རོང་བོ་ཚེ་འབར། བོད།
མ་འོངས་པའི་དགོན་སྡེའི་སློབ་གསོའི་འགན་འཁྲི་གླེང་དགོས་ན་ཐོག་མར་དགོན་སྡེ་ཞེས་པ་དེ་གླེང་དགོས། སྤྱིར་དགོན་སྡེ་ཞེས་པ་ནི་གྲོང་ལས་རིང་དུ་གྱེས་ཏེ་གནས་དབེན་པར་བཤད་སྒྲུབ་ཀྱི་བྱ་བས་སེམས་ཅན་གྱི་རྒྱུད་ལ་བྱམས་སྙིང་རྗེ་དང་ཞི་བདེའི་ལམ་སྟོན་ཅིང་། འདོད་ཆུང་ཆོག་ཤེས་དང་ཡ་རབས་ཚུལ་ལྡན་གྱི་སྒོ་ནས་བྱ་ཉུང་དོན་ཉུང་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྡེ་ཚོགས་ཤིག་རེད། ཡིན་ན་ཡང་། སྤྱི་ཚོགས་ཀྱི་འགྲོས་དང་དུས་རབས་ཀྱི་འཕོ་འགྱུར་ལ་བསྟུན་ནས་རིམ་བཞིན་འགྱུར་ལྡོག་སྣ་ཚོགས་དང་། འབྲེལ་འདྲིས་ཇེ་མང་གིས་མིའི་རིགས་ལ་སེམས་ཀྱི་བདེ་སྐྱིད་བསྐྲུན་པའི་ཕྱོགས་སུ་བསྐྱོད་དགོས་པའི་དུས་ལ་སླེབས་ཡོད། དེར་བརྟེན་དགོན་སྡེ་སློབ་གསོའི་འགན་འཁྲི་དེ་ཆུང་ས་ནས་འགོ་བརྩམས་ཏེ་ཡུན་གྱིས་འཐུས་ཚང་དུ་གཏོང་དགོས་པར་འདོད་པས་གཤམ་དུ་དགོན་སྡེ་རང་སྟེང་ནས་འདང་རྒྱག་དགོས་པའི་འགན་འཁྲིའི་ཕྱོགས་ལ་རང་གི་ལྟ་ཚུལ་ཙམ་བཤད་འདོད།
གཅིག ཟུར་དུ་སློབ་གྲྭ་བཙུགས་ཏེ་དགོན་པའི་གྲྭ་བ་རྣམས་ཀྱི་མ་འོངས་པའི་འཚོ་གནས་ལ་འགན་འཁུར་དགོས་པར་འདོད། སྤྱིར་ན་བཤད་སྒྲུབ་ཀྱི་གནས་གང་ཡིན་ཡང་། གྲྭ་བ་རྣམས་ཆུང་དུས་ཚོགས་ལ་ཞུགས་པ་ནས་བཟུང་མི་ཚེའི་མདུན་ལམ་ལ་གཏན་འཁེལ་རང་བཞིན་གྱི་རྒྱུད་རིམ་ཞིག་ཡོད་པ་ནི་འཆི་རག་བར་གྲྭ་བ་བྱེད་རྒྱུ་དེ་རེད། དེ་ལྟར་བྱུང་ན་ཚེ་འདིའི་ཡོད་ཚད་འགྲུབ་པར་འདོད་ཡོད། ཡིན་ན་ཡང་། མི་ཞིག་གི་མི་ཚེའི་ནང་དུ་དོན་དག་འདྲ་མིན་མང་པོ་འབྱུང་སྲིད་པ་དང་། ད་ལྟའི་བར་གྲྭ་བ་སྐྱ་སར་བབས་ནས་ཕྱིར་ཡུལ་ལ་ལོག་པའི་ཁ་གྲངས་ནི་དགོན་སྡེ་ན་བཞུགས་ཡོད་པ་དང་དོ་མཉམ་པ་ཆགས་ཡོད། དེས་ན་གྲྭ་ལོག་རྣམས་ཀྱིས་ཅི་ཞིག་སྒྲུབ་ཐུབ་པའི་ཐད་ལ་བསམ་བློ་རེ་བཏང་ན་འགའ་ཤས་མ་གཏོགས་རོང་བ་རྣམས་ཀྱིས་ཞིང་རྨོ་ལོག་རྒྱག་ཙམ་དང་། འབྲོག་པ་རྣམས་ཕྱུགས་ཟོག་འཚོ་སྐྱོང་ཙམ་ལས་ད་ལྟའི་སྤྱི་ཚོགས་ནང་ཁེ་ལས་གཉེར་བ་དང་། སློབ་གསོ་བ། རིག་གཞུང་དར་སྤེལ་མཁན། སྔོན་ཐོན་གྱི་སྣེ་ཁྲིད། སྤྱི་གཞུང་ལ་ཕན་བདེ་བསྐྲུན་པའི་ནུས་པ་ཅན་བརྒྱ་ཆའི་གཅིག་གཉིས་ཙམ་ཡང་མེད་པ་མ་ཟད་དེ་ལས་ལྡོག་སྟེ་རང་གི་འཚོ་གནས་ལ་ཡང་མགོ་སྔ་ཆ་ཚང་བ་ཞིག་བཀོད་སྒྲིག་བྱེད་མ་ནུས་པར་དཀའ་ཁག་ལ་འཕྲད་པ་ཧ་ཅང་མང་། དེའི་རྐྱེན་གྱིས་སྒྲུབ་པའི་སྡེ་ནས་འདོན་པ་ཆོ་ག་ཆོས་སྤྱོད་སྦྱོང་བ་དང་གྲོང་ཆོག་གཉེར་བ་ཙམ་དང་། བཤད་པའི་སྡེ་ནས་འཆད་ཉན་བློ་སྦྱོང་དང་མཚན་ཉིད་རྩོད་གླེང་བྱས་པ་ཙམ་ལས། གལ་ཏེ་དགོན་སྡེ་དང་ཁ་བྲལ་ཚེ་སྤྱི་ཚོགས་སྟེང་རང་སྐྱ་ཐུབ་པའི་མིའི་འཚོ་སྡོད་ཀྱི་ཡོན་ཏན་ཅི་ཡང་བསླབ་མེད་པ་གསལ་བོ་རེད།
བཤད་སྒྲུབ་ཀྱི་སྡེ་གང་ཡིན་ཡང་དགོན་སྡེའི་རིག་གནས་ཆ་ཚང་བའི་སློབ་སྦྱོང་སྤྲོད་པ་དང་མཉམ་དུ་ཟུར་ནས་སློབ་གྲྭ་འཛུགས་པའམ་ཐབས་ལམ་གཞན་གང་རུང་ལ་བརྟེན་དགོས་པ་སྟེ། གསར་ཞུགས་ཀྱི་གྲྭ་བ་ལོ་ཆུང་རྣམས་གཙོ་བོར་བཟུང་ནས་སུམ་རྟགས་དག་གསུམ་དང་། སྒྲ་ཚད་བཟོ་གསོ་སོགས་ལ་རང་མོས་ཀྱི་སློབ་སྦྱོང་སྤྲོད་པ་དང་། བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་། སྤྱི་ཚོགས་རིག་གནས། ཚན་རྩལ། རྒྱུན་ཤེས། བརྡ་འཕྲིན་སོགས་སྦྱང་བ་བྱེད་པའི་གོ་སྐབས་རེག་ཐུབ་པ་བྱས་ཏེ་མ་འོངས་པ་ན་ཤེས་ཡོན་སྣ་མང་ཅན་དང་། ཕྱོགས་ཡོངས་ནས་ནུས་པ་ཆ་ཚང་འཛོམས་པའི་གྲྭ་བ་ཚད་ལྡན་ཞིག་སྐྱོང་རྒྱུ་དང་། གལ་ཏེ་དགོན་སྡེ་དེ་ལས་ཕྱིར་བུད་ན་ཡང་སྤྱི་ཚོགས་ལ་གོ་ཆོད་པའི་མི་ཞིག་དང་རང་ཉིད་ཀྱི་བྱ་བ་གང་གཉེར་ཡང་འཇོན་ནུས་ཡོད་པ་ཞིག་འཁྱོང་དུ་འཇུག་རྒྱུ་ནི་འགན་འཁྲི་གཙོ་བོ་རེད་འདོད། གནས་བབ་གང་དུ་ཡོད་ཀྱང་སྤྱི་ཚོགས་སྟེང་སློབ་སྟོན་བྱེད་ནུས་པ་དང་དཔལ་འབྱོར་འཚོལ་ཤེས་པ། ཁེ་ལས་སྒྲུབ་ཐུབ་པ། སྣེ་ཁྲིད་བྱེད་མཁས་པའི་མི་ཞིག་ཏུ་གྱུར་ཚེ་དེ་དག་ནི་དགོན་སྡེའི་སློབ་གསོའི་ཤུགས་རྐྱེན་ལས་མི་རིགས་རང་གི་རིག་གནས་རྒྱུན་སྲོལ་ལ་དགའ་བ། མི་རིགས་ལ་དུངས་པ། ཀུན་སྤྱོད་ལེགས་པ། བློ་སྤོབས་ཆེ་བ། སྤྱི་དོན་སྒྲུབ་པ། གཞན་ཕན་གྱི་ལྷག་བསམ་ཡོད་པའི་མི་བུ་འཇོན་ཐང་ཅན་ཞིག་བྱུང་བ་ཡིན་པས། དགོན་སྡེའི་སློབ་གསོ་ཡིས་སྤྱི་ཚོགས་དང་མི་རིགས་ལ་ཕན་པའི་ལས་དོན་རྒྱ་ཆེན་པོ་ཞིག་གི་རྨང་བཏིང་བར་མ་ཟད། དགོན་པའི་གྲྭ་བ་རྣམས་ལ་ཡང་འགན་འཁུར་བའི་ལས་དོན་རླབས་ཆེན་ཞིག་སྒྲུབ་ཡོད་པ་ཡིན།
གཉིས། དགོན་པ་སོ་སོས་ཡོན་མཆོད་ཀྱི་འབྲེལ་བ་ལས་བརྒལ་ཏེ་དད་ལྡན་མང་ཚོགས་ལ་གཞོགས་འདེགས་ཀྱི་འགན་འཁུར་དགོས། ད་སྐབས་དགོན་པ་སོ་སོས་ཚོང་ལས་དང་ཡོན་མཆོད་ཀྱི་འབྲེལ་བའི་སྟེང་ནས་དཔལ་འབྱོར་འཚོལ་སྒྲུབ་དང་འཛུགས་བསྐྲུན་རྒྱ་ཆེར་གཏོང་བཞིན་ཡོད་མོད། དད་ལྡན་མང་ཚོགས་ཀྱི་དཀའ་ཁག་ལ་རོགས་རམ་དང་སྲོལ་རྒྱུན་སྲུང་སྐྱོང་། སྐད་ཡིག་གི་འཇིགས་ཉེན་དང་གཏོར་བརླག་ཐེབས་བཞིན་པ་སོགས་ལ་བསམ་གཞིགས་བྱེད་དགོས།
དགོན་པ་སོ་སོས་མ་འོངས་པར་འདིའི་ཕྱོགས་ལ་འགན་འཁྲི་ངེས་ཅན་ཞིག་འཁུར་དགོས། གཙོ་བོ་དགོན་སྡེ་ཆེ་ཆུང་གང་ཡིན་ཡང་། མང་ཚོགས་ཀྱི་དཀའ་ཁག་ལ་རྒྱུས་ལོན་དང་སེམས་འཁུར་བྱེད་པའི་བྱ་འགུལ་སྤེལ་ཏེ། རྟེན་བཞེངས་རྒྱ་བསྐྱེད་ཁོ་ནར་མི་དམིགས་པར་དགོན་སྡེ་རང་རང་གི་ཡོན་མཆོད་ནས་མགོ་བཙུགས་ཏེ་ཐེབས་རྩ་ཚོགས་པ་གསར་འཛུགས་དང་སྤྱི་སྒེར་གང་རུང་གིས་སྐུལ་འདེད་བཏང་སྟེ་ནད་ཀྱི་མནར་བ་དང་དབུལ་ཕོངས་སུ་གྱུར་བ། ཆག་སྒོ་བྱུང་བ་སོགས་དགོན་གྲོང་གང་རུང་གི་དཀའ་ཁག་ཆེ་བའི་རིགས་ལ་ཞལ་འདེབས་བསྡུ་རུབ་སྒོས་རོགས་དངུལ་གནང་བ་དང་། བྱམས་བརྩེའི་སློབ་གསོ་གནང་བ་སོགས་གང་འཚམས་ཀྱིས་རོགས་རམ་བྱས་ཏེ་དགོན་གྲོང་གཉིས་ནམ་ཡང་ཡོན་མཆོད་ཀྱི་འབྲེལ་བ་ཁོ་ནའི་ཐོག་མི་འདུག་པར་ཕན་ཚུན་ལ་གཞོགས་འདེགས་དང་། མཐུན་སྒྲིལ་ཡིད་ཆེས་ཡོད་པའི་རྣམ་པ་གསར་བའི་དགོན་གྲོང་མཉམ་འབྲེལ་གྱི་སྤྱི་ཚོགས་ཤིག་གྲུབ་པར་བྱེད་དགོས།
གཞན་དུས་ཚོད་གང་འཚམས་བཏང་ནས་མང་ཚོགས་ལ་སྤྱི་ཕན་དང་མཐུན་སྒྲིལ་གྱི་འདུ་ཤེས་མཐོར་འདེགས་ཆེད་གོ་བསྐོན་བྱེད་དགོས། དུས་མཚུངས་སུ་ལོ་ཆུང་བྱིས་པ་རྣམས་ལ་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་འཆད་འཁྲིད། དགོན་སྡེ་རིག་གནས་ངོ་སྤྲོད། མི་རིགས་ཀྱི་སྐད་དང་ཡི་གེ ཆ་ལུགས་ཡུལ་སྲོལ་སོགས་ཉམས་བཞིན་པ་ངོས་ཟིན་ཐུབ་པ་བྱས་ཏེ་མི་རབས་རྗེས་མ་འཚར་ལོངས་བྱུང་བཞིན་པའི་མི་རབས་རྗེས་མར་སྐུལ་འདེད་ཀྱིས་མི་རིགས་ཀྱི་མ་འོངས་པ་འཕེལ་རྒྱས་ཅན་དང་རྒྱུད་འཛིན་ལེགས་པོར་བྱུང་བར་འགན་འཁུར་དགོས།
གཞན་གཅིག་ནི་དེང་དུས་དཔལ་འབྱོར་ཅུང་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ལ་འགྲན་བསྡུར་དང་། ངོམ་སོ་རང་བཞིན་གྱི་རྣམ་པ་ཞིག་མངོན་འདུག་པ་རེད། དཔེར་ན། ལབ་ཙེ་སྟོད་པ་དང་མཚོ་གཏེར་རྒྱག་པ། རླུང་རྟ་བསྐྱེད་པ། རི་དར་འཛུགས་པ་སོགས་ཀྱིས་ཤིང་སྡོང་མང་དུ་གཅོད་པ། མཚོ་ཆུ་འབག་རྩོག་ཅན་དུ་བསྒྱུར་བ། རྩྭ་ཐང་དང་རི་ཀློང་བརླག་པ་སོགས་ཁོར་ཡུག་ལ་གནོད་པའི་ལས་མཐའ་དག་དགོན་སྡེ་སོ་སོས་རང་རང་གི་ལྷ་སྡེ་མི་གསུམ་གཙོར་བྱས་པའི་མང་ཚོགས་ལ་མཚམས་འཇོག་པའམ་གང་འདོད་བྱ་མི་རུང་བའི་གོ་བསྐོན་གསལ་བཤད་དང་། བརྡ་ཁྱབ་སྤེལ་ནས་ཁོར་ཡུག་སྲུང་སྐྱོབ་དང་རང་ས་གཏོར་བརླག་མི་བྱེད་པར་འགན་འཁྲི་ཡང་འཁུར་འོས་པར་འདོད།
2017.9.21ཉིན།
གནས་ལུགས་ཅན་ཞིག་བྲིས་འདུག བཀའ་དྲིན་ཆེ།
གུང་ཐང་སྐུ་ཕྲེང་དྲུག་པས། པཎ་ཆེན་ཡང་སྲིད་སྐོར་ལ།
https://www.facebook.com/100004062610353/videos/1529795727165833/UzpfSTEwMDAwMDYxMDE0Njc3MjpWSzoyMTI4OTU5MjcwNzA1MTUx/