འདྲེ་གླེན་པས།
དཀྲོགས་གཏམ་རླུང་ཁར་གཟན་པའི་ཡུགས་མོ་ཡི་གཤིས་ལ།།
ཕོ་ལུས་མོ་སྙིང་ཅན་མའི་རྣམ་ཤེས་ཤིག་འཁོར་བ།།
ཨ་གསར་ཁྱི་མོ་འཁྱམས་མོའི་ཟུག་སྐད་ལ་བརྒྱུས་པའི།།
མགོ་བདེ་དྲན་འཕྲུལ་ཅན་གྱི་མི་ཚོགས་འདིར་སྐྱོ་བ།།
འགྲམ་ནས་དགོད་ཙམ་བྱེད་པའི་ངོ་གདོང་གི་འཛུམ་དཀར།།
བསླུ་བྲིད་རྒྱ་མོ་འཕྱོན་མའི་འགྲན་ཟླ་རུ་བསློངས་བ།།
འདྲིས་དང་མ་འདྲིས་མཚམས་སུ་སྙིང་གཏམ་ལ་མོལ་བའི།།
འཇའ་ཚོན་སྤྲིན་པར་འཐེན་པའི་ཁྲེལ་གཞུང་དེར་སུན་པ།།
ང་ནི་རི་བོ་མང་པོའི་ཁ་གཏད་དུ་ལངས་ཏེ།།
སེམས་ཀྱི་སྙིང་གཏམ་མཐའ་དག་རེ་རེ་བཞིན་སྨྲ་འདོད།།
རྒུད་པའི་མཐའ་རུ་ལྷུང་བའི་རུལ་སུངས་ཀྱི་ཚོགས་ལ།།
ད་ནི་རྫོགས་ཚིག་དགོད་པར་སྐྱོ་སྣང་ནི་མི་འདུག།
ཉི་མ་གཉིད་ལ་ལོག་པའི་ས་སྲོད་ཀྱི་མཚམས་སུ།།
ངས་ཁྱོད་བརྩེ་བ་མཚོན་པའི་གླིང་བུ་ཞིག་འབུད་ཆོག།
སྔས་མགོར་གཟིམ་སྒྲོན་སྤར་བའི་ལྷིང་འཇགས་ཀྱི་མཚན་མོར།།
ཁྱོད་ཀྱི་རྨི་ལམ་འཁྲུགས་པར་བཟོད་གསོལ་ཞིག་གནང་རོགས།།
10/8/18 ཉིན།