས་ཆེན་བཅོ་བརྒྱད་སོགས་རྒྱུ་མཚན་ཉིད་ཐེག་པའི་སྐོར་གསན་བསམ་ཚུལ་བཞིན་མཛད། ཁྱད་པར་ལོ་ཆེན་བཞི་ནས་བརྒྱུད་པའི་དཔལ་ལྡན་ས་སྐྱ་པའི་གདམས་པ་རྒྱ་མཚོ་ལྟ་བུ་མགོན་པོ་གང་གི་ཐུགས་ན་ལྷག་མེད་དུ་མངའ་ཞིང་། རིས་སུ་མ་ཆད་པའི་ཆོས་བརྒྱུད་སྤྱིའི་བཀའ་སྲོལ་གྱི་བརྒྱུད་པ་ཕལ་མོ་ཆེ་མགོན་པོ་གང་གི་ཐུགས་ན་གསལ་པོར་བཞུགས་པས། གདམས་ངག་གི་མཛོད་ཆེན་པོ་འདི་འདྲ་ནི་ཧ་ཅང་མཇལ་དཀའ་བ་ཡིན་པས་བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་རིས་མེད་ཀྱི་བུ་སློབ་མང་པོ་འཛོམས་པ་ཡང་གནད་དེ་གོ་བས་ཡིན་ནོ།།
༣] རིས་མེད་ཀྱི་བུ་སློབ་བསྐྱངས་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ལན་མང་གངས་རིའི་ལྗོངས་ཀྱི་གོས་དཀར་ལྕང་ལོའི་སྡེའི་རྒྱལ་པོར་བསྔགས་པ་མཛད་ཅིང་། དོན་དུ་ཡང་སྙིགས་དུས་ཀྱི་ཨོ་རྒྱན་གཉིས་པར་གྱུར་པའི་བདག་ཅག་གི་འདྲེན་མཆོག་དཔལ་ལྡན་བླ་མ་དམ་པ་གང་གིས་གདུལ་བྱ་རིགས་ཅན་སོ་སོའི་བློ་དང་འཚམས་པར་རྒྱུད་སྡེ་སོ་སོའི་བཀའ་དབང་དང་། གདམས་པ། བཀའ་ཆོས། བཀའ་སློབ། ཐ་ན་ཚེ་འདིའི་འཚོ་བ་སྐྱེལ་སྟངས་ཚུད་ཆད་གསུང་སྟེ་ཐབས་ལམ་སྣ་ཚོགས་པས་མ་སྨིན་པ་སྨིན་པ་དང་། སྨིན་པ་རྣམས་གྲོལ་བར་མཛད་ཅིང་། རྟག་ཏུ་ཐུགས་བརྩེ་བ་ཆེན་པོའི་གཞན་དབང་དུ་གྱུར་བའི་ཉེར་ལེན་གྱིས་ཟླ་འགར་འཆད་དགོས་པའི་ཟབ་ཆོས་རྒྱ་ཆེན་པོ་དག་ཀྱང་ངལ་བ་སྤངས་ཏེ་གསུང་གནང་མཛད་པ་ཡིན་ཏེ། ཨ་རི་དང་། ཨོ་སི་ཁྲོ་ལི་ཡ། ཡུ་རོབ་སོགས་འཛམ་གླིང་ཡུལ་གྲུ་གང་སར་གསུང་ངག་རིན་པོ་ཆེ་ཚོགས་སློབ་ཀྱི་འཆད་ཁྲིད་ཁོ་ན་ཚར་བཅུ་ཕྲག་གཉིས་ལྷག་བསྩལ། དེ་ལྟར་བླ་མ་རིན་པོ་ཆེ་འདི་ཉིད་ཀྱིས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་དཔལ་བརྩེ་བ་ཆེན་པོའི་བསྟན་པ་ཧ་ཅང་ཉག་ཕྲ་བའི་སྐབས་སུ་འཕགས་བོད་གཉིས་ཀར་བཤད་སྒྲུབ་ཀྱི་བསྟན་པའི་རྩ་བ་བཙུགས་ཤིང་། སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་མཛད་པ་འབའ་ཞིག་བསྐྱངས་པའི་འབྲས་བུར་གསུང་གི་བདུད་རྩིར་སྤྱོད་པའི་བུ་སློབ་ཀྱང་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་ཆེ་ཁག་མང་པོ་བྱུང་བ་ཡིན་ཏེ། རྒྱལ་བ་ཀརྨ་པ་སྐུ་གོང་འོག དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། གྲུབ་དབང་པདྨ་ནོར་བུ། འཁྲུལ་ཞིག་རིན་པོ་ཆེ། སི་ཏུ་རིན་པོ་ཆེ། ཞྭ་དམར་རིན་པོ་ཆེ། ཀོང་སྤྲུལ་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ། འབྲུག་ཁམས་སྤྲུལ་རིན་པོ་ཆེ། མཆོག་སྤྲུལ་ནམ་མཁའི་ནོར་བུ། བོ་དོང་སྤྲུལ་སྐུ། ཁལ་ཁ་རྗེ་བཙུན་དམ་པ་སོགས་རིས་མེད་ཀྱི་བླ་ཆེན་རྣམས་དང་། དཔལ་ལྡན་ས་སྐྱ་པའི་ཕྱོགས་ནས་རིས་མེད་བསྟན་པའི་སྒྲོན་མེ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ༧སྐྱབས་མགོན་འཁོན་གདུང་རཏྣབཛྲ་རིན་པོ་ཆེ་གཙོ་བྱས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་། རྫོང་སར་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ། ངོར་ཀླུ་ལྡིང་མཁན་པོ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་མཆོག་ལྡན། གཞན་ཡང་ས་ངོར་གྱི་ཞབས་དྲུང་རྣམ་པ་སོགས་ནི་བུ་སློབ་ཀྱི་རིམ་པ་ཆེ་ལོང་ཙམ་བརྗོད་པ་ཡིན་ནོ།། མདོར་ན་བསྟན་འགྲོའི་དཔལ་མགོན་དམ་པ་གང་ཉིད་ཀྱིས་མི་ལོ་ཧྲིལ་པོ་ང་བརྒྱད་རིང་དཔལ་ས་སྐྱའི་ལུགས་གཉིས་ཀྱི་མཛད་འགན་ལེགས་པར་བཞེས་ཤིང་། སྙིགས་ལྔ་བདོ་བའི་དེང་གི་ཆར་ཡང་ཤར་ནུབ་གང་སར་འབྲེལ་ཚད་དོན་ལྡན་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་སྐུ་ཚེ་མི་ཤིགས་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་བཞུགས་བཞིན་པའི་བཀའ་དྲིན་གྱི་ཕུང་པོ་ནི་ཇི་སྲིད་བསྐལ་བ་མ་སྟོང་འཁོར་བ་མ་འཇིག་གི་བར་དུ་བརྗེད་དཀའ་བའི་གནས་སོ།།
༤] མཇུག་མཐའི་གསལ་བཤད།
མཐའ་དོན་མི་གྲངས་དུང་ཕྱིར་བདུན་ཅུ་བརྒལ་ཟིན་པའི་འཛམ་གླིང་འདིར། བོད་ཅེས་པའི་ཐ་སྙད་འདིའི་ཁྱབ་ཁོངས་སུ་རྒྱལ་ཁབ་གཞན་དང་འགྲན་རུང་བའི་མི་གྲངས་མང་པོ་ཞིག་མེད་ནའང་། སྐྱེ་འགྲོ་སྤྱི་དང་། ཡང་སྒོས་བོད་དང་། བོད་རིགས་སྤྱི་ལ་ཐུགས་རྗེ་དང་བྱམས་བརྩེའི་སྤྱན་ཟུང་ནམ་ཡང་གཟིམ་མ་མྱོང་བའི་རླབས་པོ་ཆེའི་སྐྱེས་ཆེན་དག་གི་གྲལ་མགོ་ན། རྗེ་འདི་ཉིད་ཀྱང་ཆེས་གཟི་བརྗིད་ལྡན་པའི་ངང་བཞུགས་ཡོད་པ་ང་ཚོས་གསལ་པོར་མཐོང་ཐུབ་པ་ཡིན། དེ་བས་ཀྱང་ཞིབ་ཚག་པོས་གླེང་ན། བོད་རིགས་ཁ་ཡོད་ཚད་ཀྱིས་ས་སྐྱ་གོང་མ་རིན་པོ་ཆེ་ཞེས་བརྗོད་དུས་སེམས་གཏིང་ནས་མིག་ཟུང་ཟུམ་ཟུམ་དང་། མགོ་བོ་དུད་དུད་མི་བྱེད་མཁན་དཀོན་པོ་ཡིན། དེའི་རྒྱུ་མཚན་ནི། གཞན་གང་ཡང་མ་ཡིན་པར་རྗེ་འདི་བས་ཉེ་རིང་མེད་པའི་བྱམས་བརྩེ་དང་། འགྱུར་མེད་ཀྱི་ཐུགས་གཤིས། ནམ་ཡང་མཇལ་ན་འདོད་པའི་བརྩེ་འཛུམ་ཀྱིས་སྐྱེ་རྒུའི་དད་འདུན་དབང་མེད་དུ་དྲངས་པས་ཡིན་ངེས་ན། དེ་དག་གི་ཆེད་རྣམ་ཐར་གནད་བསྡུས་ [ བོད་མིའི་སེམས་ནང་གི་ས་སྐྱ་གོང་མ་ ] ཞེས་པ་ཞིག་འབྲི་འཆར་ཡོད་ནའང་གནས་སྐབས་ལས་བྲེལ་གྱིས་དབང་གིས་ཆ་ཚང་མ་གྲུབ་པས་རང་གི་བསོད་ནམས་གསོག་པའི་གོ་སྐབས་འབའ་ཞིག་ལ་དམིགས་ཏེ་མགོན་པོ་གང་གི་རྣམ་ཐར་ཆུ་ཐིགས་མ་འདི་ལ་ཅུང་ཁ་སྣོན་དང་བཅས་ཨ་འདུས་སྐལ་བཟང་རྒྱ་མཚོས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༢ པའི་ཚེས་ ༡ ཉིན་བདེ་སྐྱིད་གླིང་དཔལ་ས་སྐྱའི་རྩོམ་སྒྲིག་ཁང་ནས་སྤྲིངས་སོ།།