ཁྲོ་གཏུམ།
གོང་མཛུབ་ཡར་མ་སྒྲེང་བའི་སྐབས་དེར
དཀྱིལ་མཛུབ་ཀྱིས་རྩམ་པ་ཞིམ་པོ་ཞིག་བརྡེག་པ་བདེན
སྲིན་མཛུབ་ཀྱི་མཆོད་ཁ་དགོང་དུ་གཏོར་བ་ཐོག་མར་བཞག་པས
མཛུབ་ཆུང་གིས་ཁྱོད་ལ་མཐོང་ཆུང་གི་བརྡ་བསྟན་མྱོང་ངམ
མཐེ་བོང་དང་མཛུབ་ཆུང་བར་ཀྱི་དཀའ་ངལ་དག་ལས་མི་ཡུལ་ལ་མཆོག་དམན་གྱི་དབྱེ་བ་ཞིག་བྱུང་མྱོང་།
ཁྱོད་ཀྱི་མི་ཚེ་ཁྲོད་དུ་མཐེ་བོང་གི་རྣམ་འགྱུར་ག་ཚོད་ཅིག་ཐོབ་མྱོང་བ་ནི་དགའ་སྤོབ་ཡིན་ནམ།
མཐེ་བོང་གི་བརྡ་རྟགས་ཁྱོད་སར་བསྒྲེངས་བས
ངོ་གདོང་གི་རྣམ་གཤིས་དྭངས་ཤིང་གསལ་ལ་ཁ་རླངས་ཀྱི་དྲོ་འཁྱག་ཀྱང་རྒྱུན་ལྡན་དུ་གནས
གཤིས་ཀ་དྲང་མོ་མདའ་འདྲ་ལེ
སེམས་པ་དཀར་མོ་བལ་འདྲ་ལེ
མངགས་ན་ཡ་ལན་གསལ་བ
གང་བཤད་ཁ་ལ་ཉན་པ
འདི་ནི་མཛུབ་མོ་ལྔའི་ནང་གི་ཆེས་རིན་ཐང་ལྡན་པའི་རྣམ་འགྱུར་ཁྲོད་ཀྱི་གཟུགས་རིས་ཤིག
མི་ཚེའི་བགྲོད་ལམ་གྱི་བར་སྐེད་ནས་ཁྱོད་ལ་གོང་མཛུབ་གང་མང་ཐོབ
གོང་མཛུབ་ཀྱི་བརྡ་རྟགས་དྲང་ཤ་ལེར་གཟས་ས་དེར་བབས
མི་སེམས་སྙི་མོ་སྙི་མོ་དེའི་བར་གསེང་ལ་མཚེར་མའི་ཞིང་ཁ་སྐྱེས
ཆེས་མི་འདོད་པ་གསོག་པའི་རླུང་གི་དུག་རླངས་ཁ་ནས་བཞུར
མཛུབ་མོ་གཅིག་གིས་དགྱེ་སྒུར་ག་ཚོད་ཀྱི་ཚེག་དཀའ་སེམས་སུ་ཤོང་དགོས
འདི་ནི་གོང་མཛུབ་ཀྱིས་བཏོན་པའི་མི་ཡུལ་གྱི་ཤོག་ཐུར་ནག་པོ་འགའ་དེའོ
དཀྱིལ་མཛུབ་ཀྱི་ལས་སྐལ་དེས་ཁྱོད་ལ་ཞབས་ཞུ་བཟང་པོ་སྒྲུབ
རྩམ་པ་དཀྱིལ་མཛུབ་ཀྱིས་བརྡེགས་ཞོར་གྲོད་ཁོག་ལ་གཡོགས་བྱེད་དུས
གྲོད་ཁོག་རྒྱག་པ་གཅིག་པུའི་སྣང་བ་བར་སྣང་དུ་སྤུར་ཞོར
རང་སྣང་གི་མགོ་བོ་ནམ་མཁའི་བྱ་རྒོད་འཕུར་བའི་གཤོགས་རྩལ་ལ་འགྲན་སློང་བར་མཆིས
དེ་དུས་ཁྱོད་ནི་དཀྱིལ་མཛུབ་ཀྱིས་བསྐྲུན་པའི་མི་དེ་ཡིན་པ་ངོ་མ་ཤེས་པ་ཞིག་ཙམ
སྲིད་པ་གངས་རིའི་ཡུལ་སྲོལ་ལ་སྲིན་མཛུབ་ཀྱིས་ལྷ་ལ་མཆོད་ཁ་འཕེན
ལྷ་བཅོལ་གླུ་བཅོལ་བྱས་རྗེས་བཟའ་བཏུང་གི་བྲོ་བ་ལྕེ་རྩེ་ལ་འཁོར་ཡོད
སྲིན་མཛུབ་གཡུགས་ཐེངས་གསུམ་གྱིས་ལྐོག་གྱུར་གྱི་ལྷ་དེ་ནི
ཡང་ན་ཁྱོད་ཀྱི་སྐྱེས་ལྷ
ཡུལ་ལྷ
གཞི་བདག་གང་ཞིག་གིས་སྲུང་ངེས
སྐྱོབས་ངེས
འདི་ནི་སྲིན་མཛུབ་ལ་བཅོལ་བའི་མི་ཚེ་ཞིག་འགྲོ་སྟངས་སུ་གྱུར་བའོ
མི་ཚེ་བརྒྱུད་རིམ་ཁྲོད་ཀྱི་དམའ་འབེབས་ཀྱི་མཚོན་བྱེད་ནི་མཛུབ་ཆུང་སྟེ
མཛུབ་ཆུང་བསྟན་པ་ཙམ་གྱིས་ཁྱོད་ནི་མི་ཡུལ་གྱི་ཆེས་ཐ་ཤེལ་གྱི་གྲས
ཐ་ན་རང་ཉིད་ཀྱི་གཅུན་སྐྱག་ཀྱང་བདག་མི་ཐུབ་པའི་ཚད་དུ་སླེབས
མཐོང་ཆུང་གི་རྣམ་འགྱུར་ཆེས་བག་ཚ་བ་ཞིག
སྐབས་དེར་ཁྱོད་ཀྱི་མི་ཚེ་མི་ཡུལ་ནས་དོར་དགོས་འདྲའི་བསམ་བློའང་སྐྱེས་སྲིད
འདི་ནི་སྲིན་མཛུབ་གེར་སྟངས་གཅིག་གིས་མི་སེམས་སྒུལ་བའི་རྣམ་འགྱུར་ཞིག
ལག་པའི་མཛུབ་པོ་ལྔ་ནི་མི་ཚེ་ཞིག་སྟེ
མཛུབ་མོ་རེ་རེའི་གེར་སྟངས་ཀྱིས་སེམས་ཀྱི་དགའ་སྡུག་འཕོ་འགྱུར་ཆེ
སེམས་ཤུགས་ཆགས
སྐུལ་མ་གནང
དགའ
སྡུག
ངུ
བགད
ཐ་ན་ཚེ་སྲོག་ཀྱང་ཤོར
མི་ཚེ་ལག་པའི་མཐིལ་ན་ཡོད
བསམ་བློའི་ཁ་ཕྱོགས་ཀྱང་ལག་པའི་མཛུབ་མོར་འཁྲི་བའི་སྐུལ་སྣེ་དེ་དགའོ
ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༢༧ དགོང་མོར།
༄། །ཁྱོད་ཉིད་ཀྱི་སྙན་ངག་སྙན་ཡང་། གཅོད་མཚམས་སུ་ཤད་རེ་མེད་པ་འདིས། དག་པའི་ཞིང་ག་ཤེད་ན། སྔོན་གྱི་ཡིག་མཁན་རྣམས་ཁྱོད་ལ་སྤྱན་ཅེ་རེ་གཟིགས་བཞིན་བཞུགས་ཡོད་དམ་སྙམ། ངའི་བསམ་ངོ་ནའང་གཅོད་མཚམས་སུ་བོད་ཡིག་བྲི་སྲོལ་སྤྱི་འགྲོ་ལྟར་ཤད་རེ་ཡོད་ན་ཁྱོད་ཀྱི་སྙན་ངག་ལ་མི་གནོད་པར་མ་ཟད། ཤོག་ལྷེ་ཉུང་བར་ཡང་ཕན་ས་རེད་སྙམ།