བོད ལྷ་ཀླུ་གཉན་གསུམ།
མགོ་བོ་སྔས་སུ་བཞག་ནས་བསམ་གཞིགས་ཤིག་བཞུར་སོང་།།
སེམས་པ་བྲང་ལ་འཇར་ནས་ངན་པ་ཞིག་ཤོར་སོང་།།
བསམ་ཞིང་བསམ་དུས་འཁོར་བའི་ཕྱི་ནང་གི་གཤིས་ལ།།
ཆགས་ཀྱང་སྙིང་བོ་མེད་པའི་བརྡ་རྟགས་ཤིག་མཐོང་གི།
ཟིན་འདོད་བློ་ཡི་འཆར་ཚུལ་འཇའ་མཚོན་བཞིན་ཡལ་སོང་།།
གྱེས་འདོད་སྡུག་བསྔལ་ལྕི་མོ་གཉའ་ཤིང་བཞིན་སླེབས་དུས།།
མི་འདོད་གཟེར་དུ་བརྣག་པའི་ན་ཟུག་གི་གཏིང་རིམ།།
ཕྱི་ལ་སྟོན་ཐུབ་བྲལ་བ་གཟུགས་མེད་ཀྱི་གཡབ་མོ།།
འདུས་བྱས་མི་རྟག་བོད་མིའི་ཁ་རྒྱུན་དུ་བྱང་ཡང་།།
ནམ་འཆི་ཆ་མེད་རང་གི་སེམས་ནང་དུ་དྲན་ཞོར།།
ཉིན་རེའི་འཚོ་བའི་ཁྲོད་ཀྱི་དར་སྐུད་ཀྱི་སྣེ་ནས།།
སྟོང་བའི་དབྱིངས་སུ་ལྷོད་མེད་དར་འཐག་ལ་འཇུས་ཡོད།།
སྲིད་གསུམ་འཁོར་བ་སྲིན་མོའི་གླིང་ལྟ་བུར། །
ངེས་འབྱུང་རྣལ་མ་སྐྱེས་ན་མཐོང་མོད་ཀྱང། །
འདོད་ཡོན་ལྔ་ལ་ཞེན་ཆགས་ཟབ་པའི་དུས། །
འཁོར་བ་སྐྱེད་མོའི་ཚལ་ལྟར་ཡིད་གར་འོང། །
ཆ་མེད་དྲ་ངོར་འཕྲད་པའི་བོད་ལུས་ཀྱི་གྲོགས་པོ།
བསྟན་མེད་འཁོར་བའི་གནས་འདིར་ཁེར་རྐྱང་དུ་མ་འདུག།
དུས་དང་འབྱོར་བས་མངག་ན་ད་ལོ་ཡིན་སྟོན་དུས།
རང་ལུགས་སྟོན་པའི་གནས་ཆེན་ལ་སྐོར་འགྲོ།
ཞེས་རང་ལོ་༤༠་ཟིན་པའི་དུས་འདིར་རྒྱ་ནག་རི་བོ་རྩེ་ལྔ་ནས་བཟུང་གངས་ལྗོངས་གྱི་དགོན་ཆེན་ཚང་མར་སྐོར་ལ་མཐར་བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་གནས་ཆེན་དག་སྐོར་བའི་ལམ་ལ་མ་བུད་གོང་བྲིས་སོ།
འཛམ་གླིང་དང་ནི་ཨེ་ཤི་ཡ་དང་། །
རྒྱལ་ཁབ་གཞན་གྱི་མཛེས་མ་ཡིས། །
ང་ཡི་སེམས་པ་་མི་འགུལ་ཡང་། །
བོད་ཀྱི་མཛེས་མ་དེ་ལས་ལྡོག །