གངས་ཞུན། ཡོང་ཁུངས། འཁར་རྔ་དམངས་སྲོལ་རིག་གནས་སྨྱན་སྦྱོར་སྤྱི་གཉེར་ཁང་།
༡ ཚོང་ལས་ཀྱི་བྱ་བ་ཅི་ཞིག་བསྒྲུབས་ཀྱང་གཤམ་གྱི་གནད་དོན་དྲུག་གསལ་དགོས།
༡ ཚོང་ཅི་ཞིག་གཉེར་བ།
༢ སུ་ཡིས་གཉེར་བ།འདིའི་ནང་དུ་ཐག་གཅོད་དབང་ཆ་སུ་ལ་ཡོད་པ་དང་ཐག་གཅོད་ཀྱི་ཆུ་ཚད་ཅི་ཙམ་ཡོད་པ་ཤེས་དགོས།
༣ ཚོང་འདི་གཉེར་བའི་དམིགས་ཡུལ། རང་ལ་ཁེ་ཕན་ཅི་ཡོད་དང་དེ་ཇི་ལྟར་ཐོབ་ཚུལ་ཤེས་དགོས།
༤ གཉེར་སའི་ས་གནས།
༥ གཉེར་བའི་དུས་ཡུན། མགོ་ནམ་རྩོམ་པ་དང་མཇུག་ནམ་བསྡུས་པ། ཁེ་ཕན་ནམ་ལོན་པ།
༦ ཇི་ལྟར་གཉེར་བ། ཁེར་ལས་ཡིན་ནམ་མཉམ་ལས་ཡིན། མ་རྩ་གཏོང་མཁན་སུ་ཡིན། དེ་ལ་དབང་ཆ་ཅི་ཞིག་ཡོད། ཡོང་འབབ་བགོ་སྟངས་ཅི་འདྲ་ཡིན། བཏང་བའི་མ་རྩ་ནམ་ཞིག་སོད། མཉམ་ལས་ནས་ཕྱིར་འབུད་ཚུལ་ཅི་འདྲ་ཡིན་སོགས་ཀྱི་གནས་ཚུལ་གསལ་བོ་ཞིག་ཡོད་ན་ད་གཟོད་མཉམ་ལས་ཀྱི་མགོ་བརྩམས་ཆོག
༢ ཚོང་ལས་མཉམ་ལས་ཀྱི་སྐོར།
༡ ཚོང་ལས་མཉམ་ལས་ཀྱི་་སྙིང་བོ་ནི་མ་རྐང་དབང་ཆ་ཡིན། ༢ ཚོང་ལས་མཉམ་ལས་ཀྱི་གནད་འགག་ནི་ཐག་གཅོད་དབང་ཆ་ཡིན། ༣ ཚོང་ལས་མཉམ་ལས་ཀྱི་དམིགས་ཡུལ་ནི་ཁེ་ཕན་རེག་ཐབས་ཡིན། གོང་གི་གནད་དོན་གསུམ་གསལ་བོ་མ་བྱས་ན་མཉམ་ལས་ལ་ཉེན་ཁ་ཡོད།
༣ དཔལ་འབྱོར་འཛུགས་སྐྲུན་གྱི་སྐོར།
དཔལ་འབྱོར་འཛུགས་སྐྲུན་ནི་དེང་རབས་སྤྱི་ཚོགས་ཀྱི་ལས་ཀ་གཙོ་བོ་ཡིན།དཔལ་འབྱོར་འཛུགས་སྐྲུན་གྱི་ཆུ་ཚད་ཀྱིས་ས་གནས་དེའི་སློབ་གསོ་དང་རིག་གནས།ཚན་རྩལ་སོགས་ཀྱི་ཆུ་ཚད་ཀྱང་ངང་གིས་ཤེས་ཐུབ།དེ་བས་དཔལ་འབྱོར་ཞན་པའི་གནས་དེ་ཡི་སློབ་གསོ་དང་རིག་གནས། ཚན་རྩལ་གྱི་ཆུ་ཚད་ཀྱང་ཉམ་དམའ་བ་ཡིན།དཔལ་འབྱོར་ཆེ་བའི་གནས་དེ་ཡི་སློབ་གསོ་དང་རིག་གནས། ཚན་རྩལ་གྱི་ཆུ་ཚད་རང་བཞིན་གྱིས་མཐོ་བ་མ་ཟད་དེ་དག་ལ་མཐོང་ཆེན་བྱེད་ཚད་ཀྱངགཞན་ལས་ཆེ་བ་ཡོད།་དེང་རབས་དཔལ་འབྱོར་ནི་རིག་གནས་དང་ཚན་རྩལ་། དངུལ་ཟོག་བཅས་ཀྱིས་གྲུབ་པའི་སྤྱི་ཚོགས་དེའི་ཐོན་སྐྱེད་ནུས་ཤུགས་ཀྱི་མཚོན་རྟགས་ཡིན་པས།དཔལ་འབྱོར་འགྲན་པ་ནི་སློབ་གསོ་དང་རིག་གནས། ཚན་རྩལ་གྱི་ཆུ་ཚད་འགྲན་པའང་ཡིན་ནོ།
༤ དེང་རབས་ཁེ་ལས་གཉེར་སྐྱོང་གི་གོ་རིམ་གསུམ།
༡ ཚད་གཞི་ཅན། [ལས་རྐང་དང་ལས་མི། ཐོན་རྫས། སྒྲིག་ལམ་སོགས་ལ་་ཚད་གཞི་བཟོས་་ནས་དེ་ལས་མི་འདའ་བར་དོ་དམ་བྱེད་པའོ།] ༢ མ་རྐང་ཅན། [མ་རྐང་གི་ཆེ་ཆུང་ལྟར་ཁེ་ལས་ཀྱི་བདག་དབང་བཀོད་སྒྲིག་བྱེད་པའོ།] ༣ མ་རྩ་ཅན། [ཁེ་ལས་ཐོན་རྫས་རྐང་ཤོག(股票)ཚོང་རར་བསྐྱལ་ནས་གཉེར་བའོ།]
༥ ཚོང་ལས་པས་ཤེས་དགོས་པ་གསུམ་ནི།
༡ ཚོང་རྫས་ཤེས་པ། ༢ ཚོང་ར་ཤེས་པ། ༣ ཚོང་ལམ་ཤེས་པ།
༦ ཚོང་དང་ཁེ་ལས་ཀྱི་འོས་འགན།
༡ དཔལ་འབྱོར་སྤེལ་ནས་རང་དང་རང་གི་ཁྱིམ་མིས་དེང་རབས་ཀྱི་འཚོ་བར་ལོངས་སྤྱོད་ཐུབ་ན་རྩ་བའི་འོས་འགན་འགྲུབ་པ་ཡིན། ༢ ཁེ་ལས་གཉེར་ནས་མི་གཅིག་ཡན་ཆད་ལ་ལས་ཀ་མཁོ་སྤྲོད་བྱས་ཏེ་དེ་དང་དེའི་ཁྱིམ་ཚང་གི་འཚོ་བའི་མཐུན་རྐྱེན་སྦྱོར་ཐུབ་ན་འོས་འགན་གཉིས་པ་འགྲུབ་པ་ཡིན། ༣ ས་གནས་ཀྱི་ཐོན་རྫས་ལ་ལས་སྣོན་གསར་གཏོད་ཀྱིས་ཐོན་ལས་ཅན་དང་ཚོང་ར་ཅན་དུ་བསྒྱུར་ཏེ་ས་གནས་ཚོང་རྫས་དེ་རིན་ཐང་དང་ཡོང་འབབ་རྒྱུན་མཐུད་ཅ ན་དུ་སྤེལ་ཐུབ་ན་འོས་འགན་གསུམ་པ་འགྲུབ་པ་ཡིན། ༤ ཁེ་ལས་མཉམ་འབྲེལ་ཚུགས་ཏེ་དཔལ་འབྱོར་གྱི་ཕུང་བོ་ཆེན་པོར་ཆགས་ཤིང་ཕུང་བོ་དེའི་ནང་རང་གི་རིག་གནས་དང་སློབ་གསོ།དད་མོས།འཚོ་བ་ཡོད་ཚད་བསྡུས་ཐུབ་ན་འོས་འགན་གཙོ་བོ་འགྲུབ་པ་ཡིན། འདི་དག་གི་རྩ་བ་ནི་མཐུན་སྒྲིལ་ལོ།།
༧ ངོས་འཛིན་གཉིས།
༡ རྒྱལ་ཁ་ཁོ་ནའི་ཆེད་དུ་ཁེ་ལས་བསྒྲུབས་པ་ཡིན། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཞེས་པའི་ཚིག་འདི་ལྟ་བུར་ཁ་གཡར་ཏེ་ཕམ་ཁ་ལ་མི་སྐྲག་ཁུལ་དང་དེ་ལ་སྔོན་་འགོག་དང་དོགས་ཟོན་མེད་ན་ནོར་འཁྲུལ་ཡིན། ༢ གསོན་པའི་ཆེད་དུ་སྐྱེ་བ་ཡིན། སྐྱེ་བ་་ཡོད་ན་འཆི་བ་ཡོད་ལྟ་བུ་དང་ནམ་འཆི་ཆ་མེད་ཅེས་སྐྱེས་པ་ནས་ཤི་ཆོས་བསྒྲུབས་ཏེ་སྐྱེ་བ་ནི་ཤི་བའི་ཆེད་དུ་ཡིན་པ་ལྟ་བུར་བྱེད་པ་ནི་ནུས་མེད་དང་སྡར་མ་དང་རྨོངས་པ་དག་གི་ལས་ཡིན་པས་འཁྲུལ་བའི་འཁྲུལ་བའོ། ༼སྡོམ་ཚིག་ནི། རྒྱལ་ཁའི་ཆེད་དུ་ལས་ཀ་བསྒྲུབས། སྐྱེ་བ་ནི་གསོན་པའི་ཆེད་དུ་ཡིན།༽
༨ ཁེ་ལས་ཀྱི་དབང་ཆ་གསུམ།
༡ བདག་དབང་། ཁྲིམས་ལྟར་ན་ཁེ་ལས་ཀྱི་རྒྱུ་ནོར་དབང་མཁན།=མ་རྩ་འཇོག་མཁན། ༢ གཉེར་དབང་། ཁེ་ལས་ཀྱི་བྱ་བ་ཡོད་ཚད་གཉེར་སྐྱོང་བྱེད་མཁན།=སྤྱི་གཉེར་བ། ༣ སྡོམ་དབང་། རྣམ་པའི་སྟེང་ཁེ་ལས་ལ་དོ་དམ་བྱེད་མཁན།=ཁེ་བདག་ཚོགས་པ།
༩ དཔལ་འབྱོར་ལ་ཡང་དག་པའི་ངོས་འཛིན་ཚུལ་འགའ།
༡ དཔལ་འབྱོར་ནི་ཀུན་གྱི་རྨང་གཞི་ཡིན་པས་དེ་མེད་ན་འཇིག་་རྟེན་གྱི་བྱ་བ་ཅི་ཡང་སྒྲུབ་དཀའ། ༢ དཔལ་འབྱོར་མེད་ན་ཁྱིམ་ཚང་དང་མི་རིགས། རྒྱལ་ཁབ་སོགས་གནས་ཐབས་མེད། ༣ དཔལ་འབྱོར་མེད་ན་འཇིག་རྟེན་པའི་མ་མཐའི་འཚོ་བའི་ལོངས་སྤྱོད་ཀྱང་རོལ་མི་ཐུབ། ༤ དཔལ་འབྱོར་མེད་ན་སློབ་གསོ་དང་རིག་གནས་ཀྱི་བྱ་བཞག་ཀྱང་སྒྲུབ་དཀའ། ༥ དཔལ་འབྱོར་མེད་ན་རང་དབང་དང་འདྲ་མཉམ། དྲང་བདེན་་རྩོད་ཐབས་མེད། ༦ ཁྱིམ་ཚང་དང་མི་རིགས།རྒྱལ་ཁབ་སོགས་ཚོགས་པ་ཡོད་ཚད་ཀྱང་དཔལ་འབྱོར་གྱི་ཕུང་བོ་རེ་ཡིན་པས་དེའི་ནང་དུ་ད་གཟོདརང་གི་རིག་གནས་དང་དད་མོས་གནས་ཐུབ། ༧ དཔལ་འབྱོར་ནི་སྒོར་མོ་ཁོ་ནར་འདོད་ན་འཁྲུལ། ༨ དཔལ་འབྱོར་ནི་དཔལ་འབྱོར་ཁོ་ནར་འདོད་ནའཁྲུལ། ༩ དཔལ་འབྱོར་སྒྲུབ་པ་ནོར་སྲེད་ཁོ་ནར་འདོད་ན་འཁྲུལ།
༡༠ ཁྱད་ཆོས་ཀྱི་གལ་ཆེའི་རིན་ཐང་།
ཁྱད་ཆོས་མེད་ན་མི་རིགས་འདི་གནས་ཀྱང་དགོས་པ་ཆུང་།སྲོལ་རྒྱུན་རྨང་གཞི་བྱས་ཐོག་ཚན་རྩལ་སོགས་དེང་་རབས་རིག་གསར་ལ་སློབ་སྦྱོང་དང་བེད་སྤྱོད་གནད་དུ་ཐིངས་པ་བྱེད་ཐུབ་དགོས། དེ་ནས་ཡོད་ཚད་ཀྱི་རྨང་གཞི་དཔལ་འབྱོར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་ཚད་འབུལ་དགོས།དཔལ་འབྱོར་སྒྲུབ་པ་ནི་སྒོར་མོ་ཁོ་ན་འཚོལ་བ་ཞིག་གཏན་ནས་མིན།དཔལ་འབྱོར་གྱི་ཕུང་བོ་ཞིག་ཆགས་ན་དེའི་ནང་དུ་རང་སྐད་རང་ཡིག་རང་ལུགས་ཡོད་ཚད་ཤོང་ལ་དེའི་ནང་དུ་དད་པ་བསམ་བློ་ཕུགས་བསམ་ཡོད་ཚད་མངོན་འགྱུར་བྱེང་ཐུབ།དེའི་ནང་དུ་འཛམ་གླིང་ལ་བགྲོད་པའི་བདེ་ལམ་དང་མ་འོང་བར་ཐོན་པའི་ཉེ་ལམ་ཡོད། དེའི་ནང་དུ་ད་དུང་དཔུང་གི་སྟོབས་དང་ཚོགས་པའི་ཤུགས་ཀྱང་ཡོད་ལ་བདེ་སྐྱིད་དང་དགོད་སྒྲ།ད་དུངའཛིན་བྱང་ཡོད་ཚད་ཡོད།
༡༡ འཆར་གཞི་འགོད་པ།
ཚོགས་པ་ཆེ་ཆུང་གང་ཞིག་ཡིན་ཡང་ཐོག་མར་འཆར་གཞི་་ལེགས་པོ་ཞིག་འགོད་པ་ནི་ཧ་ཅང་གལ་འགངས་ཆེ། ང་ཚོས་ཁེ་ལས་གཉེར་སྐབས་འཆར་གཞི་མེད་པའམ་ཡོད་ཀྱང་ཞིབ་ཚགས་མིན་པས་ལས་ཀ་དངོས་ལ་ཕན་མི་ཐོགས་པ་ལྟ་བུའི་གནས་ཚུལ་དང་ཐོན་རྫས་འདེམས་མི་ཤེས་པའམ་འདེམས་ཀྱང་མ་རྩ་རྩི་མི་ཤེས་པས་ཕྱིར་འཚོང་རིན་གོང་ཐག་གཅོད་དཀའ་བ་སོགས་ཀྱི་གནད་དོན་མང་པོར་འཕྲད་ཡོང་།
༡༢ འཆར་གཞིའི་ནང་དོན་དང་པོ།
འཆར་གཞི་འགོད་དུས་ཐོག་མར་ཐག་གཅོད་དགོས་པ་ནི”ཅི་ཞིག་སྒྲུབ་པ”སྟེ་བྱ་བའི་དམིགས་འབེན་གཏན་འཁེལ་རྒྱུ་དེ་ཡིན། དམིགས་འབེན་ནི་ཚོགས་པས་མ་འོངས་པའི་དུས་ངེས་ཅན་ནང་འགྲུབ་དགོས་པའི་འབྲས་བུ་སྟེ། དེ་ནི་ཚོགས་པའི་ལས་འགན་ཡིན་པ་མ་ཟད་ཚོགས་མི་ཡོངས་ཀྱི་བྱ་འགུལ་གྱི་ཕྱོགས་སྟོན་ཡང་ཡིན་པས་ཚང་མས་ཤེས་དགོས་པའི་བྱ་བ་དང་པོ་དང་། བྱ་བའི་མགོ་ནས་མཇུག་བར་འདོར་མི་རུང་བའི་བླ་སྲོག་ཡིན། ཡང་ན་དེ་ནི་ཐོན་རྫས་ཡིན། དེ་གཏན་འཁེལ་བྱེད་དགོས་ན་ཐོག་མར་དམིགས་འབེན་ནམ་ཐོན་རྫས་འདེམ། དེ་འདེམ་ན་ངེས་པར་དུ་ཐོན་རྫས་ཞིབ་འཇུག་དང་ཚོང་རར་བརྟག་དཔྱད་བྱེད་པ་སྔོན་འགྲོ་ཡིན། ཞིབ་འཇུག་དང་བརྟག་དཔྱད་ལེགས་པོ་བྱས་ཏེ་ཐོན་རྫས་དང་དེའི་ཚོང་ར་ལ་ཆ་རྒྱུས་ཇི་ལྟར་ཟབ་ན་ཉེན་ཁ་དེ་ལྟར་ཆུང་།
༡༣ དམིགས་འབེན།
དམིགས་འབེན་ལ་སྤྱིའི་དམིགས་འབེན་དང་སྡེ་ཁག་གི་དམིགས་འབེན།མི་རེའི་དམིགས་འབེན་གསུམ་ཡོད། ཚོགས་མི་ཡོངས་ཀྱི་ཐུན་མོང་གི་ཧུར་བརྩོན་གྱི་ཁ་ཕྱོགས་ནི་སྤྱིའི་དམིགས་འབེན་ཡིན། དཔེར་ན་རང་རྒྱལ་གྱི་2020ལོར་འབྱོར་འབྲིང་དུ་ཐོན་པ་དང་བོད་པས་2025ལོར་སྤྱི་ཚོགས་ཡོངས་ནས་བོད་ཡིད་བེད་སྤྱོད་པ། རང་ཁེ་ལས་2020ལོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་འགྱུར་བ་ལྟ་བུ་ནི་སྤྱིའི་དམིགས་འབེན་ནོ། སྡེ་ཁག་དང་མི་རེའི་དམིགས་འབེན་ཤེས་སླ།དམིགས་འབེན་གྱིས་ཚོགས་མི་ཡོངས་ལ་ཁ་ཕྱོགས་་སྟོན་པ་དང་ངར་ཤུགས་སྟེར་བ།མཐུན་སྒྲིལ་ཡོང་བ། ཚད་གཞི་གསལ་བའི་ནུས་པ་ལྡན། ཚོགས་་པའི་རིག་གནས་(企业文化)ཀྱང་འདི་ན་ཡོད།ད་ནི་ཚོགས་མི་ཡོངས་ཀྱིས་འཇིགས་པ་མེད་པར་དམིགས་འབེན་ལ་གཏད་ནས་བརྩོན་དགོས།
༡༤ དམིགས་འབེན་གྱི་དཔེ་བརྗོད་འགའ།
༡ འཛམ་གླིང་ཁེ་ལས་སྟོབས་ཅན་500ཡི་དམིགས་འབེན་ནི་མིའི་རིགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན།
༢ རྒྱལ་ཁབ་ཅིག་གི་དམིགས་འབེན་ནི་རྒྱལ་འབངས་ཀྱི་འཚོ་བ་བདེ་སྐྱིད་ཡོང་རྒྱུ་དེ་ཡིན།
༣ སློབ་གྲྭའི་དམིགས་འབེན་ནི་མིའི་ཡོན་ཏན་བསྐྱེད་བསྲིང་བྱེད་པ་དེ་ཡིན།
༤ ཁེ་ལས་ཀྱི་དམིགས་འབེན་ནི་ཐོན་རྫས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་ནས་དེ་ལས་ཁེ་སྤོགས་ཐོབ་པ་དེ་ཡིན།
༥ བོད་ཀྱི་དམིགས་འབེན་ནི་རང་གི་ཁྱད་ཆོས་བཟུང་སྟེ་མུ་མཐུད་དུ་གནས་པར་བྱེད་པ་དེ་ཡིན།
༼གསལ་བཤད། ལག་ལེན་ཁྲོད་དུ་དགོས་དབང་གིས་བྱེད་ཐབས་ལ་འགྱུར་བ་བཏང་ནས་སྣ་ཚོགས་བེད་སྤྱོད་བྱས་ཆོག ཡིན་ནའང་དམིགས་འབེན་ལ་འགྱུར་བ་གཏན་ནས་བཏང་མི་ཆོག དམིགས་འབེན་འགྱུར་ན་འཆར་གཞི་དེ་ཕམ་སོང་བ་ཡིན།༽
༡༥ འཆར་གཞིའིནང་དོན་གཉིས་པ།
འཆར་གཞིའི་ནང་དོན་གཉིས་པ་ཅིའི་ཕྱིར་བསྒྲུབ་པའི་གནད་གཙོ་བ་ོ་ནི་བསྒྲུབ་བྱའི་ཁྱད་ཆོས་དང་ཕན་ནུས། རང་ལ་ཁེ་ཕན་ཅི་ཞིག་ཡོད་པ་གསལ་བོར་ཤེས་དགོས།དཔེར་ན་ཁོ་རེ་ཡ་རྒྱལ་ཁབ་ཀྱིས་རང་ལ་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་མངའ་བའི་ཁྱད་ཆོས་འདི་ལ་བརྟེན་ནས་རིག་གནས་ཐོན་ལས་གཙོ་བོ་ཡིན་པའི་དཔལ་འབྱོར་སྒྲུབ་སྟངས་གཏན་འཁེལ་དང་དེས་མི་དམངས་ལ་ལས་གནས་དང་ཡོང་སྒོ་སྤྲད་ནས་བདེ་སྐྱིད་འཚོ་བ་བསྐྲུན་ཏེ་རྒྱལ་ཁབ་བདེ་འཇགས་ལ་བཀོད་པ་ལྟ་བུ།བོད་ཀྱི་རིག་གནས་དང་ཆོས་གཞུང་ཐུན་མོང་མ་ཡིན་པ་འདི་མིའི་རིགས་ཀྱི་བདེ་སྐྱིད་ལ་ཕན་པ་ཧ་ཅང་ཆེ་བས་མི་རིགས་འདི་གནས་པར་འབད་པ་ལྟ་བུ་དང་།ཐོན་རྫས་ཤིག་གི་ངོ་བོ་དང་ནུས་པ།་ཚོང་རའི་འགྲན་རྩོད་རིན་ཐང་གིས་རང་ལ་ཁེ་ཕན་ཡོད་པ་ལྟ་བུའོ།
ཁེ་ལས་ཤིག་ལ་མཚོན་ན་ཅི་ཕྱིར་བསྒྲུབ་པའི་སྐབས་འདིར་ངེས་པར་གསལ་བོར་བྱེད་དགོས་པའི་བྱ་བ་བཅུ་ནི། ༡ བསྒྲུབ་བྱའམ་རྒྱུ་ཆའི་ངོ་བོ་དང་གྲུབ་ཆ་ལ་ཞིབ་འཇུག་ཞིབ་མོ་བྱེད་པ། ༢ བསྒྲུབ་བྱའམ་རྒྱུ་ཆའི་ཐོན་ཁུངས་ལ་ཞིབ་འཇུག་བྱེད་པ། ༣ བསྒྲུབ་བྱའམ་ཐོན་སྐྱེད་ལ་མཁོ་་བའི་ལག་རྩལ་གསལ་བོར་ཤེས་པ། ༤ ཐོན་བསྐྱེད་བྱེད་མཁན་ལག་རྩལ་བ་ཅི་འདྲ་དགོས་ཚུལ་ཤེས་པ། ༥ ཐོན་རྫས་ཐོན་བསྐྱེད་ཀྱི་གོ་རིམ་གསལ་བོར་ཤེས་པ། ༦ ཐོན་རྫས་འདིའི་ཚོང་རའི་གནས་ཚུལ་ཤེས་པ། ༧ ཐོན་རྫ་ས་ཀྱི་ཚོང་རའི་དགོས་མཁོ་ཤེས་པ། ༨ ཐོན་རྫས་ཀྱི་རིན་ཐང་ཤེས་པ། ༩ ཐོན་རྫས་ཀྱི་ཐུན་མིན་ཁྱད་ཆོས་ལ་བརྟེན་ནས་ཚོང་རར་འགྲིམས་པ། ༡༠ བསྒྲུབ་བྱའམ་ཐོན་རྫས་འདིའི་སྐོར་གྱི་སྲད་ཇུས་ཤེས་པ་བཅས་སོ།
༡༦ འཆར་གཞིའི་ནང་དོན་གསུམ་པ།
འཆར་གཞིའི་ནང་དོན་གསུམ་པ་ནི་དུས་ཚོད་ཡིན། བསྒྲུབ་བྱ་དེ་དུས་ནམ་ཞིག་མགོ་བརྩམ་པ་ནས་དུས་ནམ་ཞིག་མཇུག་བསྡུ་བའི་ཡུན་ཚད་གསལ་བོ་ཞིག་གཏན་འཁེལ་བྱ་རྒྱུ་ནི་གནད་འགག་ཅིག་ཡིན། དུས་ཚོད་གཏན་འཁེལ་མེད་ན་འཆར་གཞི་མེད་ཟེར་བ་བཞིན་བསྒྲུབ་བྱ་དང་སྒྲུབ་དོན་ལ་ཆ་རྒྱུས་དང་བཀོད་སྒྲིག་ཅི་འདྲ་ཞིབ་ཕྲ་དང་ཕུན་སུམ་ཚོགས་པ་ཡིན་རུང་དུས་ཚོད་གསལ་བོ་གཏན་འཁེལ་མ་བྱས་ན་འཆར་གཞི་ལ་ནུས་པ་ཅི་ཡང་མེད། དེ་བས་བྱ་བ་སྤྱིའི་དུས་ཡུན་དང་འབྲིང་གི་དུས་ཡུན། ཉེ་བའི་དུས་ཡུན་རྣམས་གསལ་བོ་བྱེད་པ་མ་ཟད། ཉི་མ་རེ་རེ་དང་ཆུ་ཚོད་རེ་རེ་བཀོད་སྒྲིག་ཡོད་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན།ལྷག་པར་དུ་དུས་ཚོད་གཏན་འཁེལ་ནང་བཞིན་ལག་ལེན་བྱེད་དགོས།དུས་ཚོད་ནི་གསེར་ཡིན་ཞེས་པའང་འདི་ཡིན།
༡༧ འཆར་གཞིའི་ནང་དོན་བཞི་བ།
འཆར་གཞིའི་ནང་དོན་བཞི་བ་ནི་གནས་གང་དུ་་སྒྲུབ་པ་དེ་ཡིན། གནས་གང་དུ་སྒྲུབ་་པ་ལ་མཉམ་འཇོག་དགོས་པ་་དོན་ཚན་བརྒྱད་ཡོད་དེ། ༡ གནས་དེའི་སྲིད་གཞུང་གི་སྲིད་ཇུས་ཤེས་པ། ༢ གནས་དེའི་མི་དམངས་ཀྱི་གཤིས་ཀ་དང་ལུགས་སྲོལ་ལ་རྒྱུས་ལོན་པ། ༣ གནས་དེའི་འགྲིམ་འགྲུལ་སྟབས་བདེ་མིན་ཤེས་པ། ༤ གནས་དེའི་ས་ཡི་རིན་གོང་ཤེས་པ། ༥ གནས་དེའི་ཆུ་དང་གློག་གི་གནས་ཚུལ་ཤེས་པ། ༦ གནས་དེ་ན་རང་གི་བསྒྲུབ་བྱ་དང་འདྲ་བའི་ལས་ཀ་ཡོད་མེད་ཤེས་པ། ༧ གནས་དེའི་དྲ་ཚོང་དང་ཚོང་རྫས་སྐྱེལ་འདྲེན་གྱི་གནས་ཚུལ་ཤེས་པ། ༨ གནས་དེའི་ལག་རྩལ་བ་དང་ངལ་རྩོལ་བའི་གནས་ཚུལ་ཤེས་པ་བཅས་སོ།
༡༨ འཆར་གཞིའི་ནང་དོན་ལྔ་བ།
འཆར་གཞིའི་ནང་དོན་ལྔ་བ་ནི་སུ་ཡིས་སྒྲུབ་པ་ཡིན། སུ་ཡིས་སྒྲུབ་པ་ཞེས་པ་ནི་ཚོགས་པ་ཞིག་ལ་མཚོན་ན་རྩ་འཛུགས་ཀྱི་སྒྲིག་གཞི་ལ་གོ་དགོས། ༡ འགོ་ཁྲིད། ༢ འགོ་ཁྲིད་ཚོགས་པ། ༣ སྡེ་ཁག་སོ་སོ་དང་དེ་དག་གི་འགན་འཛིན་པ་། ༤ ཚོགས་མིའམ་ངལ་རྩོལ་བའི་ཚོགས་པ། ༥ ལས་རྐང་སོ་སོར་མི་ག་ཚོད་མཁོ་བ། ༦ མི་རེའི་ཡོང་འབབ་གཏན་འཁེལ་བཅས་གསལ་བོ་བྱེད་དགོས།
༡༩ འཆར་གཞིའི་ནང་དོན་དྲུག་པ།
འཆར་གཞིའི་ནང་དོན་དྲུག་པ་ནི་ཇི་ལྟར་སྒྲུབ་པ་ཡིན།འདི་ནི་འཆར་གཞིའི་སྙིང་བོ་ཡིན་ཏེ། དེ་ཡང་་སྤྱིར་བཏང་གཤམ་གྱི་དོན་ཚན་བརྒྱད་ལ་བསྡུས་ཆོག་སྙམ། ༡ ཁེར་ལས་སམ་མཉམ་ལས་བྱེད་པ་ལྟ་བུའི་ལས་ཚུལ་གཏན་འཁེལ་བྱེད་པ། ༢ གསར་སྤེལ་དང་ཐོན་སྐྱེད།ཕྱིར་འཚོང་ལས་ཅི་ཞིག་ལས་པ་ཐག་གཅོད་པ། ༣ མ་དངུལ་འཇོག་ཚུལ་ཐག་གཅོད་པ། ༤ ཐོན་སྐྱེད་དང་ཕྱིར་འཚོང་འཆར་གཞི་གཏན་འཁེལ་བྱེད་པ། ༥ མ་རྩ་་དང་རིན་ཐང་ཐག་གཅོད་པ། ༦ དྲིལ་སྒྲོག་འཆར་གཞི་འགོད་པ། ༧ དམིགས་འབེན་ཚོང་ར་གཏན་ཁེལ་བྱེད་པ། ༨ ཚོང་་རྫས་ཚོང་རར་འགྲེམས་པ་བཅས་སོ།
རྒྱུན་ཤེས་བོད་སྐད་དུ་བྲིས་པ་འདིས། བོད་ཡིག་བོད་སྐད་ལ་འཕེལ་ནུས་ལ་ཤིནད་ཏུ་ཕན་པས། ཤིནད་ཏུ་ལེགས།།