བློ་བརྟན་གྱིས།
—སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་རང་རྣམ་<<ཀ་ལོམ་པོང་གི་ཐུག་པ་ལས་བཟོ་བ >> བོད་བསྒྱུར་དེབ་དེར་བཀླགས་རྗེས་སུ།
མི་ཚེ་རླུང་ལ་འགྲོགས་པའི་ཁྱོད།
ཉིན་དང་མཚན་དུ་རླུང་འཚུབ་དང་མཉམ་དུ་གནས་ལ།
སྐབས་རེ་ལ་རླུང་འཚུབ་ཀྱིས་ཁྱེད་ཉིད་བཀྱགས་ཏེ་བསྐྱོད།
མཚསམ་རེ་ལ་ཉིད་ཀྱིས་རླུང་འཚུབ་བཞོན་ཏེ་འཕུར།
བསིལ་རླུང་འཇམ་པོ་རེས་གཡས་སུ་དེད་དེ་སྙིང་གཏམ་གླེང་ལ།
དགུན་རླུང་གྲང་མོས་འཁྱག་ལ་བརྫིངས་ཏེ་ངུ་རུ་བཅུག
ཅི་ཙམ་མཐུད་ཀྱང་རླུང་འཚུབ་ཀྱིས་བཅད་པའི་ཐག་པ།
པེ་ཅེན་མཁར་དང་རྡ་སའི་བར་སྣང་དུ་རླུང་གིས་སྤུར་དུས།
ཁྱོད་ཉིད་ནི་རླུང་འཚུབ་ཁྲོད་དུ་ཐག་སྣེ་མཐུད་མཁན་གཅིག་བུ།
རླུང་འཚུབ་མེད་ས་ཞིག་ལ་བསྡད་མ་མྱོང་བའི་རླུང་ཁའི་རི་བོ་བརྟན་པོ།
རླུང་འཚུབ་ཇི་ལྟར་རྒོད་ཀྱང་ནུ་བོའི་འགྲན་ན་རླུང་ནང་དུ་བཞེངས།
ས་འདིའི་སྒང་གི་རླུང་འཚུབ་ཡོད་ཚད་གདོང་གིས་གཤགས་ཏེ།
གངས་རིའི་མཐོན་པོའི་དར་ལྕོག་རླུང་ཁ་ནས་སྲུང་བའི་མི་ཡི་སྲུང་མ།
ཧི་མ་ལ་ཡའི་གཡས་གཡོན་གྱི་རླུང་འཚུབ་ཁྲོད་ན།
ཀ་ལིམ་པོང་ན་གཅིག་བུར་ལྷོད་ཀྱིས་བསྡད་དེ།
ལོ་རྒན་དགུ་བཅུའི་རླུང་འཚུབ་ཀྱི་ལམ་བུ་མདུན་ལ་པང་དུས།
རང་ཉིད་རླུང་འཚུབ་ཁྲོད་ན་འབར་བའི་གསེར་གྱི་མཆོད་མེ་རུ་རྟོགས།
མི་ཚེ་རླུང་ལ་འགྲོགས་པའི་ཁྱོད།
ཉིན་དང་མཚན་དུ་རླུང་འཚུབ་དང་མཉམ་དུ་གནས་ལ།
སྐབས་རེ་ལ་རླུང་འཚུབ་ཀྱིས་ཁྱེད་ཉིད་བཀྱགས་ཏེ་བསྐྱོད།
མཚསམ་རེ་ལ་ཉིད་ཀྱིས་རླུང་འཚུབ་བཞོན་ཏེ་འཕུར།
བློ་བརྟན་གྱིས། ༢༠༡༨/༨/༢