འབྲིང་བ་འཇིགས་མེད་ཀྱིས།
༄༅།། རང་རེ་བོད་གངས་ཅན་ལྗོངས་ཀྱི་ས་ཁུལ་དབྱེ་སྟངས་ལ་ས་ཁམས་རང་གི་ཆགས་ཚུལ་གྱི་ཐོག་ནས་དང་། ལྷག་པར་དུས་སྐབས་སོ་སོའི་ཆབ་སྲིད་འཛིན་སྐྱོང་དང་འབྲེལ་བའི་གནས་ཚུལ་མི་འདྲ་བའི་འོག་ནས་ས་ཁུལ་དབྱེ་བགོས་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད། འདིར་དེའི་སྐོར་རགས་ཙམ་གླེང་བ་ལ།
དང་པོ།
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་གོང་བོད་དུ་དབང་མཛད་བཅུ་གཉིས་རིམ་པར་བྱུང་བ་སོ་སོའི་སྐབས་ཀྱི་དབང་རིས་ཀྱི་ས་ཁྱོན་ལ་རྒྱ་ཆེ་ཆུང་ཡོད་ངེས་མ་ཟད། ཡུལ་གྱི་མིང་ཡང་མི་འདྲ་བར་ཡོད་དེ། ལྡེའུ་ཆོས་འབྱུང་ལྟར་ན། ༡ གནོད་སྦྱིན་ནག་པོས་དབང་བྱས་པའི་སྐབས་སུ་ཡུལ་གྱི་མིང་ལ་བཟངས་ཡུལ་རྒྱན་མེད་དང་། ༢ རེ་སྡེ་མགོ་གཡག་བདུད་ཀྱིས་དབང་བྱས་པའི་སྐབས་སུ་ཡུལ་གྱི་མིང་ལ་བདུད་ཡུལ་གླིང་དགུ ༣ གཉའ་རིང་ཕྲག་མེད་སྲིན་གྱིས་དབང་བསྒྱུར་པའི་སྐབས་སུ་ཡུལ་མིང་ནག་པོ་དགུ་དུལ། ༤ དམར་འཇམ་ལྷ་ཡིས་དབང་བསྒྱུར་པའི་སྐབས་སུ་ཡུལ་མིང་ལྷ་ཡུལ་གུང་ཐང་། ༥ ཀླུས་དབང་བྱས་པའི་སྐབས་སུ་ཡུལ་མིང་ལ་ངམ་བྲང་ཅང་བྲང་། ༦ འདྲེས་དབང་བྱས་པའི་སྐབས་སུ་ཡུལ་མིང་ལང་ཏང་ལིང་ཏང་། ༧ མ་སངས་རུ་དགུས་དབང་བྱས་པའི་སྐབས་སུ་ཡུལ་མིང་བོད་ཁམས་གཡང་(གཡའ་)དྲུག ༨ ཡང་ཀླུས་དབང་བྱས་པའི་སྐབས་སུ་ཡུལ་མིང་བོད་ཁམས་གླིང་དགུ ༩ མི་མ་ཡིན་གྱིས་དབང་བྱས་པའི་སྐབས་སུ་ཡུལ་མིང་ལ་ངམ་ཡུལ་ནག་པོ། ༡༠ ཟ་རིད་སྤུན་དྲུག་གིས་དབང་བྱས་པའི་སྐབས་སུ་ཡུལ་མིང་ལ་སྟོང་སྡེ་བཅོ་བརྒྱད། ༡༡ རྒྱལ་ཕྲན་བཅུ་གཉིས་ཀྱི་སྐབས་སུ་རྒྱལ་ཕྲན་སོ་སོའི་ཡུལ་དང་རྒྱལ་པོ་ནི། (༡) འཆིམས་ཡུལ་ནག་པོ་དགུ་སུལ་ན་རྒྱལ་པོ་འཆིམས་རྗེ་ནེ་གུ (༢) ཞང་ཞུང་ན་རྒྱལ་པོ་ཞང་ཞུང་དར་གྱི་རྗེ་ལི་ག་ཤུར། (༣) མྱང་རོ་མཆད་དཀར་ན་རྒྱལ་པོ་རྩང་རྗེ་ཐོད་དཀར། (༤) སྣུབས་ཡུལ་གླིང་དགུ་ན་རྒྱལ་པོ་སྣུབས་རྗེ་སྲིད་པ། (༥) ཉང་རོ་ཤམ་པོ་ན་རྒྱལ་པོ་ལོང་ངམ་བྱི་རོམ། (༦) གྱི་ར་ལྗོངས་སྔོན་ན་རྒྱལ་པོ་ཀྱི་རྗེ་རྨངས་པོ། (༧) ངས་པོ་ཁྲ་སྣ་ན་རྒྱལ་པོ་གུང་ཁྲི་ཟིངས་པོ་རྗེ་ཁྲི་འབངས་གསུམ། (༨) འོལ་ཕུ་ཡང་མཁར་ན་རྒྱལ་པོ་ཟིན་འབྲང་རྗེ། (༩) ཀྲིས་སྣ་རོལ་མོ་གོང་ན་རྒྱལ་པོ་དྲང་རྗེ་གོང་ནམ། (༡༠) ཉང་ཡུལ་རྣམ་གསུམ་ན་རྒྱལ་པོ་ཉང་བཙུན་གླང་རྒྱབ། (༡༡) དྭགས་ཡུལ་སེ་མོ་གྲུ་བཞི་ན་རྒྱལ་པོ་དྭགས་རྗེ་ལྕེ་མང་། (༡༢) ཡུལ་འབྲོག་མོ་རྣམ་གསུམ་ན་རྒྱལ་པོ་སེར་ཁྲི་བཅས་ཡོད། ༡༢ མཐར་རྒྱལ་ཕྲན་སིལ་མ་བཞི་བཅུར་འཐོར་ཞིང་གནས་པའི་སྐབས་སུ་ཡུལ་གྱི་མིང་(སྤྱི་མིང་)ལ་བཟངས་ཡུལ་གྱད་ཅེས་ཟེར་རོ།།
གཉའ་ཁྲི་བཙན་པོས་བོད་ཀྱི་རྗེ་བོ་མཛད་པ་ནས་བཟུང་སྤུ་རྒྱལ་གྱི་གདུང་རབས་དབུ་བརྙེས་ཤིང་། རྒྱལ་ཕྲན་སིལ་མ་དེ་དག་རིམ་གྱིས་དབང་འོག་ཏུ་བསྡུས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཁམས་གཅིག་གྱུར་མཛད་པ་དང་ཆབས་ཅིག དམག་སྲིད་ཀྱི་གནས་བབས་དང་བསྟུན་ཏེ་བོད་ཡུལ་རུ་ཆེན་ལྔར་ཕྱེ་བ་ནི། དབུ་རུ་དང་། གཡོ་རུ། གཡས་རུ། རུ་ལག སུམ་པའི་རུ་བཅས་ལྔ་དང་། དེའི་སྟེང་ཞང་ཞུང་བསྣན་པས་དྲུག་ཏུ་བྱས་པའི་སུམ་པའི་རུ་ལ་སྟོང་སྡེ་བཅུ་གཅིག་དང་། ལྷག་མ་ལྔ་ལ་སྟོང་སྡེ་བཅུ་རེ་བཅས་བསྡོམས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཏུའང་ཕྱེ་ཡོད།
གཉིས་པ།
བོད་སིལ་བུར་འཐོར་རྗེས་བཙན་པོའི་གདུང་རྒྱུད་མངའ་རིས་རྒྱལ་པོའི་མངའ་ཁོངས་ཙམ་ལ་བོད་དང་། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོ་ཞེས་འབོད་པ་བྱུང་། ས་སྐྱའི་སྲིད་དབང་སྐབས་སུ་བོད་ཆོལ་ཁ་གསུམ་སྟེ། ཡུལ་མངའ་རིས་གུང་ཐང་མན་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་མན་ནས་རྨ་ཆུའི་ཁུགས་པ་ཡན་མདོ་སྟོད་མིའི་ཆོལ་ཁ། རྨ་ཆུའི་ཁུགས་པ་མན་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟའི་ཆོལ་ཁ་ཞེས་གསུམ་དུ་ཕྱེ་ཞིང་། དེ་ལ་མདོ་དབུས་ཁམས་གསུམ་དུ་འབོད་པ་དང་། དབུས་གཙང་ལ་ནང་གསེས་ཁྲི་སྐོར་བཅུ་གསུམ་དུའང་ཕྱེ། གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ལ་མངའ་རིས་སྐོར་གསུམ། བར་ལ་དབུས་གཙང་རུ་བཞི། སྨད་ལ་མདོ་ཁམས་སྒང་དྲུག་ཏུ་ཕྱེས་ཤིང་། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་དེ་དག་ལ་བོད་ལྗོངས་ཁྲི་སྐོར་བཅུ་གསུམ་དུ་འབོད་པའང་བྱུང་། ཕྱི་ལོ་ ༡༩༡༤ ཤིང་སྟག་ལོར་སིམ་ལའི་ཆིངས་ཡིག་སྐབས་བོད་ཕྱི་མ་དང་ནང་མའི་དབྱེ་བ་ཕྱེ་སྟེ་བོད་ནང་མའི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་བཤད་ཀྱང་གཏན་འབེབས་བྱས་མེད། ཕྱི་ལོ་ ༡༩༡༨ ལོར་ཆབ་མདོར་རྒྱ་བོད་དབྱིན་གསུམ་ཆིངས་ཡིག་བཞག་སྐབས་འབྲི་ཆུའི་ཤར་རྒྱུད་རྣམས་རྒྱ་ཁོངས་དང་ནུབ་རྒྱུད་རྣམས་བོད་ཁོངས་བྱས་པས་རྒྱ་སྡེ་བོད་སྡེ་ཞེས་པའི་མིང་ཡང་ཆགས།
གསུམ་པ།
དེ་ནས་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབས་འདྲ་མིན་གྱི་འོག་ནས་འགྱུར་བ་སྣ་ཚོགས་བྱུང་བ་ནི། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་གླེང་བ་སོགས་འབྲེལ་ཡོད་ཡིག་ཆ་ཁག་ལྟར་ན། ཕྱི་ལོ་ ༡༩༢༡ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་དང་པོའི་སྟེང་སྤེལ་བའི་བསྒྲགས་གཏམ་ནང་། བོད་དང་། ཡུ་གུར། སོག་པོ་གསུམ་རྒྱ་ནག་གི་མངའ་ཁོངས་ནས་རང་བཙན་བྱེད་ཆོག་པར་བརྗོད་ཡོད་པ་དང་། དེའི་རྗེས་སུའང་རྒྱ་ནག་དམར་ཤོག་གི་ཚོགས་འདུ་རིམ་པའི་ཐོག་ནས། སོག་པོ་དང་། བོད། ཡུ་གུར་བཅས་ཁག་གསུམ་དུ་རང་སྐྱོང་ལག་བསྟར་བྱས་ཏེ་དམངས་གཙོའི་རྒྱལ་ཕྲན་རང་སྐྱོང་བྱེད་རྒྱུ། ཞེས་དང་། རང་དབང་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་དོན་ཐོག སོག་པོ་དང་། བོད། ཡུ་གུར་བཅས་དང་མཉམ་འབྲེལ་སྒོས་ཀྲུང་ཧྭ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་འཛུགས་རྒྱུ། ཞེས་དང་། རྒྱ་ནག་མངའ་ཁུལ་གྱི་གྲངས་ཉུང་མི་རིགས་ཚང་མར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་མ་ཟད། ཐ་ན་མི་རིགས་སོ་སོས་རྒྱ་ནག་དང་ཁ་བྲལ་ཏེ་རང་དབང་གི་རྒྱལ་ཁབ་གསར་འཛུགས་བྱ་རྒྱུའི་ཐོབ་ཐང་ཡོད་པར་ངོས་ལེན་བྱ་རྒྱུ། ཞེས་སོགས་ཀྱི་གྲོས་ཆོད་རིམ་པར་བཞག་ཡོད།
དམར་དམག་རྒྱང་སྐྱོད་སྐབས་སུ་རྒྱལ་རོང་གི་བོད་མི་རྣམས་ལ་རྒྱབ་སྐྱོར་གྱིས་ཕྱི་ལོ་ ༡༩༣༥ ལོར་དགེ་ལེགས་སྡེ་གསར་སྤྱི་མཐུན་རྒྱལ་ཁབ་ཅེས་འབོད་པའི་བོད་རང་ཉིད་ཀྱི་སྲིད་གཞུང་ཞིག་ཁུལ་དེར་བཙུགས་ནའང་དུས་ཡུན་ཐུང་ངུ་ཞིག་ལས་གནས་ཐུབ་མེད། དམར་དམག་དཀར་མཛེས་ཁུལ་དུ་འབྱོར་སྐབས་དམག་སྤྱི་ཀྲུའུ་ཏེས་དབུ་ཁྲིད་པའི་འོག་ཁུལ་དེར་བོད་པ་སྲིད་གཞུང་ཞེས་པ་གསར་འཛུགས་བྱས་ཏེ། སྡེ་དགེ་རྒྱལ་པོ་ཚེ་དབང་བདུད་འདུལ་གྱིས་བོད་པ་སྲིད་གཞུང་གི་ཀྲུའུ་ཞི་སྟེ་གཙོ་འཛིན་གྱི་འགན་ཁྱེར་ཞིང་། དགེ་སྟག་སྤྲུལ་སྐུ་དང་བྱ་རྒོད་སྟོབས་ལྡན། སྤོམ་མདའ་སྟོབས་རྒྱས་སོགས་ཀྱིས་གཙོ་འཛིན་གཞོན་པ་དང་ཕྱི་འབྲེལ་སོགས་ཀྱི་ལས་འགན་ཁྱེར། ཁོང་ཚོས་བོད་པའི་ཐེངས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བསྒྲགས་གཏམ་ཞེས་པ་སྤེལ་བའི་ནང་། ང་ཚོས་འཛམ་གླིང་ཡོངས་དང་རྒྱ་ནག་ཡོངས་ལ་གསལ་བསྒྲགས་བྱེད་རྒྱུ་ནི། བོད་པ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ཉིད་ཕྱི་ལོ་ ༡༩༣༦ ལོའི་ཟླ་ ༥ ཚེས་ ༡ ཉིན་དངོས་སུ་དབུ་བརྙེས་པ་ཡིན། དབུས་དང་ཁམས། མཚོ་སྔོན་གྱི་ས་ཁོངས་ཡོད་ཚད་ངེས་པར་དུ་དུས་ནམ་ཡང་བོད་པ་རང་ཉིད་ཀྱིས་བདག་སྐྱོང་བྱེད་དབང་ཡོད། ཅེས་འཁོད་ཡོད། དེ་དག་ནི་སྐབས་དེར་རྒྱ་ནག་དམར་ཤོག་གིས་ཨུ་རུ་སུ་དམར་པོའི་མི་རིགས་སྲིད་ཇུས་ཀྱི་ལྟ་བ་གཞིར་བཟུང་སྟེ། ཨ་མདོ་དང་། ཁམས་ཕྱོགས་སུ་རང་ཐག་རང་གཅོད་ཀྱི་སྲིད་གཞུང་དུ་མ་འཛུགས་རོགས་བྱས་པ་ཞིག་རེད།
དེ་དང་དུས་མཚུངས་སུ་རྒྱ་ནག་གོ་མིན་ཏང་གིས་ཕྱི་ལོ་ ༡༩༣༩ ལོར་ཤིས་ཁཱང་སྟེ་ནུབ་ཁམས་ཞིང་ཆེན་ཞེས་པ་གསར་འཛུགས་བྱས་པའི་ནང་མུ་ལི་དང་། དཀར་མཛེས་ཁུལ། ཆབ་མདོ་སོགས་བོད་ཀྱི་ས་ཁུལ་མང་པོ་ཞིག་ཚུད་ཡོད། ལྟེ་གནས་ནི་ཐོག་མར་དར་རྩེ་མདོ་དང་རྗེས་སུ་ཡཱ་ཨན་དུ་སྤོས། ༡༩༥༠ ལོར་འདིའི་ཀྲུའུ་ཞིའམ་གཙོ་འཛིན་གཞོན་པའི་གྲས་སུ་དགེ་སྟག་སྤྲུལ་སྐུ་དང་བྱ་རྒོད་སྟོབས་ལྡན་སོགས་ཀྱང་ཡོད། ༡༩༥༥ ལོར་རྒྱ་ནག་དམར་ཤོག་གཞུང་གིས་ཞིང་ཆེན་དེ་མེད་པར་བཟོས་ཏེ། ཆབ་མདོ་ཕྱོགས་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་དང་། ལྷག་མ་རྣམས་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཟླ་བསྒྲིལ་བཏང་།
བཞི་པ།
ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་ནའང་ ༡༩༤༧ ལོ་ནས་ཨ་རི་དང་ཨུ་རུ་སུ་གཉིས་གཙོར་བྱས་པའི་གྲང་དམག་འཐབ་རྩོད་ཀྱི་འགོ་ཚུགས་མ་ཐག་པའི་སྐབས་དང་། རྒྱ་ནག་ནང་འཁྲུག་གི་རྒྱལ་ཁ་དམར་ཤོག་ཚོགས་པར་འཐོབ་ལ་ཉེ་བའི་སྐབས་ཏེ། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡ ནང་རྒྱ་གར་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ལོའེ་ཧན་ཌིར་སོན་ (Loy Henderson) གྱིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གསང་ཏར་ཕུལ་བའི་ནང་། གལ་སྲིད་དམར་ཤོག་གིས་ཕྱོགས་ཡོངས་ནས་རྒྱ་ནག་སྐམ་སར་དབང་བསྒྱུར་བྱས་ཚེ། ཨ་རིའི་གཞུང་ངོས་ནས་དེ་སྔ་རྒྱ་ནག་ལ་བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་ཡོད་པ་ཁས་ལེན་བྱས་ཡོད་པ་དེའི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ། ངེས་པར་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དགོངས་པ་བཞེས་དགོས་པ་དང་། དེ་ནི་ཨ་རིའི་ཨེ་ཤི་ཡའི་ཤར་ལྷོ་ཕྱོགས་ནས་རྒྱ་ནག་དམར་ཤོག་བཀག་སྡོམ་བྱེད་པའི་དགོས་མཁོ་དང་བསྟུན་དགོས་ཚུལ་གྱི་རེ་བ་ཞུས་ཡོད། གནས་ཚུལ་དེ་རྒྱལ་སྤྱིའི་གུང་ཁྲན་(གཙོ་བོ་ཨུ་རུ་སུའི་དམར་ཤོག)ཞེས་པའི་དམར་ཤོག་ཚོགས་པར་ཐོབ་སྟེ། སི་ཏཱ་ལེན་གྱིས་བོད་ལ་རང་བཙན་ཐོབ་ན་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་མཐུན་པ་དང་། གྲང་དམག་འཐབ་རྩོད་ཁྲོད་རང་ཕྱོགས་ལ་རྒྱལ་ཁ་འཐོབ་རྒྱུའི་འགལ་རྐྱེན་དུ་འགྱུར་བར་ངོས་འཛིན་གྱིས་རྒྱ་ནག་དམར་ཤོག་གཞུང་ལ་མི་རིགས་ཀྱི་གནད་དོན་ཐོག་ཐལ་དྲགས་པའི་གུ་ཡངས་གཏོང་མི་རུང་བ་དང་། གྲངས་ཉུང་མི་རིགས་ལ་རང་སྐྱོང་སྤྲོད་རྒྱུ་ལས་རང་བཙན་སྤྲོད་མི་རུང་ཞེས་སློབ་སྟོན་བྱས།
ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༧ པའི་ནང་བོད་གཞུང་གིས་ལྷ་སར་གནས་སྡོད་གོ་མིན་ཏང་གི་དཔོན་རིགས་ལས་བྱེད་རྣམས་བོད་ནས་ཕྱིར་ཕུད་བྱས། སྐབས་དེར་ཨ་རིའི་རླུང་འཕྲིན་ཁང་ནས་བོད་ཀྱིས་གོ་མིན་ཏང་ཕམ་པའི་གོ་སྐབས་དང་བསྟུན་ཏེ། ཕྱོགས་ཡོངས་ནས་རྒྱ་ནག་དང་ཁ་བྲལ་འགྲོ་སྲིད་པ་རེད་ཅེས་རྒྱང་བསྒྲགས་བྱས། དབྱིན་ཇིའི་གསར་ལམ་ཁག་ནས་ཀྱང་དབྱིན་ཇིའི་རྒྱལ་ཁབ་ཀྱིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་དང་རྒྱ་ནག་གི་བདག་བཟུང་འོག་ཡོད་ཅེས་པའི་བརྗོད་སྟངས་ལ་དུས་ནམ་ཡང་ཁས་ལེན་བྱས་མེད་ཅེས་བརྒྱུད་བསྒྲགས་བྱས། གནད་དོན་དེ་དག་གིས་བསྐྱར་དུ་སི་ཏཱ་ལེན་བོད་ཐོག་དོ་སྣང་ཇེ་ཆེར་ཕྱིན་ཏེ། བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ལ། བོད་ཀྱི་རྒྱབ་ལོགས་ན་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ཤོག་ཁག་ཆེན་པོ་གཉིས་ཀྱི་དབར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡོད་པར་ངོས་འཛིན་གྱིས་སླར་ཡང་རྒྱ་ནག་དམར་ཤོག་ལ་སློབ་སྟོན་བྱས་དོན་བཞིན། རྒྱ་ནག་གཞུང་གིས་བོད་ཀྱི་དབང་འཛིན་པ་རྣམས་དབྱིན་ཇི་དང་ཨ་རི་བཙན་རྒྱལ་རིང་ལུགས་པའི་རྗེས་སུ་འབྲང་གི་ཡོད་ཚུལ་དང་། རྒྱ་ནག་གིས་བོད་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཞེས་བཤད་པར་མ་ཟད། དེ་དུས་གསར་དུ་གཏན་འབེབས་བྱས་པ་༼ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཐུན་མོང་རྩ་འཛིན།༽ཞེས་པ་སྐབས་དེའི་རྒྱ་ནག་དམར་ཤོག་གི་རྩ་ཁྲིམས་ཀྱི་རང་བཞིན་ལྡན་པ་དེའི་ནང་། དེ་སྔའི་མི་རིགས་རང་ཐག་རང་གཅོད་ཅེས་པའི་ཚིག་དེ་མི་རིགས་ས་ཁོངས་རང་སྐྱོང་ཞེས་པར་བསྒྱུར་ཏེ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་པའི་ལམ་ཁ་མེད་པར་བཟོས།
དེ་ལྟར་བོད་ཀྱི་གནད་དོན་ནི་གྲང་དམག་འཐབ་རྩོད་དང་འབྲེལ་བའི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་པར་མ་ཟད། གྲང་དམག་འཐབ་རྩོད་རྒྱག་མཁན་སྟོབས་ཤུགས་ཆེན་པོ་ཚོའི་འཐབ་རྩོད་ཀྱི་བར་ནས་བོད་ལ་གནོད་ཚབས་དང་གྱོང་གུད་ཆེན་པོ་ཐེབས་ཏེ། མཐའ་མར་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་བོད་ཞི་བས་བཅིངས་གྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ལ་བོད་མི་ཚོས་མི་འདོད་བཞིན་དུ་མིང་རྟགས་འགོད་དགོས་བྱུང་།
ལྔ་པ།
རྒྱ་ནག་དམར་ཤོག་གིས་ཨུ་རུ་སུར་དཔེ་བལྟས་ཏེ་ཕྱི་ལོ་ ༡༩༥༠ ང་གྲངས་ནང་མི་རིགས་དབྱེ་འབྱེད་དང་མཐའ་མཚམས་བསྐྱར་བགོས་ཀྱི་ལས་འགུལ་སྤེལ་ཏེ། མི་རིགས་ ༥༦ དབྱེ་བགོས་བྱས་ཤིང་། དེར་བསྟུན་གྱིས་རྒྱ་ནག་རྒྱལ་ཡོངས་སུ་རང་སྐྱོང་ལྗོངས་ ༥ དང་། རང་སྐྱོང་ཁུལ་ ༣༠། རང་སྐྱོང་རྫོང་ ༡༢༠ ལྷག་བཙུགས།
ཕྱི་ལོ་ ༡༩༤༦ ལོར་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་བོད་ཤར་རྒྱུད་མི་དམངས་ཏེ་ཁམས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ཤར་བོད་རང་སྐྱོང་ལྗོངས་འཛུགས་རྒྱུའི་འཆར་གཞི་བཀོད་ནའང་ལག་བསྟར་ཐུབ་མེད། དེ་བྱུང་སོང་ན་རིམ་གྱིས་བོད་ཡོངས་ལ་ཁྱབ་པའི་དམངས་གཙོའི་གཞུང་གསར་པ་ཞིག་འཛུགས་རྒྱུའི་དམིགས་ཡུལ་ཡོད་ཚུལ་བཤད་ཡོད་པ་རེད།
ཕྱི་ལོ་ ༡༩༥༤ ནས་ ༡༩༥༥ བར་བོད་རིགས་འགོ་ཁྲིད་དཀར་མཛེས་པ་བཀྲ་ཤིས་དབང་ཕྱུག་དང་། རྒྱལ་རོང་པ་ཐེན་པའོ་སངས་རྒྱས་ཡེ་ཤེས། བླ་བྲང་གི་ཨ་ཕ་ཨ་བློ། རྔ་པའི་རྨེའུ་རྒྱལ་པོ་དཔལ་མགོན་འཕྲིན་ལས་རབ་བརྟན། སྡེ་དགེའི་བྱ་རྒོད་སྟོབས་ལྡན། རེབ་གོང་ནང་སོ་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱིས་དབུས་གཙང་ཁུལ་ལ་བོད་རང་སྐྱོང་ལྗོངས་རྒྱབ་མ་དང་། ཁམས་དང་ཨ་མདོ་ཁུལ་ལ་བོད་རང་སྐྱོང་ལྗོངས་མདུན་མ་ཞེས་བོད་རིགས་ཀྱི་རང་སྐྱོང་ལྗོངས་གཉིས་འཛུགས་རྒྱུ་དང་། རང་སྐྱོང་ལྗོངས་མདུན་མའི་རྒྱལ་སའམ་ལྟེ་གནས་ནི་འབར་ཁམས་ལ་བྱེད་རྒྱུ་བཅས་ཀྱི་འཆར་བཀོད་སྙན་ཞུ་ཕུལ་བར། རྒྱ་ནག་དབུས་གཞུང་ནས་ཆོག་མཆན་ཐོབ་སྟེ་འཆར་གཞི་ལག་བསྟར་གྱི་གྲ་སྒྲིག་བྱེད་བཞིན་པའི་སྐབས་དབུས་གཞུང་ནས་གློ་བུར་དུ་ཆོག་མཆན་ཕྱིར་བསྡུ་བྱས་པས་ལས་དོན་དེ་འགྲུབ་མེད། འོན་ཀྱང་བོད་རིགས་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་ཞེས་བོད་རིགས་ས་ཁུལ་རྣམས་རང་སྐྱོང་གི་མིང་ཐོག་ནས་ད་ལྟའི་བར་གནས་ཐུབ་པ་བྱུང་བ་ནི་བོད་རིགས་འགོ་ཁྲིད་དེ་དག་གི་བཀའ་དྲིན་ཡིན་པར་གསུངས།
ཕྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བ་བཙུགས། ཕྱི་ལོ་ ༡༩༦༥ ལོར་བོད་རང་སྐྱོང་ལྗོངས་ཞེས་པ་དངོས་སུ་བཙུགས།
ད་ལྟའི་ཆར་བོད་ཁམས་ཡོངས་རྫོགས་ལྗོངས་གཅིག་དང་ཞིང་ཆེན་བཞིའི་ཁོངས་སུ་དབྱེ་བགོས་བྱས་ཡོད། དེའང་ལྗོངས་གཅིག་ནི་བོད་རང་སྐྱོང་ལྗོངས་ཏེ། འདིའི་ཁོངས་སུ་གྲོང་ཁྱེར་ལྷ་ས་དང་། མངའ་རིས་ས་ཁུལ། གཞིས་རྩེ་ས་ཁུལ། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ། ཆབ་མདོ་ས་ཁུལ། ནག་ཆུ་ས་ཁུལ་བཅས་ཡོད།(ད་ལྟ་མངའ་རིས་མ་གཏོགས་གཞན་རྣམས་གྲོང་ཁྱེར་དུ་བསྒྱུར་ཟིན།) ཞིང་ཆེན་བཞི་ལས་དང་པོ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏེ་རང་སྐྱོང་ཁུལ་དྲུག་དང་། ཟི་ལིང་དང་མཚོ་ཤར་ཏེ་གྲོང་ཁྱེར་གཉིས་བཅས། (གྲོང་ཁྱེར་འདི་གཉིས་སུ་བོད་མི་འབུམ་གཅིག་ལྷག་ཙམ་རེ་ལས་མེད།) གཉིས་པ་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་སྟེ་གཉིས། གསུམ་པ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། མུ་ལི་བོད་རིགས་རང་སྐྱོང་རྫོང་བཅས་གསུམ། བཞི་པ་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་བསྡོམས་བོད་རིགས་རང་སྐྱོང་ལྗོངས་གཅིག་དང་། བོད་རིགས་རང་སྐྱོང་ཁུལ་བཅུ། བོད་རིགས་རང་སྐྱོང་རྫོང་གཉིས་བཅས་སུ་དབྱེ་བགོས་བྱས་ཡོད།
ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་ཀན་ལྷོ་ཁུལ་གྱི་བོད་རིགས་ལས་བྱེད་གནད་ཡོད་ཁག་ཅིག་གིས་བོད་རིགས་རང་སྐྱོང་ས་ཁོངས་བསྐྱར་སྒྲིག་དགོས་ཚུལ་རྒྱ་ནག་དབུས་གཞུང་ལ་སྙན་ཞུ་ཕུལ་བའི་ནང་། རབ་བྱུང་ན་བོད་རིགས་རང་སྐྱོང་གི་ས་ཁུལ་ཐམས་ཅད་ཟླ་བསྒྲིལ་གྱིས་ཁ་བ་ཅན་བོད་རིགས་རང་སྐྱོང་ལྗོངས་ཞེས་འཛིན་སྐྱོང་གི་མ་ལག་གཅིག་གི་འོག་ཏུ་གནས་རྒྱུ་དང་། འབྲིང་དུ་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་རྣམས་ཨ་མདོ་བོད་རིགས་རང་སྐྱོང་ལྗོངས་ཞེས་གཅིག་ཏུ་བསྒྲིལ་རྒྱུ། དེའང་མ་འགྲིག་ན། ཀན་ལྷོ་ཁུལ་འདི་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཟླ་བསྒྲིལ་གཏོང་དགོས་པའི་རེ་འདུན་ཞུས་ཡོད་ཀྱང་དོན་འབྲས་སོན་མེད།
རྒྱ་ནག་གི་དབང་བསྒྱུར་འོག་བོད་ཀྱི་སྣོད་བཅུད་གཉིས་ཀར་ཉམས་ཆག་ཤུགས་ཆེན་འགྲོ་བཞིན་པ་ལྟར། བོད་མིའི་ཡུལ་སྲོལ་གོམས་གཤིས་དང་། སྐད་ཡིག་རིག་གཞུང། འཚོ་བའི་གནས་སྟངས། འཆམ་མཐུན་མཉམ་གནས་སོགས་ཕྱོགས་གང་ཅིར་དོ་ཕོག་དང་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་འདིའི་འབྱུང་རྩ་གཙོ་བོ་གཅིག་ནི་བོད་ཁམས་དུམ་བུར་བགོས་ཏེ་འཛིན་སྐྱོང་ཐ་དད་དུ་བྱེད་པའི་སྲིད་ཇུས་འདི་ལ་ཐུག་ཡོད་དོ།།
འདི་ནི་འབྲིང་བ་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ ཉིན་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཏུ་སྤེལ་བའོ།།
ཤིན་ཏུ་ལེགས། ངོ་དེབ་ནང་གད་རྙིགས་སྒྲུབ་ནས་བསྡད་པ་ལས་འདི་འདྲའི་དཔྱད་རྩོམ་རེ་སྤེལ་ཐུབ་ན་བསྟན་པ་ཆབ་སྲིད་ལ་དགེ་མཚན་དེ་ལས་ཆེ་བ་ཅི་ཡོད་སྙམ།
དེང་རབས་གསར་པའི་མཁས་དབང་ཉམས་ཞིབ་པ་འབྲིང་བ་འཇིགས་མེད་ལགས་ཀྱིས་་་《བོད་སིལ་བུར་འཐོར་རྗེས་བཙན་པོའི་གདུང་རྒྱུད་མངའ་རིས་རྒྱལ་པོའི་མངའ་ཁོངས་ཙམ་ལ་བོད་དང་། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོ་ཞེས་འབོད་པ་བྱུང་།》་་་་ཞེས་བཀོད་འདུག
བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཐོག་ཏུ་སྤྱི་ལོ་821་ལོར་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ཡུལ་དང་། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པ་བོད་ཆེན་པོའི་ཡུལ་ཡིན་ཞེས་བཀོད་ཡོད། བོད་ཆེན་པོ་ཞེས་པའི་འབོད་སྲོལ་བྱུང་བ་འདི་བོད་བཙན་པོའི་སྐབས་ནས་ཡོད་བསྡད་པ་ལས་བོད་སིལ་བུར་འཐོར་རྗེས་སུ་བྱུང་བ་མིན་པའི་གསལ་བཤད་གསུམ་འབྲི་འདོད་མེདབཞིན་དུ་མི་འབྲི་ཀ་མེད་རེད།
ཅིག་ཅིག་ཉམས་ཞིབ་བྱེད་ཀྱི་ཡོད་ཟེར་མཁན་དང་གཉིས་གཉིས་ཉམས་ཞིབ་བྱེད་བཞིན་ཡོད་ཟེར་མཁན་ཁྱོད་ཚོས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་གི་རི་མོ་ནག་བསུབ་མ་གཏོང་རོགས་བྱོས་ཅེས་ཞུ་འདོད་པའི་སྐད་ཆ་ཡིན།
“བོད་རྒྱལ་ཁབ་ཆེན་པོ”
“ནུབ་ཕྱོགས་ཐམས་ཅད་ནྀ་ཡང་དག་པར་བོད་ཆེན་པོའི་ཡུལ་”
“བོད་དང་བོད་ཆེན་པོ།”
ཤེས་ནས་སྨྲ་མཁན་ཚོས་འགྲེལ་བཤད་རེ་གནང་རོགས།
༄༅། ཉམས་ཞིབ་དང་ཉམས་ཞིབ་པ་ཞེས་ག་ཚོད་བཤད་ཀྱང་མདོར་བསྡུས་ནས་བཤད་ན་
མཁས་པ་གོང་མ་ཚོའི་བརྩམས་བཞག་པ་དེ་ཚོའི་ནང་ནས་ཕར་བསྡུས་ཚུར་བསྡུས་ནས་
བཤད་པ་ཤ་སྟག་མ་གཏོགས་གཞན་གསར་པ་ཅང་ཡོད་པ་མི་འདུག་
ཅོ་རི་ཉི་མ་ལ།
ངས་བཤད་པ་ནི་བོད་དང་བོད་ཆེན་པོ་ཞེས་གཉིས་སུ་དབྱེ་སྲོལ་ཡོད་པ་དེ་རེད། རྡོ་རིང་ངོས་ཀྱི་དེ་དང་ག་ལ་འདྲ། དེབ་དཀར་ལ་གཟིགས་མ་མྱོང་ངམ།
སྲིན་པོ་རྫ་རྒན་ལ།
བོད་རྒྱལ་ཁབ་ཆེན་པོ་དང་། ཡང་དག་པར་བོད་ཆེན་པོའི་ཡུལ་ཞེས་པ་ནི་བོད་ཡོངས་རྫོགས་ལ་གོ་ཞིང་། ཆེན་པོ་ཞེས་པ་བསྟོད་ཚིག་ཙམ་ཡིན་པ་ལས། དེའི་ཟླ་ལ་བོད་ཆུང་ངུ་ཞིག་ཡོད་པར་སྟོན་པ་ལྟ་བུ་མིན། བོད་དང་བོད་ཆེན་པོ་ཞེས་པ་ནི་དེ་དང་མི་འདྲ་བ་རྩོམ་དཀྱུས་སུ་གསལ་བ་ལྟར་རོ།།
Abharu jigwang ལ།
ངས་གསར་པ་བཤད་ཡོད་ཅེས་ལབ་མེད། ཉམས་ཞིབ་ལ་གསར་པ་དགོས་པའི་ཁྱབ་པའང་མེད་དེ། ཉམས་ཞིབ་ལ་གསར་བཤད་དང་གསལ་བཤད་གཉིས་ཡོད་ཚུལ་མཁས་པ་ཚོས་གསུང་བཞིན་པ་མ་ཐོས་སམ།
འབྲིང་བ་འཇིགས་མེད་ལགས། གསལ་བཤད་གནངས་པ་ཐུགས་རྗེ་ཆེ། དེ་དེ་བཞིན་ནོ་ཞུ། ངས་དྲི་སྐུལ་ཞུ་དོན་དེ་རང་ཡིན་ལགས།
བོད་དང་བོད་ཆེན་པོ་་དབྱེ་བ་དེ་དགེའདུན་ཆོས་འཕེལ་གྱི་དེབ་དཀར་གྱི་གསུངས་ཚུལ་དང་། གཞན་བཤད་ཚུལ་ནི་དབུས་གཙང་ལ་བོད་དང་། མདོ་ཁམས་ལ་བོད་ཆེན་པོ་ཞེས་པ་བཤད་ཚུལ་མི་འདྲ་བ་གཉིས་འདུག
མངའ་རིས་ས་་ཁུལ་ནི། ཐོག་མར་ཤིན་ཅང་མངའ་འོག་དང་ཕྱིས་སུ་བོད་རང་སྐྱོང་ལྗོངས་ཁོངས་སུ་བསྒྲིལ་བ་རེད། ལོ་དུས་གསལ་པོ་མི་དྲན།
ནུབ་ཕྱོགས་གངས་ཕྲུག་ལ།
དབུས་གཙང་ལ་བོད་དང་མདོ་ཁམས་ལ་བོད་ཆེན་པོར་འདོད་པ་དེ་མི་འཐད་ཚུལ་དེབ་དཀར་དུ་གསུངས་པ་ལྟར་རེད།
རྒྱ་ནག་གི་ཡིག་ཆ་ལྟར་ན། ༡༩༥༠ ལོར་རྒྱ་དམག་མངའ་རིས་སུ་འབྱོར། ༡༩༥༢ ནས་མངའ་རིས་ལ་ཤིན་ཅང་དང་བོད་ལྗོངས་གཉིས་ཀས་དབང་འཛིན་བྱས། ཕལ་ཆེར་ ༡༩༥༦ ནས་བོད་ལྗོངས་ཀྱི་དབང་འོག་ཏུ་གནས། ༡༩༧༠ ལོར་ཤིན་ཅང་ལ་དབང་བཅོལ་བྱས། ༡༩༧༩ ལོ་ནས་སླར་ཡང་བོད་ལྗོངས་ཀྱི་དབང་འོག་ཏུ་གནས་མུས་རེད།
བོད་པའི་ལོ་གསར་གྱི་རྟེན་འབྲེལ་དང་རྣམ་རྟོག་སྐོར་ལ། འབི་རི་མཆོག་གིས།
https://www.youtube.com/watch?v=RiMe1xk0Cb4
་
འདི་ལ་ང་ལ་ཡང་རྒྱབ་སྐཡོར་ཡོད་དོ། ཧཧཧ།། །།
འབི་རི་འཇིགས་མེད་རྣམ་རྒྱལ་འདི། སྙན་དངགས་དང་། བོད་ཀྱི་ལོ་རྒྱུས་ལ། མཁས་པའི་མཁས་པ་གསར་པ་ཞིག་རེད་འདུག་གདའ། ལེགས་སོ། ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ནོ། རྗེས་སུ་ཡི་རང་ངོ་།། །།
སོག་པོའི་འདྲེ་ལག་བོད་དུ་སྐྱང་ནས་བོད་དུམ་བུ་གསུམ་ལ་བཏང་ནས་
ད་ལྟའི་ཆོལ་ཁ་ཟེར་བའི་སོག་སྐད་དེ་ཡིན་པ་དང་རྒྱ་མི་བོད་དུ་ཡོང་ནས་
བོད་དུམ་བུ་མང་པོར་བཏང་བ་དེ་དག་ལ་དཔྱད་ཞིབ་དང་ཞིབ་འཇུག་བྱས་ནས་ང་ཚོར་རག་རྒྱུ་དང་ཐོབ་རྒྱུ་གང་ཡང་ན་བོད་མི་རིགས་ལ་ཁྲག་
རྩ་དང་རྒལ་ཚིག་ཡོད་ན་དུས་ཚོད་ཀྱི་སྔ་ཕྱི་མ་རྟོགས་རང་ས་རང་སྲུང་དང་རང་ཡུལ་རང་བདག་ཐུབ་པའི་འགན་འཁུར་ལེན་དགོས་པ་ནི་
སྔོན་འགྱེལ་རྗེས་ལངས་དང་ཕ་ས་བུ་འཛིན་ཟེར་བའི་གཏམ་དེ་དོན་ལ་
གནས་དགིས་ཀྱི་མེད་པ་ཡིན་ནམ་།