རས་པ།
མི་མང་པོ་ཞིག་གིས་དེང་སྐབས་བོད་དོན་དང་འབྲེལ་བའི་རྩོམ་ཡིག་འབྲི་རྒྱུར་འཛེམ་ཟོན་མི་བྱེད་ཐབས་མེད་དུ་གྱུར་དོན་ཅི་ཡིན་ནམ། སྤྱི་ཚོགས་ཀྱི་གླེང་སློང་འཕེལ་ཕྱོགས་ཤིག་གིས་ཐ་ན་ཁ་གྲགས་རྒྱུའང་དཀའ་བའི་དུས་ཚོད་ཅིག་ཏུ་སླེབས་ཡོད། དེ་ནི་ཕལ་ཆེར་རིམ་བསྟུན་དུ་བྱུང་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་ལོག་ལམ་ཞིག་དང་འབྲེལ་བ་ཡོད་པ་རེད། ལོ་ངོ་བཅུ་མ་ཟིན་ཙམ་གྱི་གོང་ངམ་སྐུ་ཞབས་ཚེ་དབང་རིག་འཛིན་གཞོན་ལྷན་ཚོགས་གཙོ་ཡིན་པའི་སྐབས་སུ་གཞོན་ནུ་ལྷན་ཚོགས་ལ་ནང་འགལ་གྱི་རྙོག་དྲ་བྱུང་ཞིང་། འགལ་བའི་སྒུལ་སྣེ་ནི་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་སྟེང་དཀྱོག་ཟིན་པ་རེད། སྔར་ནས་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་ནི་མི་སྒེར་ཕན་ཚུན་དབར་གྱི་འདོད་མོས་དང་། ཁེ་ཕན་གྱི་ཆེད་དུ་བཤམས་རྒྱུའི་གཡུལ་ཆེན་ཞིག་ཡིན་པའི་ངོས་འཛིན་རྒྱུན་གོམས་སུ་ཡོད་ལ། སྐབས་དེའི་གཞོན་ལྷན་གྱི་ཚོགས་འདུའི་རྗེས་ནས་རྙོག་དྲ་དེའི་རིགས་ང་ཚོའི་རེ་སྙེག་དང་འབྲེལ་བ་མེད་པ་ཤེས་ནའང་། བཙན་བྱོལ་སྤྱི་ཚོགས་ནང་དུ་འགལ་བ་ཡོད་ཚད་ཀྱི་གོ་འཁྲབ་ལ་རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་གོན་རྒྱུ་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་རེད།
གནད་དོན་དེ་ད་ལྟའི་བར་དུ་གནས་ཤིང་། དཔེར་ན། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་སྤྱོད་ངན་ལ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཡོད་ཚད་རང་བཙན་ལ་མ་དགའ་བའི་རྣམ་འགྱུར་ཡིན་པའི་དཀྲོག་གཏམ་སྤེལ་གྱི་ཡོད། རྒྱབ་ལྗོངས་ཅི་འདྲ་ཡིན་མིན་ལ་མ་བལྟས་པར་དཀྲོག་གཏམ་དེ་དག་ནི་སྤྱི་ཚོགས་ཀྱི་དཀྲུག་གཞི་ཚབས་ཆེན་ཞིག་ཏུ་གོང་འཕེལ་སོང་མྱོང་ཡང་། ད་ལྟ་དུས་ཡུན་གང་འཚམ་ཕྱིན་ཟིན་པས་དཀྲོག་གཏམ་དེ་རིགས་སྤེལ་མཁན་ནི་དྲ་འབུའམ་ངོ་གདོང་མི་གསལ་བའི་དྲ་ཐོག་གི་མི་གཅིག་ལག་པ་བརྒྱ་ཅན་རྣམས་ཡིན་པར་ཡིད་ཆེས་བྱས་ཆོག་པ་ཞིག་རེད། དེའི་རྐྱེན་གྱིས་དཀའ་རྙོག་ཡོད་ཚད་ལ་སྤྱི་བའི་ཁེ་ཕན་དང་རྗེས་སུ་འགྲོ་ལྡོག་གིས་གཙང་སེལ་དང་གསེད་བཀྲོལ་གྱི་འགོ་རྩོམ་འོས་ལ་བརྩམས་ཀྱང་ཟིན་པ་རེད།
ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་ན། བོད་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་གཡུལ་རྒྱལ་ལྷུན་རྩེ་དང་ཕྱི་ལོ་ ༡༩༧༩ བར་རྡ་རམ་ས་ལ་གཉིས་སུ། ཁྱོན་ལོ་ངོ་ཉི་ཤུའི་རིང་། བོད་ཀྱི་ཁོར་ཡུག་གི་ཆགས་སྟངས་དང་མི་རིགས། སྐད་དང་ཡི་གེ ཆས་གོས། མི་གཤིས། ཆོས་ལུགས་སོགས་རྒྱ་ནག་དང་རྣམ་པ་ཡོངས་སུ་ཐ་དད་ཡིན་པའི་གནས་ཚུལ་དང་། ལོ་ངོ་སྟོང་ཕྲག་གོང་གི་བཙན་པོའི་དུས་རབས་ཀྱི་བོད་ཀྱི་གནས་བབ་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཀྱིས་གསལ་ཁ་བཏོན་པའི་བོད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐབས་སུ་འཛམ་གླིང་རྒྱལ་ཁབ་འགའ་ཤས་དང་མཉམ་དུ་འདྲ་མཉམ་རང་དབང་གི་ཐོག་ནས་ཆིངས་ཡིག་བཞག་པ་ཁག འཛམ་གླིང་ཁྲིམས་སྲོལ་གྱི་ཐོག་ནས་རང་སྲིད་རང་སྐྱོང་གི་རྒྱལ་ཁབ་རང་བཙན་ཡིན་པའི་གནས་བབ་ཡོད་པ་སོགས་ཀྱི་སྒྲུབ་བྱེད་བཏང་ཡོད།1 ཕྱི་ལོ་ ༡༩༧༩ ལོར་ཏིན་ཞོ་ཕིན་དང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་རྣམ་གཉིས་མཇལ་འཕྲད་ཀྱི་རྗེས་སུ་བོད་གཞུང་གིས་སྔོན་ཚུད་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འཁེལ་ཡོད་སྟབས་གསལ་བསྒྲགས་གནང་། རྒྱ་བོད་གཉིས་དབར་ཆད་མ་མཐུད་ཀྱི་འབྲེལ་མོལ་ཐེངས་ཁ་ཤས་གནང་རྗེས་ཀྱི་ཕྱི་ལོ་ ༢༠༠༨ ལོར་མི་མཐུན་ས་གཙོ་བོ་གཅིག་ནི་འདས་པའི་དུས་སུ་བོད་རང་བཙན་ཡིན་མིན་ལ་ཐུག་ཡོད་པའི་གསལ་ཁ་ཕྱེས་པ་རེད། བོད་ཀྱི་ངོས་ནས་འདས་པའི་ལོ་རྒྱུས་ལ་འགྱུར་བ་གཏོང་ཐབས་མེད་པའི་དོན་དངོས་བཟུང་བ་དང་། རྒྱ་ཕྱོགས་ནས་བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་དགོས་པའི་ཨུ་ཚུགས་བྱས་པས་བོད་ཀྱི་གྲོས་མོལ་གྱི་གཞི་རྟེན་བདག་མེད་དུ་ལུས་ཡོད།
ཡིན་ནའང་། ད་ལྟའི་བར་དུ་རང་བཙན་གྱི་ལངས་ཕྱོགས་བཟུང་ཡོད་པའི་གཞོན་ལྷན་ལྟ་བུའི་ཚོགས་པ་དང་། མི་སྒེར་བ་ཚོས་འདས་པའི་དུས་སུ་བོད་རང་བཙན་གྱི་གནས་བབ་སྟོན་པའི་དཔང་རྟགས་གསར་བ་གང་ཡང་སྣོན་པ་བྱས་མེད། གང་ཡོད་པ་ནི་དེ་སྔ་བོད་གཞུང་གིས་སྒྲུབ་བྱེད་དུ་བཏང་བའི་ཡིག་ཆ་དང་ཆིངས་ཡིག་སོགས་ཡིན། བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་གྱི་ལས་འགུལ་བ་ཚོས་ཀྱང་འདས་པའི་ལོ་རྒྱུས་ཀྱི་གནས་བབ་ལ་དེ་ཙམ་དོ་སྣང་བྱས་མེད་པར་མ་ཟད། འདས་པའི་ལོ་རྒྱུས་ཀྱི་ངོས་ནས་བོད་རང་བཙན་ཡིན་པའི་དོན་གནད་གསལ་སྟོན་ལ་དེ་ཙམ་དགའ་བོ་མེད་པའི་རྣམ་འགྱུར་ཡང་ཉུང་ཤས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་ཕྱི་ལོ་ ༡༩༥༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་ཞིབ་ཚགས་མིན་པའི་ཞུ་སྙན་ཞིག་ནས་ཉེན་ཁ་ཡོད་པའི་ཐུགས་དོགས་གནང་བ་དེ་ལྟ་བུའང་བྱུང་ཡོད།
ང་ཚོས་འདས་པའི་ལོ་རྒྱུས་ཀྱི་གནས་བབ་ལ་བསྐྱར་ཞིབ་བྱེད་དུས་བོད་སིལ་བུའི་རྗེས་ནས་བོད་ལ་དབང་བསྒྱུར་མཁན་གྱི་ས་ཕག་རིན་གཙང་དང་། དགའ་ལྡན་ཕོ་བྲང་བཅས་རིམ་པར་བྱོན་ཡང་། བོད་ཡུལ་དུ་སྲིད་དབང་འདི་དག་གི་འོག་ཏུ་མ་ཚུད་པའི་ས་འགོ་རང་བདག་གམ་བདག་མེད་ཀྱི་ས་ཆའང་མང་དག་ཅིག་ཡོད་ཅིང་། བོད་གཞུང་གི་ཐད་གའི་སྲིད་དབང་འོག་མེད་པའི་རྒྱུ་མཚན་ལ་བརྟེན་ནས་བདག་མེད་ཀྱི་ས་ཆ་དེ་དག་རྒྱ་ནག་གི་ཆ་ཤས་སུ་བརྩི་རྐྱང་བྱས་ཚེ་དེ་ཡང་དོན་དངོས་དང་རྒྱབ་འགལ་དུ་ཕྱིན་པ་མཁྱེན་དགོས་པ་ཞིག་ཡིན།
ཉེ་བའི་དུས་ནས་རང་བཙན་དང་དབུ་མའི་གོ་འཁྲབ་འོག་ནས་འགལ་འཁྲུག་གི་རྣམ་པ་གང་འཚམ་བྱུང་རྗེས། མི་རེ་ཟུང་ནི་ནམ་ཡང་ནང་ཁུལ་འགལ་ཟླའི་ཆེད་དུ་སྐྱེས་པ་ལྟར་གྱུར་ཡོད་ཀྱང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༨ ཉིན་རང་བཙན་ལངས་ཕྱོགས་འཛིན་མཁན་འཇམ་དབྱངས་ནོར་བུ་ལ་གཟིམ་ཆུང་མཇལ་ཁ་གནང་བའི་སྐོར་གྱི་ཟིན་བྲིས་ཤིག་འཇམ་ནོར་ཁོ་རང་གིས་སྤེལ་བའི་ནང་དུ། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་“དབུ་མའི་ལམ་གྱི་ཐོག་ནས་ང་ཚོས་ལས་ཀ་བྱེད་ཐུབ་ཀྱི་ཡོད་ནའང་། བོད་མི་ཚོས་ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་བྱེད་ཐབས་སུ་འབད་བརྩོན་མུ་མཐུད་གནང་དགོས་པ་དང་། བོད་དེ་རང་བཙན་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་ཀྱི་ཁུངས་སྐྱེལ་དཔང་རྟགས་བཙལ་ནས་ར་སྤྲོད་བྱེད་དགོས། དེའི་སྐོར་འཛམ་གླིང་མི་མང་ཙམ་མ་ཡིན་པར་རྒྱ་རིགས་ཚོར་ཡང་ཤེས་སུ་འཇུག་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བཤད་གནང་སོང་།” 2 ཞེས་ལུང་འདྲེན་གནང་ཡོད་པ་དང་། སྐབས་དེར་འཇམ་ནོར་གྱིས་བོད་རང་བཙན་གྱི་བདེན་དཔང་དུ་འགྲོ་བའི་པར་དང་ཡིག་ཆ། ཆིངས་ཡིག ཕྱི་བསྐྱོད་ལག་ཁྱེར་སོགས་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་མདུན་དུ་བཤམས་པའི་སྙན་སེང་ཞུས་ཡོད། འདི་དག་འཛམ་གླིང་མི་མང་གི་མིག་མདུན་དུ་བཀྲམ་ནས་ལོ་ངོ་མང་པོ་སོང་ཡོད་པ་དང་། འདི་ལས་ལྷག་པའི་ལོ་རྒྱུས་ཀྱི་དཔང་པོ་ད་དུང་བཙལ་མེད་ཀྱང་། སྟབས་ཡག་པ་ཞིག་ལ་རང་བཙན་གྱི་ལས་འགུལ་རྩོམ་མཁན་ཚོས་རང་བཙན་གྱི་བདེན་དཔང་བཙལ་རྒྱུའི་ལས་འགུལ་འགོ་འཛུགས་རྒྱུའི་སྐད་ཆ་གོ་རྒྱུ་འདུག
བོད་མི་ཚོས་ཁེ་ཕན་མེད་པའི་ཞེན་ཁོག་གི་ནད་རོ་དོར་བ་དང་། ཐག་སྒུལ་འདྲ་གཟུགས་ཀྱི་འཁྲབ་སྟོན་ཡོད་ཚད་མཚམས་བཞག་ནས་༸རྒྱལ་བ་རིན་པོ་ཆེའི་ལམ་སྟོན་ལྟར་དབུ་མ་དང་རང་བཙན་གྱི་ཐུན་མོང་གི་གཞི་རྟེན་འདིར་སྙེག་ཚེ་བོད་ཀྱི་ཕྱི་ནང་གཉིས་ཀྱི་དཀའ་རྙོག་ཆེན་པོ་ཞིག་རང་སར་ཞི་ནས་སླར་ཡང་གཅིག་གྱུར་གྱི་སྟོབས་ཤུགས་ཤིག་མངོན་ཐུབ་རྒྱུ་རེད། དགོས་མེད་ཀྱི་རྩོད་གཞི་དེ་དག་ལས་ཨེ་ཤ་ཡའི་བཙན་རྒྱལ་གསུམ་གྱི་གྲས་སུ་བགྲངས་མྱོང་བའི་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་གི་གྲུབ་འབྲས་སྟོན་རྒྱུ་ནི་སྲི་ཞུ་བླ་མེད་ཅིག་མ་རེད་དམ། ཁྱིམ་མཚེས་རྒྱལ་ཁབ་མང་དག་ཅིག་གི་ལོ་རྒྱུས་ནང་ཡིབ་ཉལ་བྱས་པའི་བོད་རང་བཙན་གྱི་ལོ་རྒྱུས་གཉིད་ལས་དཀྲོག་རྒྱུ་ང་ཚོའི་འཐབ་རྩོད་ཅིག་མ་རེད་དམ། ལས་བསོད་ཧ་ཅང་ཆེན་པོ་ཞིག་ལ་བོད་མི་ཚོ་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་མ་འོངས་པར་རེ་བས་ཁེངས་ནས་ཡོད།
མཆན།
1 ཕྱི་ལོ་༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང་། མ་སུ་རིའི་བོད་གཞུང་གི་རང་བཙན་སྒྲུབ་ཕྱོགས་བཅས་སུ་གསལ།
2 བོད་ཀྱི་བང་ཆེན་དྲ་བ། http://bangchen.net/39586/27/58/