ཆབ་ཚང་འཇམ་དཔལ།
ལེ་ཚན་དང་པོ།
དང་པོ། བོད་བརྒྱུད་ནང་བསྟན་གྱི་བསླབ་གཞི་སྤྱི་བཤད།
༄༅།། ཐོག་མར་བོད་བརྒྱུད་ནང་བསྟན་གྱི་བསླབ་གཞི་དང་ཐད་འབྲེལ་གྱི་བོད་བརྒྱུད་ནང་བསྟན་ནང་བཞུགས་པའི་རྒྱ་བོད་མཁས་པའི་གསུང་འབུམ་སྐོར་རགས་བསྡུས་ཤིག་ངོ་སྤྲོད་བྱས་ན། རྣམ་འདྲེན་བཞི་པའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ནང་ཚན་ནས་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པར་ (འདི་ལ་གླེགས་བམ་བརྒྱ་དང་གསུམ་ལྷག་ཡོད།) བཀའ་འགྱུར་དང༌། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པར་ (འདི་ལ་གླེགས་བམ་ཉིས་བརྒྱ་བཅུ་གསུམ་ཡོད།) བསྟན་འགྱུར་དུ་གྲགས། དེ་དག་ལས་སྐྱེས་རབས་དང༌། སྦྲངས་ཡིག སྒྲ་མདོ། གསོ་རིག་སོགས་པོད་འགའ་ཞིག་ཕུད་ལྷག་ཡོད་ཀྱི་པོད་གྲངས་ཆ་ཚང་ཐད་ཀར་རམ་ཐད་ཀར་མ་ཡིན་པའི་མདོ་རྒྱུད་ཀྱི་དགོངས་འགྲེལ་ཤ་སྟག་ཡིན།
བཀའ་བསྟན་གྱི་གཞུང་འདི་དག་ལོ་ཙཱ་བ་དྷརྨ་ཀོ་ཥ་དང༌། ལྷ་ལུང་རྡོ་རྗེ་དཔལ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ལྡན་མ་རྩེ་མང༌། འགོས་ཆོས་གྲུབ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ ཐར་ལོ་ཉི་མ་རྒྱལ་མཚན། རོང་ལོ་ཆོས་བཟང༌། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ཤོང་བློ་གྲོས་བསྟན་པ། དཔང་བློ་གྲོས་བསྟན་པ། བུ་སྟོན་རིན་ཆེན་གྲུབ། ལོ་ཆེན་བྱང་ཆུབ་རྩེ་མོ། ཞྭ་ལུ་ཆོས་བཟང༌། རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་མཚོན་བོད་རང་གི་ལོ་ཙཱ་བ་བརྒྱ་ཕྲག་མང་པོས་རྒྱ་དཀར་ནག་གི་པཎ་གྲུབ་ཚོ་དང་མཉམ་ལས་ཀྱིས་བསྒྱུར་ཞུས་གཏན་འབེབས་བྱས།
མ་ཟད་སྡེ་སྲིད་ཕག་མོ་གྲུ་བའི་དུས་བཙུགས་པའི་ཕག་གྲུའི་དཔེ་མཛོད་ཁང་དང༌། སྡེ་པ་གཙང་བའི་སྐབས་ཀྱི་བསམ་གྲུབ་རྩེའི་དཔེ་མཛོད་ཁང༌། དུས་རབས་བཅུ་བདུན་པའི་གོང་ཀརྨ་སྐུ་ཕྲེང་རིམ་བྱོན་གྱིས་ཉར་ཚགས་མཛད་པའི་རྩེ་ལ་དཔེ་མཛོད་ཁང༌། འབྲས་སྤུངས་ཀུན་དགའ་རྭ་བའི་དཔེ་མཛོད་ཁང༌། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཁང་སོགས་སུ་རྒྱ་བོད་མཁས་པས་མཛད་པའི་མདོ་རྒྱུད་ཀྱི་དགོངས་འགྲེལ་དུ་བརྩམས་པའི་གསུང་འབུམ་པོད་ཁྲི་ཕྲག་མང་པོ་ཡོད། དཔེར་ན། འབྲས་སྤུངས་ཀུན་དགའ་རྭ་བའི་དཔེ་མཛོད་ཁང་གཅིག་པུར་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་ཚོས་ལེགས་སྦྱར་གྱི་སྐད་ནས་བསྒྱུར་རྩོམ་མ་ཕྱི་ཏ་ལའི་ལོ་མར་བྲིས་པའི་ཡོངས་གྲགས་མ་ཡིན་པའི་རྒྱ་དཔེ་པོད་གྲངས་བརྒྱ་ལྷག་ཡོད་ཚུལ་གསལ་བ་ལྟ་བུ་ཡིན།
ལྷག་དོན་བོད་རང་དུ་ཤེས་དཔྱོད་གཉིས་ལྡན་གྱི་ལོ་ཆེན་ལོ་ཆུང་རྣམ་གཉིས་དང༌། ས་ཆེན་གོང་མ་རྣམ་ལྔ༌། ཤོ་དཔང་བུ་གསུམ། རྗེ་ཡབ་སྲས་གསུམ་སོགས་ཀྱིས་མཚོན་ད་བར་གསུང་འབུམ་བརྩམས་མྱོང་བའི་བོད་རང་གི་མཁས་པ་ཆིག་ཁྲི་བཞི་སྟོང་ལ་ཉེ་བ་བྱོན་མྱོང་ཡོད། དེ་ཚོའི་གྲས་ནས་བོང་དོང་པཎ་ཆེན་གཅིག་པུར་གསུང་འབུམ་པོད་བརྒྱ་དང་སོ་གཉིས་ལྷག་ཡོད་སྟབས། བོད་མཁས་པའི་ཁྲོད་ནས་གསུང་འབུམ་མང་ཤོས་གཅིག་པུ་དང༌། རྔོག་ལོ་ཙྭ་བ་བློ་ལྡན་ཤེས་རབ་ཀྱིས་ཕར་ཕྱིན་དང་ཚད་མ་རིག་པ་སོགས་ཐེ་བའི་རྒྱ་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ལྷག་ཙམ་བོད་སྐད་དུ་བསྒྱུར་སྟབས། ཁོང་འདས་པའི་བོད་ཀྱི་ལོ་ཙྭ་བ་ཚོའི་ཁྲོད་ནས་འགྱུར་མ་མང་ཤོས་ཀྱི་གྲས་ཤིག་ཡིན། གང་ལྟར་ཀྱང་གོང་གསལ་གྱི་རྒྱ་བོད་མཁས་པས་མཛད་པའི་གསུང་འབུམ་ཕལ་མོ་ཆེ་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་བཀྲལ་བའི་བསྟན་བཅོས་ཤ་སྟག་ཡིན་སྟབས། ནང་པའི་རྗེས་འཇུག་པ་ཚོས་སློབ་གཉེར་བྱེད་སའི་གཞི་རྩ་ཉག་ཅིག་ཡིན།
གཉིས་པ། བསྡུས་གྲྭའི་བསླབ་གཞི་སྒྲིག་སྟངས།
དེ་ཡང་བསྡུས་གྲྭ་ཞེས་པའི་རིགས་ལམ་གྱི་འགྲོ་སྟངས་འདི་རྒྱ་དཀར་ནག་གིས་མཚོན་ནང་པའི་ཡུལ་ལུང་གང་དུ་ཡང་དར་སྲོལ་མ་བྱུང་སྟབས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་འགྲོ་སྟངས་ཤིག་རེད། དེ་ཡང་ཕྱྭ་བ་ཆོས་སེང་གིས་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་ནས་གཙོ་བོ་མདོ་སྡེ་པའི་རིགས་ལམ་གྱི་འགྲོས་དང་སྦྱར་ནས་ཕྱྭ་བའི་བསྡུས་གཞུང་ཞེས་ཡོངས་སུ་གྲགས་པ་འདི་ལྗགས་རྩོམ་མཛད།
བསྡུས་གཞུང་དེའི་རིགས་ལམ་གྱི་འགྲོ་སྟངས་དེ་གཙོ་བོ་བྱེ་བྲག་སྨྲ་བའི་སློབ་དཔོན་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་མཛད་པའི་སྨྲ་བའི་སྒོ་དང༌། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྩོད་པ་སྒྲུབ་པ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད། དེ་དག་གི་རིགས་ལམ་གྱི་སྙིང་པོ་གཞི་གཅིག་ཏུ་བཏུས་ནས་མཛད་པའི་ཚད་མ་མདོ། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་སོགས་ལ་འཇུག་པའི་སྔོན་འགྲོའི་རིགས་ལམ་གྱི་འགྲོ་སྟངས་ཁྱད་པར་ཅན་ཞིག་རེད། ཕྱིས་སུ་འཇམ་དབྱངས་བླ་མ་མཆོག་ལྷ་པས་ཕྱཱ་བའི་བསྡུས་གཞུང་གཞིར་བཟུང་བྱས་ཏེ་ད་ལྟའི་རྭ་སྟོད་བསྡུས་གྲྭ་འདི་ལྗགས་རྩོམ་མཛད།
བསྡུས་གྲྭ་ཐོག་མར་སློབ་པའི་སྲོལ་དེ་གསང་ཕུ་ནེའུ་ཐོག་ཏུ་ཐོག་མར་དར་བ་ནས་བཟུང་རིམ་པས་བདེ་བ་ཅན་རྭ་སྟོད་གྲྭ་ཚང་དང༌། ཚལ་གུང་ཐང༌། སྐྱོར་མོ་ལུང༌། ཟུལ་ཕུ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང༌། སེ་ར་ཐེག་ཆེན་གླིང༌། དཔལ་ལྡན་འབྲས་སྤུངས། གཙང་བཀྲ་ཤིས་ལྷུན་པོ། སྐུ་འབུམ་བྱམས་པ་གླིང༌། བླ་བྲང་བཀྲ་ཤིས་འཁྱིལ། སྟག་ཚང་ལྷ་མོ་དགེ་ལྡན་བཀྲ་ཤིས་འཁྱིལ། རྔ་པ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་སོགས་ཀྱིས་མཚོན་རྩོད་གྲྭ་དར་བའི་གདན་ས་ཆེ་ཁག་ཁྱོན་ཡོངས་སུ་རྒྱ་ཁྱབ་ཏུ་དར། ལྷག་དོན་བྱེས་འཁོད་བློ་གསལ་གླིང་ལྟ་བུར་མཚོན་ན་
༡) རྭ་སྟོད་བསྡུས་གྲྭ།
༢) འཇམ་འཕྲིན་ཡོན་ཏན་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་དོན་ཀུན་བསྡུས་པ།
༣) རྒྱལ་རོང་སྐྱོར་དཔོན་གྱིས་མཛད་པའི་བློ་རིག་གི་རྣམ་གཞག
༤) མི་ཉག་དགེ་བཤེས་ཚུལ་རྣམ་གྱིས་མཛད་པའི་རྟགས་རིགས་ཀྱི་རྣམ་གཞག་དག་གཞི་རྩར་བཟུང་ནས་སློབ་གཉེར་བྱེད། བློ་རིག་གི་གཞུང་ཡང་བསྡུས་གྲྭའི་འཛིན་གྲྭ་གཉེར་སྐབས་སུ་སློབ་སྲོལ་འདུག
བསྡུས་གྲྭའི་སྐབས་སུ་དཔེ་ཁྲིད་དགེ་རྒན་ཚོས་ཁྱབ་མཐའི་འགྲོ་སྟངས་དང༌། ཁྱབ་མཐའི་འགྲོས་དང་བསྟུན་ནས་རིགས་ལམ་ཡག་པོ་ཆགས་ཆེད་ཚིག་གི་རྩོད་པ་གཙོ་གནད་དུ་བཟུང་ནས་འཆད་ཁྲིད་བྱེད། དེ་ཡང་དགེ་རྒན་སོ་སོས་སྐབས་བསྟུན་གྱིས་གོ་སྒྲིག་ལས། སྒྲིག་འཛུགས་ཀྱི་ཐོག་ནས་བསྡུས་གྲྭའི་སློབ་ཚན་ཁག་བགོས་བྱས་པ་མ་མཐོང༌། ཡིན་ཡང་སྤྱིའི་ཆ་ནས་བསྡུས་གྲྭའི་སློབ་ཡུན་ལོ་གསུམ་ཡིན།
གཞུང་གསར་སྐབས་སུ་འཛིན་གྲྭ་སྤྱི་ཡོངས་ཀྱི་ཆ་ནས་རིགས་ལམ་ཡག་པོ་ཆགས་ཚེ་ས་ལམ་དང་གྲུབ་མཐའི་སྐོར་འཆད་ཁྲིད་གནང༌། དེ་ཡང་
༡) པཎ་ཆེན་བསོད་གྲགས་ཀྱི་གྲུབ་མཐའ་དང༌།
༢) སོག་པོ་དཔལ་ལྡན་ཆོས་རྗེའི་ས་ལམ་གཉིས་གཞི་རྩར་བཟུང་སྟེ་སློབ་ཁྲིད་གནང་སྲོལ་འདུག
གསུམ་པ། ཚད་མའི་བསླབ་གཞི་སྒྲིག་སྟངས།
ཚད་མ་ནི། དབུ་ཚད་སེང་གེའི་འཇིང་བསྣོལ་ཞེས་གྲགས་པ་ལྟར་དབུ་མའི་ལྟ་བ་གཏན་ལ་འབེབས་པར་མེད་དུ་མི་རུང་བའི་རིགས་ལམ་གྱི་རྣམ་གཞག་ཅིག་རེད། བློ་གླིང་གྲྭ་ཚང་ལ་མཚོན་ན་རྣམ་འདྲེན་བཞི་པས་གདུལ་བྱ་མཐའ་ཡས་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་བཀའི་དགོངས་པ་སྤྱི་དང༌། ལྷག་དོན་འཁོར་ལོ་ཐ་མའི་ལྟ་བའི་ཆ་གཙོ་བོར་འགྲེལ་པ་ལ་རིགས་པའི་དབང་ཕྱུག་ཡབ་སྲས་ཀྱིས་མཛད་པའི་ཚད་མ་མདོ་དང་སྡེ་བདུན་སོགས་ཚད་མའི་གཞུང་ཆེན་སྤྱི་དང༌།
ལྷག་དོན་ཚད་མ་གྲུབ་པའི་ལེའུ། རང་དོན་ལེའུ། མངོན་སུམ་ལེའུ། གཞན་དོན་ལེའུ་བཅས་ལེའུ་བཞིའི་བདག་ཉིད་ཅན་གྱི་ཚད་མ་རྣམ་འགྲེལ་འདི་ཉིད་བསླབ་གཞིའི་གཙོ་བོར་འཛིན། དེ་ཡང་གྲྭ་ཚང་གི་རྟགས་རིགས་འཛིན་གྲྭ་ནས་སྐབས་བརྒྱད་པའི་འཛིན་གྲྭ་མན་གྱིས་གཞུང་འདིའི་ལེའུ་དང་པོ་ཆ་ཚང་དང༌། དབུ་མ་སེམས་བསྐྱེད་འཛིན་གྲྭ་ནས་དབུ་མ་བདག་འགོག་འཛིན་གྲྭ་མན་གྱིས་ལེའུ་གཉིས་པ་ཆ་ཚང་འགྲོ། དགེ་ལུགས་རྒྱུགས་སྤྲོད་དུ་འགྲོ་ངེས་ཤིག་ཡིན་ན་ལས་གཞན་སྒྲིག་འཛུགས་ཀྱི་ཐོག་ནས་གོང་གསལ་གྱི་ལེའུ་གསུམ་པ་དང་བཞི་པར་སློབ་སྦྱོང་བྱེད་སྲོལ་དར་མི་འདུག་ཀྱང༌། བསྡུས་གྲྭའི་འཛིན་གྲྭ་དང་རྟགས་རིགས་འཛིན་གྲྭའི་སྐབས་དགོངས་པ་རབ་གསལ་གྱི་ལེའུ་གསུམ་པ་དང་བཞི་པའི་གནད་བསྡུས་ཤིག་སློབ་ཁྲིད་བྱེད་སྲོལ་འདུག
ཀ༽ བསླབ་གཞིའི་གཞུང་གཙོ་བོ།
༡) དཔལ་ཆོས་ཀྱི་གྲགས་པས་མཛད་པའི་རྣམ་འགྲེལ་རྩ་བ།
༢) རྒྱལ་ཚབ་རྗེས་མཛད་པའི་ཐར་ལམ་གསལ་བྱེད།
ཁ༽ ཞར་བྱུང་གི་བསླབ་གཞི།
༡) ཚད་མ་ཀུན་བཏུས།
༢) དེའི་རང་འགྲེལ།
༣) ཚད་མ་སྡེ་བདུན།
༤) རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ།
༥) ལྷ་ཤཀ་གཉིས་ཀྱི་ཚད་མའི་འགྲེལ་པ་ཁག
༦) རྣམ་ངེས་ཊིཀ་ཆེན།
༧) ཊིཀ་ཆེན་རིགས་པའི་རྒྱ་མཚོ།
༨) སྡེ་བདུན་ཡིད་ཀྱི་མུན་སེལ།
༩) ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་ཚད་མ་རིགས་རྒྱན།
༡༠) རྣམ་འགྲེལ་དགོངས་པ་རབ་གསལ་བཅས།
བཞི་པ། ཕར་ཕྱིན་གྱི་བསླབ་གཞི་སྒྲིག་སྟངས།
མི་གཅིག་གིས་གཞུང་བཀའ་པོད་ལྔ་གར་སློབ་འདོད་ཡོད་ཚེ། མི་དེས་ཐོག་མར་རིགས་པའི་སྒོ་འབྱེད་ཚད་མ་ནས་རིམ་བཞིན་སློབ་པ་དང༌། བཀའ་པོད་ལྔ་གའི་ནང་ནས་གཅིག་མ་གཏོགས་སློབ་འདོད་མེད་ཚེ། སྐབས་བརྒྱད་ཀྱིས་བསྡུས་པའི་གཞུང་ཀུན་གྱི་རྨང་གཞིའམ་རྩ་བར་གྱུར་པ་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་སྐོར་ཕར་ཕྱིན་ལ་སློབ་པའི་སྲོལ་ཞིག་ཡོངས་ཁྱབ་ཏུ་དར་འདུག
༡) གཞུང་གསར་འཛིན་གྲ།
༢) དྲང་ངེས་འཛིན་གྲྭ།
༣) སེམས་བསྐྱེད་འཛིན་གྲ།
༤) དགེ་འདུན་ཉི་ཤུའི་འཛིན་གྲྭ།
༥) བསམ་གཟུགས་འཛིན་གྲྭ་
བཅས་ཕར་ཕྱིན་གྱི་འཛིན་གྲྭ་དང་པོ་ལྔས་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེའི་སྐབས་དང་པོ་དང་གཉིས་པ་ཆ་ཚང་དང༌། ཕར་ཕྱིན་སྐབས་བཞི་པ་དང་ཕར་ཕྱིན་སྐབས་ལྔ་པའི་འཛིན་གྲྭ་གཉིས་ཀྱིས་སྐབས་གསུམ་པ་ནས་བརྒྱད་པའི་བར་ཆ་ཚང་འགྲོ་དགོས།
དེ་ཡང་
ཀ༽ གཞུང་གསར་འཛིན་གྲྭས་སྤྱི་དོན་མཆོད་བརྗོད་ནས་ཡང་དག་མཐའ་བར།
ཁ༽ དྲང་ངེས་འཛིན་གྲྭས་ཡང་དག་མཐའ་ནས་སེམས་བསྐྱེད་བར།
ག༽ སེམས་བསྐྱེད་འཛིན་གྲྭས་སེམས་བསྐྱེད་ནས་མངོན་ཤེས་རྫོགས་མཚམས་བར།
ང༽ དགེ་འདུན་ཉི་ཤུའི་འཛིན་གྲྭས་དགེ་འདུན་ཉི་ཤུ་ནས་བསམ་གཟུགས་བར།
ཅ༽ བསམ་གཟུགས་འཛིན་གྲྭས་བསམ་གཟུགས་ནས་སྐབས་གཉིས་པའི་མཇུག་བར།
ཆ༽ སྐབས་བཞི་པའི་འཛིན་གྲྭས་སྐབས་གསུམ་པ་དང་ཀུན་གཞི་དཀའ་འགྲེལ་སྐབས་བཞི་པ་ཆ་ཚང༌།
ཇ༽ སྐབས་ལྔ་པའི་འཛིན་གྲྭས་སྐབས་ལྔ་པའི་དབུ་ནས་རྫོགས་མཚམས་བར་རྩོད།
ཀ༽ བསླབ་གཞིའི་གཞུང་གཙོ་བོ།
༡) ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ།
༢) ཕར་ཕྱིན་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ།
༣) རྣམ་བཤད་སྙིང་རྒྱན།
ཁ༽ ཞར་བྱུང་གི་བསླབ་གཞི།
༡) བྱམས་ཆོས་སྡེ་ལྔ།
༢) ས་སྡེ་ལྔ།
༣) སྡོམ་རྣམ་གཉིས།
༤) འགྲེལ་པ་དོན་གསལ།
༥) ལེགས་བཤད་གསེར་གྱི་ཕྲེང་བ།
༦) ཀུན་གཞི་དཀའ་འགྲེལ།
༧) བློ་གསལ་བགྲོད་པའི་ཐེམ་སྐས།
༨) རྣམ་བཤད་རྟོགས་དཀའི་སྣང་བ།
༩) ཕར་ཕྱིན་རྩ་ཊཱིཀ
༡༠) ཀུན་བཏུས་དཀའ་འགྲེལ་
སོགས་རྒྱ་བོད་མཁས་པས་མཛད་པའི་མདོའི་དགོངས་པ་འགྲེལ་པའི་བསྟན་བཅོས་གང་མང་མང་ཞིག་ལ་རང་རང་གི་ནུས་ཚོད་ཀྱིས་གཟིགས་ཞིབ་བྱེད་ཀྱི་འདུག
མཆན།
ཀ༽ བྱམས་ཆོས་སྡེ་ལྔ་ནི། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་བཅས་ཡིན། འདི་དག་བསྟན་འགྱུར་གྱི་པོད་ (ཕི) བའི་ནང་བཞུགས།
ཁ༽ ས་སྡེ་ལྔ་ནི། སའི་དངོས་གཞི། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་བཅས་ཡིན། འདི་དག་བསྟན་འགྱུར་གྱི་པོད་ ཛི)ཝི)ཞི)ཟི)འི)ཡི) སོགས་ཀྱི་སྡེ་ཚན་སོ་སོར་བཞུགས།
ཁ༽ སྡོམ་རྣམ་གཉིས་ནི། མངོན་པ་ཀུན་བཏུས་དང༌། ཐེག་བསྡུས་གཉིས་ཡིན།
ད་དུང་དག་ཡིག་ངག་སྒྲོན་དང༌། ལེགས་བཤད་ལྗོན་དབང༌། དཀའ་གནད་གསལ་བའི་མེ་ལོང༌། སུམ་རྟགས་རྩ་བ། དངུལ་ཆུའི་སུམ་རྟགས་འགྲེལ་པ། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། རྒྱལ་དབང་ལྔ་པའི་སྙན་འགྲེལ་ལེའུ་གཉིས་པ་ཆ་ཚང༌། གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད། རྟག་ངུའི་རྟོགས་བརྗོད། དགེ་ལུགས་ཆོས་འབྱུང་བཅས་ཀྱང་ཕར་ཕྱིན་གྱི་གཙོ་བོའི་སློབ་ཚན་ཁག་དང་གཅིག་མཚུངས་ཀྱིས་སློབ་གཉེར་བྱེད་དགོས།
ལྔ་པ། དབུ་མའི་བསླབ་གཞི་སྒྲིག་སྟངས།
༡) དབུ་མ་སེམས་བསྐྱེད་འཛིན་གྲྭས་སེམས་བསྐྱེད་དང་པོ་ནས་བདེན་གཉིས་བར།
༢) བདེན་གཉིས་འཛིན་གྲྭས་བདེན་གཉིས་ནས་བདག་འགོག་བར།
༣) དབུ་མ་བདག་འགོག་འཛིན་གྲྭས་བདག་འགོག་ནས་རྫོགས་མཚམས་བར་རྩོད།
མཆན།
བདེན་གཉིས་འཛིན་གྲྭས་ཁ་སྐོང་དུ། རྩ་བ་ཤེས་རབ་ཀྱི་རབ་བྱེད་དང་པོ་གཉིས་འགྲོ།
དབུ་མ་བདག་འགོག་འཛིན་གྲྭས་ཁ་སྐོང་དུ། རྩ་བ་ཤེས་རབ་ཀྱི་རབ་བྱེད་གསུམ་པ་ནས་ཉི་ཤུ་ཡན་ཆ་ཚང་འགྲོ་ཐུབ་པ་བྱ་དགོས།
ཀ༽ བསླབ་གཞིའི་གཞུང་གཙོ་བོ།
༡) དབུ་མ་འཇུག་པ།
༢) དེའི་རང་འགྲེལ།
༣) དབུ་མ་དགོངས་པ་རབ་གསལ།
༤) དབུ་མའི་སྤྱི་མཐའ་གཉིས།
ཁ༽ ཞར་བྱུང་གི་བསླབ་གཞི།
༡) དབུ་མ་རིགས་ཚོགས་དྲུག
༢) དབུ་མ་ཚིག་གསལ།
༣) འགྲེལ་པ་བུདྡྷ་པ་ལི་ཏ།
༤) དབུ་མ་རྒྱན།
༥) རྩ་ཤེའི་ཊིཀ་ཆེན།
༦) ལེགས་བཤད་སྙིང་པོ།
༧) ལམ་རིམ་ལྷག་མཐོང་ཆེ་ཆུང་གཉིས།
༨) དབུ་མ་བརྗེད་བྱང༌།
༩) དབུ་མའི་སྐོར་གྱི་ཟིན་བྲིས་ཁག
༡༠) དབུ་མའི་སྟོང་ཐུན་ཆེན་མོ་བཅས།
དྲུག་པ། འདུལ་བའི་བསླབ་གཞི་སྒྲིག་སྟངས།
༡) འདུལ་བ་ལྔ་ཕྲུགས་འཛིན་གྲྭས་མཚོ་ཊིཀ་མཆོད་བརྗོད་ནས་སྤང་ལྟུང་བར།
༢) སྤང་ལྟུང་འཛིན་གྲྭས་སྤང་ལྟུང་ནས་ཞུ་བ་སྤྱིར་བསྟན་བར།
༣) ཞུ་བ་སྤྱིར་བསྟན་འཛིན་གྲྭས་ཞུ་བ་སྤྱིར་བསྟན་ནས་ལས་གཞི་བར།
༤) ལས་གཞི་འཛིན་གྲྭས་ལས་གཞི་ནས་གཞུང་རྫོགས་མཚམས་བར་རྩོད།
མཆན།
འདུལ་བའི་འཛིན་གྲྭ་ཕྱི་མ་གཉིས་ཀྱིས་སོ་སོའི་རྩ་བའི་སློབ་ཚན་གྱི་ཁ་སྐོང་དུ་སྐབས་བབ་ཀྱི་རྩོད་གཞུང་དང་ཐད་འབྲེལ་གྱི་འདུལ་བ་མདོ་རྩ་ཤོག་ལྷེ་བཞི་ནས་ལྔའི་བར་འགྲོ་དགོས།
ཀ༽ བསླབ་གཞིའི་གཞུང་གཙོ་བོ།
༡) ཀུན་མཁྱེན་མཚོ་སྣ་བས་མཛད་པའི་མཚོ་ཊིཀ་ཉི་མའི་འོད་ཟེར།
༢) རྒྱལ་རོང་དགེ་བཤེས་ཀྱིས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ།
༣) རྒྱལ་བ་དགེ་འདུན་གྲུབ་པས་མཛད་པའི་འདུལ་བ་རིན་ཆེན་ཕྲེང་བ།
ཁ༽ ཞར་བྱུང་གི་བསླབ་གཞི།
༡) འདུལ་བ་ལུང་སྡེ་བཞི།
༢) འདུལ་བ་མདོ་རྩ་གཞི་རྐང༌།
༣) ལས་ཆོག་ཀརྨ་ཤ་ཏམ།
༤) སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་ཊིཀྐ་རྒྱ་ཆེར་འགྲེལ།
༥) འདུལ་བའི་མཐའ་དཔྱོད་ལུང་རིགས་ཉི་མ་བཅས།
བདུན་པ། མཛོད་ཀྱི་བསླབ་གཞི་སྒྲིག་སྟངས།
མཛོད་འཛིན་གྲྭར་མཛོད་འཛིན་གྲྭ་དང་པོས་མཛོད་རྩ་གནས་བཞི་པ་ཡན།
མཛོད་འཛིན་གྲྭ་གཉིས་པས་མཛོད་རྩ་གནས་ལྔ་པ་མན་ཆད།
མཆན།
གོང་གསལ་མཛོད་འཛིན་གྲྭ་གཉིས་ལ་འཛིན་གྲྭའི་མིང་བཏགས་ཙམ་ལས། དགེ་བཤེས་ཀྱི་མཚན་གནས་མ་བཞེས་བར་འཛིན་གྲྭ་དེ་གཉིས་ཀྱི་ནང་དུ་རྒྱུན་སྡོད་དགོས་སྟབས། མཛོད་ཀྱི་འཛིན་གྲྭར་དབུ་ཕར་སོ་སོའི་སྐབས་ཀྱི་འཛིན་གྲྭ་གཞན་དག་དང་མཚུངས་པར་འཛིན་གྲྭ་ཟུར་དུ་མེད་ཀྱང༌། དབུ་མ་བདག་འགོག་འཛིན་གྲྭ་ནས་རྣམ་འགྲེལ་ལེའུ་དང་པོ་དང་གཉིས་པ་གཉིས་ཆ་ཚང་རྫོགས་ཀྱི་ཡོད་སྐབས། འདུལ་བ་ལྔ་ཕྲུགས་འཛིན་གྲྭ་དང༌། སྤང་ལྟུང་འཛིན་གྲྭ། ཞི་བ་སྤྱིར་བསྟན་འཛིན་གྲྭ། ལས་གཞི་འཛིན་གྲྭ་སོགས་ཀྱི་སྐབས་ཐོག་སོ་སོའི་ལོ་རེའི་ཚད་མའི་འཇང་དགུན་གྱི་དུས་ཡུན་སྤྱད་དེ་མཛོད་ཀྱི་གཞུང་ཚན་ཁག་ལ་སློབ་རྩོད་དུས་གཅིག་ཏུ་སྤེལ་གྱིན་ཡོད།
ཀ༽ བསླབ་གཞིའི་གཞུང་གཙོ་བོ།
༡) མཛོད་རྩ།
༢) མཆིམས་མཛོད།
༣) མཛོད་ཊཱིཀ་ཐར་ལམ་གསལ་བྱེད།
ཁ༽ ཞར་བྱུང་གི་བསླབ་གཞི།
༡) མཛོད་རང་འགྲེལ།
༢) མཛོད་འགྲེལ་ཤེས་བྱ་རབ་གསལ་བཅས།
མུ་འགོད།
་་་་་་་་་་་་་་་་་་་ དེ་ཚོའི་གྲས་ནས་བོང་དོང་པཎ་ཆེན་གཅིག་པུར་གསུང་འབུམ་པོད་བརྒྱ་དང་སོ་གཉིས་ལྷག་ཡོད་སྟབས། བོད་མཁས་པའི་ཁྲོད་ནས་གསུང་འབུམ་མང་ཤོས་གཅིག་པུ་དང༌།
རྔོག་ལོ་ཙྭ་བ་བློ་ལྡན་ཤེས་རབ་ཀྱིས་ཕར་ཕྱིན་དང་ཚད་མ་རིག་པ་སོགས་ཐེ་བའི་རྒྱ་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ལྷག་ཙམ་བོད་སྐད་དུ་བསྒྱུར་སྟབས། ་་་་་་་་་་་་་་