ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ལོ་གསུམ་པའི་དབྱར་ཁའི་ཚན་རིག་འཛིན་གྲྭ་ས་ར་མཐོ་སློབ་ཏུ་ཚོགས་ཤིང་། ཆོས་བརྒྱུད་རིས་མེད་ཀྱི་གདན་སའི་གྲྭ་བཙུན་བརྒྱ་ལ་ཉེ་བས་མུ་མཐུད་ནས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་བདུན་ཕྲག་བཞིའི་རིང་གི་ཚན་རིག་ཟབ་སྦྱོང་ལ་ཞུགས་ཡོད་པ་རེད།
ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་མཉམ་འབྲེལ་གྱི་ལས་གཞི་སྟེ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དབྱར་ཁའི་ཚན་རིག་འཛིན་གྲྭ་དེ་ཟླ་ ༥ ཚེས་ ༡༧ ཉིན་ནས་བཟུང་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཚན་རིག་འཛིན་གྲྭར་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ་གྲངས་བརྒྱ་ལ་ཉེ་བ་ཞུགས་ཡོད་པ་རེད།
ལས་འཆར་འདི་བཞིན་སྤྱི་ལོ་ ༡༩༩༨ ལོར་དབུ་བརྙེས་པའི་ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་ནུབ་ཕྱོགས་དེང་རབས་ཚན་རིག་གཉིས་དབར་ལ་འབྲེལ་ཟམ་འཛུགས་པའི་ལས་འཆར་གྱི་ཆ་ཤས་གལ་ཆེ་བ་ཞིག་ཡིན། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་སྒོམ་སྒྲུབ་ཉམས་ལེན་དང་དེང་རབས་དབང་རྩའི་ཚན་རིག་ཟུང་འབྲེལ་སྒོས་མིའི་རིགས་ལ་འཕྲད་བཞིན་པའི་སེམས་ཀྱི་དཀའ་ངལ་བསལ་ཐབས་དང་། དེ་བཞིན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པ་དང་དེང་རབས་དངོས་ལུགས་གསོ་རིག་དབར་བསམ་བློ་ཉམས་མྱོང་བརྗེ་རེས། བོད་ཀྱི་གསོ་བ་རིག་པ་རྒྱལ་སྤྱིའི་རང་བཞིན་ཅན་དུ་འཕེལ་རྒྱས་ཡོང་ཆེད་རྒྱལ་སྤྱིའི་མི་མང་ལ་ངོ་སྤྲོད་བྱེད་པ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཏེ། འཇིག་རྟེན་འགྲོ་བ་ཡོངས་ཀྱི་འཚོ་གནས་ཀྱི་གནད་དོན་ལ་ཆེས་གནད་འགག་ཏུ་གྱུར་བའི་རིག་གནས་བརྗེ་རེས་དང་ཞི་བདེ་སྤེལ་བའི་ལས་གཞི་འདིར་འབད་པ་གཅིག་ཏུ་གཞོལ།
སྤྱི་ལོ་ ༢༠༠༦ ལོའི་དབྱར་ཁར་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དང་མཉམ་འབྲེལ་སྒོས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་འདི་ཉིད་དངོས་སུ་དབུ་བརྙེས། ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ཞིག་ནི་ཆོས་བརྒྱུད་རིས་མེད་ཀྱི་གདན་སའི་དགེ་བཙུན་རྣམས་ལ་དེང་རབས་ཚན་རིག་སློབ་ཚན་ངོ་སྤྲོད་ཟབ་ཅིང་བརླིང་བ་བྱ་རྒྱུ་དང་། དེང་རབས་ཚན་རིག་གི་སློབ་ཚན་རྣམས་ཚད་གཞི་ངེས་ཅན་ཞིག་གི་དབར་དུ་བོད་རང་གི་སྐད་ཡིག་གི་ཐོག་ནས་སློབ་གཉེར་ཐུབ་པ་ཞིག་ཡོང་བར་བྱ་རྒྱུ་དེ་རེད།
སྤྱི་ལོ་ ༢༠༠༨ ལོའི་དབྱར་ཁ་ནས་དངོས་སུ་འགོ་ཚུགས་པའི་ཚན་རིག་ཟབ་སྦྱོང་འདིར་ཆོས་བརྒྱུད་རིས་མེད་ཀྱི་དགེ་བཙུན་གྲངས་༡༠༠ ལ་ཉེ་བ་ཞིག་ཡོད་ཅིང་། དེ་དག་ལས་དགེ་འདུན་པ་གྲངས་ ༣༠ ནི་སྤྱི་ལོ་ ༢༠༠༡ ལོ་ནས་འགོ་བཙུགས་པའི་བོད་ཀྱི་དཔེ་མཛོད་ཁང་དང་སེ་སྒར་ནང་མིའི་ཐེབས་རྩ་ཁང་གཉིས་ཀྱི་ཚན་རིག་ཟབ་སྦྱོང་ཁྲོད་ནས་ཐོན་པ་རེད།
ལོ་འདིའི་ཟབ་སྦྱོང་ནི་ཟླ་ ༥ ཚེས་ ༡༧ ཉིན་ནས་མགོ་འཛུགས་བྱས་ཤིང་ཚོགས་ཡུལ་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་རེད། རྩིས་རིག་ནི་དེང་རབས་རིག་གནས་སྤྱི་དང་ཁྱད་པར་དུ་ཡང་ཚན་རིག་གི་ཁྲོད་དུ་གལ་ཆེ་བའི་ལག་ཆ་ཞིག་ཡིན་པས་ན། དགེ་བཙུན་དག་གི་རྩིས་རིག་ཤེས་ཚད་མཐོར་འདེགས་དང་། དངོས་ཁམས་ཚན་རིག་གིས་མཚོན་པའི་ཚན་རིག་གི་སློབ་ཚན་གཞན་དག་ལ་གོ་བ་ཡག་པོ་ལོན་ཆེད་དུ་ཟབ་སྦྱོང་གི་བདུན་ཕྲག་དང་པོར་རྩིས་རིག་བསླབ་ཡོད་འདུག
ནང་པ་སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་ཞིང་། འཇིག་རྟེན་འདིའི་ཕྱི་ནང་གི་བཀོད་པ་མཐའ་དག་ནི་རྒྱུ་རྐྱེན་རྟེན་འབྲེལ་འདུས་པ་ལས་གྲུབ་པར་འདོད་པ་ལྟར། ཚན་རིག་གི་ལྟ་ཚུལ་དང་སྒྲུབ་བྱེད་འགོད་སྟངས་སོགས་ཤེས་རྟོགས་ཡོང་ཆེད། ཟབ་སྦྱོང་གིོ་བདུན་ཕྲག་གཉིས་པར་སྐྱེ་དངོས་ཚན་རིག་དང་། བདུན་ཕྲག་བཞི་པར་དངོས་ཁམས་ཚན་རིག་བཅས་སྦྱངས་དང་སྦྱོང་བཞིན་ཡོད་ལ། སློབ་ཚན་འདི་དག་བརྒྱུད་ནས་ཁོང་ཚོས་དེང་རབས་ཚན་རིག་གིས་མིའི་ལུས་ཀྱི་མ་ལག་དགུའི་སྐོར་དང་། རྩི་ཤིང་གི་ཕུང་གྲུབ་རྣམ་གཞག སྐྱེ་དངོས་སྤྱིའི་ལུས་ཁམས་རིག་པ། ཚེ་སྲོག་ཅེས་པ་ནི་ཇི་འདྲ་ཞིག་ལ་ངོས་འཛིན་ལུགས་དང་། འཕེལ་འགྱུར་རིག་པ། དེ་བཞིན་དངོས་ཁམས་ཚན་རིག་ཁོངས་ནས་ནུས་པའི་སྐོར་དང་། ལྟོས་གྲུབ་རྣམ་གཞག འོད་ཀྱི་རྣམ་གཞག་སོགས་ལ་སློབ་སྦྱོང་བྱ་རྒྱུ་རེད།
མི་སྣ་མང་པོ་ཞིག་གིས། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཆོས་ལུགས་ཙམ་གྱི་ངོ་བོའི་ཐོག་ཏུ་བསྡད་མེད་པ་དང་། དེ་ལ་ཆོས་ལུགས་ལས་བརྒལ་བའི་ཚན་རིག་རང་བཞིན་གྱི་ཁྱད་ཆོས་དུ་མ་བསྡུས་པ་ལས་ཆེས་འབུར་ཏུ་ཐོན་པ་ནི་ནང་སེམས་ཀྱི་ཚན་རིག་དེ་རེད། བོད་ཀྱི་ནང་བསམ་པའི་ཚན་རིག་དང་དེང་རབས་དབང་རྩའི་ཚན་རིག་གཉིས་ཀྱི་དབར་ལ་ཚན་རིག་གི་སྡེ་ཁག་གཞན་ལས་ལྷག་པའི་གཤིབ་བསྡུར་བྱ་རྒྱུ་ཡོད་པ་དང་། འདིའི་ཐད་ལ་ནང་པའི་ངོས་ནས་ཁོང་ཚོར་ལེགས་སྐྱེས་ཕོན་ཆེ་ཤོས་དེ་སྤྲོད་ཐུབ་པར་དགོངས་ཀྱིན་ཡོད་ལ། དོན་གྱི་སྟེང་ནས་ཀྱང་དེ་ནི་ཆེས་མཚར་སྣང་དོད་ཤོས་ཀྱི་མཐུད་མཚམས་ཤིག་ཡིན་པ་རེད། དེ་བས་ཟབ་སྦྱོང་འདིའི་བདུན་ཕྲག་གསུམ་པར་དབང་རྩའི་ཚན་རིག་བཞག་ཡོད་པ་དང་། སློབ་ཚན་འདི་བརྒྱུད་ནས་ཁོང་ཚོས་དབང་ཤེས་དང་ཡ་ལན། དབང་རྩའི་ཕྲ་ཕུང་གི་རྣམ་གཞག དྲན་པ་དང་སེམས་ཚོར་སོགས་ཀྱི་སྐོར་ལ་དེང་རབས་དབང་རྩའི་ཚན་རིག་གི་ལྟ་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་རེད།
ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སློབ་དཔོན་དག་གིས་ཚན་རིག་གི་ལས་གཞི་འདིར་ཆེད་དམིགས་ཀྱིས་དཔེ་ཁྲིད་རྒྱུ་ཆའི་སློབ་དེབ་རྩོམ་པ་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལས་བྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་ལས་བྱེད་ཚོས་གནས་སྐབས་སུ་བེད་སྤྱོད་བྱ་རྒྱུའི་སློབ་དེབ་དེ་དག་བོད་ཡིག་ཐོག་སྒྱུར་བ་དང་ཟབ་སྦྱོང་སྐབས་ཀྱི་སྐད་སྒྱུར་སོགས་བྱེད་ཀྱིན་ཡོད་པ་དང་། ད་ལྟའི་ལོ་རིམ་གཉིས་ཀྱི་ཚན་རིག་སློབ་དེབ་ཆ་ཚང་ཞིག་བོད་བསྒྱུར་གྲུབ་ཟིན་ཡོད་པ་རེད།
ལས་རིམ་འདིའི་སྐོར་གནས་ཚུལ་རྒྱས་པར་མཁྱེན་འདོད་ན་དྲ་རྒྱ་ tibet.emory.edu/science/ འདིར་ཕེབས་རོགས།
གསར་འགྱུར་འདི་ངེད་ཚང་གི་ཡིན་ཁུལ་ཞིག་རེད། རྟགས་ཅན་རྟགས་ཅན་ཞིག་རེད་དཱ། གལ་སྲིད་ཁྱེད་ཚང་གི་ཡིན་ན་ཡིན་ལུགས་རེ་བཤད་རྒྱུ་མེད་དམ།
ང་ཚོའི་བསམ་ཚུལ་རྣམས་དཔྱད་གཞིའི་ཚུལ་དུ་བསྐྱར་འགོད་བྱས་ཡོད་པས་གཟིགས་རོགས་ཞུ།
(འདྲེ་རིག་ལྡན་གྱི་བསམ་ཚུལ་ཁག་གཅིག
རྒྱ་རྡེའུའི་དགེ་འདུན་གྱི་བསམ་ཚུལ་ཁག་གཅིག
བློ་གྲོས་རྒྱལ་པོའི་བསམ་ཚུལ་ཁག་གཅིག
སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེའི་བསམ་ཚུལ་ཁག་གཉིས་ཡོད།)
སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ།
༢༠༡༠/༠༦/༠༤ ཉིན་འདོན་སྤེལ་བྱས།
མཐོང་རྒྱ་ཆུང་བའི་གྲྭ་བ་ཚོའི་བཤད་སྟངས་ལ་་སྙིང་རེ་རྗེ།
ཁྱེད་ཀྱིས།
“གལ་སྲིད་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན་ཁས་ལེན་དགོས་པ་རེད། ནང་ཆོས་ལས་ག་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་པ་རེད་སྙམ།” ཞེས་བཤད་པ་ལ་ལྟོས་དང་།
ཁྱེད་ཚོས་ཚན་རིག་ལ་སློབ་སྦྱོང་གནང་བ་ནི་ཡག་རྟགས་ཡིན་ཀྱང་།
ཚན་རིག་ལ་རྨོངས་དད་བྱེད་པ་ནི་ལོག་ལམ་ལ་འཁྱམས་པ་ཞིག་རེད།
བདག་གིས་ལོ་མང་སློབ་སྦྱོང་བྱེད་སའི་ཚན་རིག་དགེ་རྒན་ཆེན་པོ་ཚོས་ང་ཚོ་ལ་གཅིག་མཚུངས་ཀྱི་བསླབ་སྟོན་ཞིག་ཡང་ཡང་གནང་མྱོང་བ་ནི།
ཚན་རིག་གི་བལྟ་ཚུལ་ལ་་མཐའ་གཅིག་ཏུ་ཡིད་ཆེས་བྱེད་རྒྱུ་ཡོད་མ་རེད། འཛམ་གླིང་འདིར་ཚན་རིག་པ་བཟང་ངན་སྣ་ཚོགས་ཤིན་ཏུ་མང་པོ་ཡོད་པར་མ་ཟད། འདས་པའི་ཚན་རིག་པ་གྲགས་ཅན་ཚོས་བརྟག་དཔྱད་ཞིབ་འཇུག་་བྱས་ནས་རྙེད་པའི་ཚན་རིག་གི་གྲུབ་དོན་མང་པོ་ཞིག ད་ལྟའི་ཚན་རིག་པ་ཚོས་བརྟག་དཔྱད་ཞིབ་འཇུག་ཐོག་ནས་རྫུན་དུ་བཏང་ཡོད་ལ་།
དེ་བཞིན་ལོ་སྔོན་མར་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་གསར་རྙེད་གྲགས་ཅན་ཡིན་པའང། ད་ལོའི་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་་ཡིན་པ་ར་འཕྲོད་བྱས་དང་བྱེད་བཞིན་པ་མང་པོར་ཡོད་པས།
ཁྱོད་ཚན་རིག་པ་ཡག་པོ་ཞིག་བྱེད་བསམ་ན།
དེ་རིང་རང་གིས་ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་བྱུང་བའི་ཚན་རིག་གི་རྙེད་དོན་ནི་སླར་ཡང་ཚན་རིག་གི་དཔྱད་གཞི་རུ་བཞག་དགོས་པ་ལས་དད་པ་བྱས་ནས་བསྡད་མི་རུང་ཟེར་བ་འདི་རེད།
ཁྱོད་ཀྱིས། ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན་སངས་རྒྱས་ཀྱི་གསུང་ཡིན་ཀྱང་འདོར་དགོས་བསམ་པ་ནི། ཚན་རིག་གི་ཁོར་ཡུག་དང་བྱུང་རིམ་མ་ཤེས་པས་ཁྱེད་ཀྱིས་ཚན་རིག་ལ་རྨོངས་དད་བྱེད་ཆེ་དྲག་པ་དང་ནང་ཆོས་ལ་་སློབ་སྦྱོང་དང་ཉམས་ལེན་མ་བྱས་པའི་འབྲས་རྟགས་ཙམ་རེད།
ནང་ཆོས་ལས་ག་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་པ་རེད་སྙམ་པའི་ཁྱོད་ཀྱི་བསམ་བློ་་དང་བཤད་སྟངས་ནི་ཚན་རིག་ཆོས་ལུགས་སུ་འཁྲུལ་བའི་་དུང་ཞེན་དང་མཁྲེགས་འཛིན་ཀྱི་ལོག་ལྟ་ངོ་མ་དེ་རེད།
ཁྱོད་ཚོས་ཤེས་དགོས་པ་ཞིག་ལ། ཚན་རིག་པ་ཡིན་ཟེར་མཁན་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ཀུན་སློང་ནི། ཚན་རིག་དར་སྤེལ་བྱེད་མདོག་ཙམ་ལས་ཆོས་ལུགས་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་མང་པོ་ཡོད་པས་ཁོ་ཚོའི་གཡོ་འོག་ཏུ་མ་ཚུད་པར་མཐའ་གཅིག་དུ་བྱེད་དགོས།
བོད་ནང་དུ་རྒྱ་དམར་གྱིས་མེ་མདའ་བོད་མིའི་མགོ་ལ་གཏད་ནས་ཆོས་སྤོང་བཅུག་དང་།
ཕྱི་ལོགས་སུ་མཁས་རློམ་ཚོས་སྒོར་མོ་བོད་མིའི་ལག་ལ་སྤྲད་ནས་ཆོས་སྤོང་བཅུག་པ་གཉིས་བྱེད་སྟངས་ཙམ་ལས་ཀུན་སློང་དང་དམིགས་ཡུལ་་ཕལ་་ཆེར་གཅིག་པར་རེད།
དེང་སང་རང་ཉིད་མཁས་པའི་སྐད་གྲགས་ཡོང་ཕྱིར་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ལ་རྒྱུ་མཚན་ལྟར་སྣང་བས་ངོ་རྒོལ་བྱས་ནས། རང་ཉིད་ལ་སངས་རྒྱས་ལས་ལྷག་པའི་ཤེས་རབ་ཡོད་མདོག་སྟོན་མཁན་གྱི་བླུན་པོ་ང་རྒྱལ་ཅན་དུ་མ་ཡོད་པས་ཁོ་ཚོ་ལ་སྙིང་རྗེ་དྲག་པོས་བརྒལ་ལན་སྤྲད་དགོས་པ་ལས་ནམ་ཡང་རྗེས་སུ་འབྲང་མི་རུང་།
བོད་མི་མང་པོས་རྒྱུ་མཚན་མེད་པར་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
ཚན་རིག་སྣེ་ཁྲིད་པའི་མཚན་ཐོག་ནས་སློབ་མཐར་ཕྱིན་པ་ཞེས་པའི་མིང་འཆང་མཁན་ཚོ་ལ་རེ་བསྐུལ་་ཞུ་རྒྱུ་ནི།
ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཐོག་ནས་ནོར་འཁྲུལ་ར་འཕྲོད་པ་ཞིག་བྱུང་ན། ནང་ཆོས་ལས་གང་འདྲ་ཞིག་བཤད་ཡོད་ཀྱང་འདོར་དགོས་བསམ་པའི་རྨོངས་དད་འདི་རིགས་བོད་འབངས་རྣམས་ལ་་མ་བསླབ་རོགས་ཞུ།
ཁྱེད་ཚོས་ལས་འགན་ནི་མནའ་དེང་ཟུང་འབྲེལ་ཀྱིས་ཚན་རིག་དང་ནང་ཆོས་དཔུང་བ་མཉམ་གཤིབ་བྱས་ཏེ་བོད་པའི་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་དགོས་པ་ལས། ཁྱེད་ཚོས་བོད་འབངས་ཚོ་ལ་མྱུར་དུ་ཆོས་སྤོང་གི་ལས་བསགས་ཐབས་ཞིག་གཏན་ནས་བསླབ་མི་འོས།
ཚན་རིག་དང་མ་མཐུན་ན། སངས་རྒྱས་ཀྱི་ཆོས་ལས་གང་འདྲ་ཞིག་བཤད་ཡོད་ཀྱང་འདོར་ཕོད་པའི། ཚན་རིག་ལ་རྨོངས་དད་མཐའ་གཅིག་དུ་བྱེད་རྒྱུ་འདི་ནི། ༸གོང་ས་མཆོག་གི་དགོངས་གཞི་གཏན་ནས་མིན་ལ་། ཚན་རིག་པའི་ལྟ་བ་ནི་དེ་བས་ཀྱང་མིན།
འདྲེ་རིག་ལྡན།
༢༠༡༠/༠༦/༠༤ ཉིན་འདོན་སྤེལ་བྱས།
༡ “ནང་པའི་ལྟ་བའི་རྣམ་གཞག་ཁག་ཅིག་་་་་ ཚན་རིག་པས་དེ་ཉིད་བདེན་པ་མིན་པའི་ཁུངས་སྐྱེལ་རྭ་སྤྲོད་གསལ་བོར་བྱུང་བ་ཡིན་ན། ང་ཚོས་རང་ཉིད་ཀྱི་དེ་དོར་ནས་ཚན་རིག་པའི་གྲུབ་དོན་ལ་ཁལ་ལེན་བྱ་རྒྱུ་ཡིན།”
༢ “སྡེ་ཚན་གཅིག་དེ་ནི་རིགས་པའི་གཞུང་ལུགས་རྐྱང་པ་དང༌། བརྟག་དཔྱད་རྐྱང་པ་ཡིན་པ་དང༌། འདིའི་ཐད་གནའ་བོའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ཕྱིའི་དངོས་པོར་ཞིབ་འཇུག་བྱས་ཚད་དེ་འདེང་ངེས་མེད་པར་མ་ཟད་རིགས་གཅིག་ནི་ཧ་ལམ་རྣམ་རྟོག་ལྟ་བུ་རཻད་འདུག སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ང་ཚོར་རང་ངོས་ནས་བརྟག་དཔྱད་དང་དཔྱད་ཞིབ་བྱེད་དགོས་པར་བཀའ་གནང་ཡོད་པས། ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ལུང་ཚིག་རེ་རེར་འཐམ་ནས་འགྲོ་མི་དགོས། ”
༣ “མངོན་པ་མཛོད་ནས་བསྟན་པའི་ཉི་ཟླ་གཟའ་སྐར་སོགས་ཀྱི་སྐོར་ལ་་་ངས་སྔོན་ཆད་ནས་ཚན་རིག་པའི་འགྲེལ་ལུགས་དེར་ཡིད་ཆེས་བྱེད་ཀྱིན།’
གོང་གི་གསུངས་དུམ་འདི་དག་གི་༧གོང་ས་མཆོག་གིས་དངོས་སུ་གསུངས་པའི་གསུང་དྲོན་མོ་ངའི་རྣ་རྗེན་པ་འདིས་དངོས་སུ་གོ་བ་ཡིན།
གོང་གསལ་གྱི་གསུངས་དུམ་གསུམ་ལས་་་་་ ༡ དང་ ༣ གཉིས་ནི་་་་ སྤྱི་ལོ་ ༢༠༠༦ ལོའི་ཟླ་ ༧ ཚེས་ ༣༡ ཉིན། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་དཔེ་མཛོད་གཉིས་ཀྱི་ལས་རིམ་སྙན་སྒྲོན་ཞུས་སྐབས་གསུངས་སོང་།
བར་མ་དེ་ཡང་སྐབས་དེའི་དུས་ཤིག་གི་ཡིན་ནམ་གསལ་བོར་དྲན་མ་སོང་། གང་ལྟར་་་ བཀའ་སློབ་འདི་དག་་་་ བོད་ཀྱི་དཔེ་མཛོད་ཁང་གིས་འདོན་སྤེལ་བྱེད་ཀྱིན་པའི་བོད་ཀྱི་ཚན་རིག་དུས་དེབ་དང་ཚན་རིག་ཚགས་པར་གང་རུང་ཞིག་ཡོད་།
གོང་གི་དེ་ནི་་་་་་ རིགས་པའི་རྣོ་མི་བཟོད་པའི་་་་ “དད་ལྡན་པ་”ཚོར་དམིགས་ནས་བྲིས་པ་ཡིན་ལ། ཚིག་ཟིན་ཇི་བཞིན་ཐོན་ཡོད་མེད་མི་ཤེས།
གཉིས་པ་དེར། ཚན་རིག་གི་ལས་གཞི་འདིའི་དམིགས་ཡུལ་ནི་་་་ ཚན་རིག་གི་གྲགས་པར་སྐྱབས་བཅོལ་ནས་ནང་ཆོས་གཟི་བརྗིད་སྣོན་པར་རེ་བ་ཞིག་གཏན་ནས་མ་རེད། “ཞེན་ཁོག་ཅན”་ཚོས་འདིའི་ཐད་ལ་འབད་འབུངས་བྱེད་ཀྱིན་འདུག འདི་༧གོང་ས་མཆོག་གི་དགོངས་གཞི་གཏན་ནས་མ་རེད།
གསུམ་པ་དེར། ནང་ཆོས་ནི་་་སངས་རྒྱས་ཀྱི་གསུང་གི་ས་བོན་ལས་འཕེལ་རྒྱས་བྱུང་བའི་ཆོས་ལུགས་ཤིག་རེད། བཀའ་དང་བསྟན་བཅོས་་གཉིས་སུ་དབྱེ་བ་ཡང་དེ་ལྟར་རེད། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་སོགས་ཀྱི་དབྱེ་བ་བྱུང་བ་དང་། ས་དགེ་བཀའ་རྙིང་སོགས་ཀྱི་ཁྱད་པར་འདི་ཡང་་་ གོང་མ་གོང་མར་ཕྱི་མ་ཕྱི་མས་གནོད་བྱེད་འཕངས་ཤིང་རང་རང་གི་ལྟ་ཚུལ་བཟུང་བ་ལས་བྱུང་བ་རེད་སྙམ། གལ་སྲིད་་་ ནང་ཆོས་དར་བ་ནས་བརྒྱ་ཁ་གཅིག་ཆོད་ཀྱི་ད་བར་དུ་བསྡད་ཡོད་ན་ནང་གསེས་ཀྱི་དབྱེ་བ་འདི་དག་འབྱུང་གི་མ་རེད།
བཞི་བ་དེར། ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་བ་རེད། མ་འོངས་པར་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་ཏུ་ཡང་འགྱུར་སྲིད་པ་རེད། མང་པོ་ཞིག་གིས་ནང་ཆོས་དང་ཚན་རིག་གཅིག་རེད་ཟེེར་ནས་འུར་ལངས་ཀིན་འདུག གཅིག་པ་ཡིན་ན་དེ་གཉིས་དབར་ལ་བགྲོ་གླེང་བྱེད་དགོས་མ་རེད། དེང་གི་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་བགྲོ་གླེང་འདི་དག་ཐམས་ཅད་ནི། འུ་གཉིས་ཀྱི་ཁ་གཅིག་པ་རེད་ཤག སྣ་འདྲ་བོ་འདུག རེད་ནས་སྡོད་ཀྱིན་ཡོད་པ་མ་རེད། ངའི་ལྟ་ཚུལ་འདི་འདྲ་ཡིན། ཁྱེད་རང་གི་འདོད་ཚུལ་གང་འདྲ་རེད། ཟེར་ནས་ཕན་ཚུན་གྱི་ལྟ་ཚུལ་བརྗེ་རེས་བྱེད་ཀྱིན་ཡོད་པ་རེད། གཅིག་པ་ཡིན་ན་དེ་འདྲ་བྱེད་དགོས་དོན་ཡོད་མ་རེད།
ལྔ་བ་དེར། རྩོམ་པ་པོ་དང་། དགེ་བཤེས། ནང་པའི་ཚན་རིག་པ་རྔ་བ་ཆོས་གྲགས་ལགས་ཀྱིས་ལན་འདེབས་གནད་དུ་འཁེལ་བ་བརྒྱབ་འདུག་པ་དང་། གསར་འགོད་པའི་ངོས་ནས་ཀྱང་འབྲེལ་ཆགས་ཤིང་སྐབས་དོན་དང་འབྲེལ་བའི་དྲིས་པ་དཔེ་ཡག་པོ་བཏང་འདུག དེ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྒྱ་རྡེའུའི་དགེ་འདུན།
༢༠༡༠/༠༦/༠༤ ཉིན་འདོན་སྤེལ་བྱས།
༄༅།། རྔ་བ་ཤེས་རབ་ལ་བཀྲིས་བདེ་ལེགས་ཞུ། སྐུ་ཉིད་གཞུང་ལུགས་ཀུན་བསླབ་ལ་བརྩོན་པའི་ཤེས་ལྡན་པ་ཞིག་རེད། འོན་ཀྱང་ཁྱེད་ནས༼ལྷག་པར་དུ་ཁོང་ཚོར་བཟང་ཆ་གལ་ཆེན་ཞིག་ལ། ཚན་རིག་འཕེལ་རྒྱས་གྱི་འགྲོས་དང་བསྟུན་ཏེ་འགྲོ་བ་ལས། སྔར་གྱི་རིག་གཞུང་དང་ལྟ་གྲུབ་རྙིང་པ། མཁས་པའི་ལུང་དང་རིག་པ་སོགས་ལ་ཞེན་ཆགས་ཁྱོན་ནས་མི་བྱེད་པ་མ་ཟད། ད་དུང་དེ་ཡི་སྐྱོན་བཙལ་ཏེ་ཐེར་འདོན་བྱ་ཅི་ཐུབ་བྱེད་ཀྱི་འདུག ངས་དེ་ནི་གཤིས་ཀ་ཡག་པོ་ཞིག་ཏུ་མཐོང་སོང་། འཕེལ་རྒྱས་ཀྱི་ལམ་ཁ་གལ་ཆེན་ཞིག་རེད་དྲན་ཡོད།༽ངའི་ཡིད་ལ་་་་་་་་༼ འཁྲུལ་བྲལ་གཞུང་རེ་ངེས་བཟུང་གཞིར་བྱས་ནས། ། གཞན་རྣམས་དེ་དང་སྦྱར་ཏེ་དཔྱོད་པ་ལས། ། གང་བྱུང་དཔེ་ལ་བལྟ་ཞིང་ཐམས་ཅད་ཀྱི། ། རྗེས་སུ་འབྲངས་བ་ཤེས་རབ་འཆལ་འགྱུར་བས། ། རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང་།་ཞེས་པའི་གསུངས་དྲོན་མོ་དེ་ཐར་སོང་པས་དགོངས་འགལ་མེད་པར་བྱོས།
ད་དུང་་་་་་ནང་ཆོས་ནས་བཞད་ཚུར་འགའ་ཞིག་དངོས་ཡོད་གནས་མི་ཐད་ཚན་རིག་པའི་རྒྱང་མཐོང་ཆུ་ཤེར་ལ་ཡིད་བཏད་དེ་བསྒྲུབས་བྱེད་དུ་གསུངས་འདུག་ན། ཅུང་མ་འཚམས་པ་ཞིག་དུ་སེམས་སོ།།
བློ་གྲོས་རྒྱལ་པོ།
༢༠༡༠/༠༦/༠༤ ཉིན་འདོན་སྤེལ་བྱས།
རྔ་བ་ཤེས་རབ་ལགས་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཞུ་རྒྱུ་ཞིག་ལ། ཉིད་ནས་ནང་ཆོས་ནང་དེ་འདྲ་ཞིག་རྩ་བ་ནས་བཤད་ཀྱི་ཡོད་པ་མ་རེད། ཐོག་མར་རླུང་དང་མེ་ས་ཆུ་སོགས་ཀྱི་དཀྱིལ་འཁོར་གྲུབ་སྟེ་བསྐལ་བ་ཆགས་ཤིང་། སེམས་ཅན་གཞན་གྱི་བྱུང་སྟངས་གསལ་བོ་མ་མཐོང་ཡང་མིའི་བྱུང་སྟངས་ཐད། ཐོག་མར་ས་ནས་རླན་གཤེར་ལས་སྐྱེས་པ་དང་གནམ་ནས་བབ་པ་སོགས་མི་དྲུག་བྱུང་ཞེས་གསུངས་འདུག་པ་དེ་གང་འདྲ་ཡིན་ནམ། བོད་ཀྱི་གསོ་བ་རིག་པའི་གཞུང་ལས། འཛིན་པ་ས་ཁམས་རང་བཞིན་ཏེ། །ཆུས་སྐྱེད་མེ་ཡིས་སྨིན་པར་བྱེད། །རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས། །གོ་སྐབས་འབྱེད་པར་བྱེད་པ་ཡིན། །ཞེས་འགྲོ་བ་མིའི་ལུས་འདི་འཇིག་རྟེན་དུ་ཆགས་པའི་སྐབས་བོངས་དབྱིབས་གང་འདྲ་ཞིག་ཡིན་ཀྱང་དེ་སྐབས་དེའི་ཕྱི་དང་ནང་གི་འབྱུང་བ་བརྟེན་ཅིང་རག་ལུས་པ་དང་། ད་ལྟའི་མིའི་གཟུགས་བོངས་སོགས་ཀྱང་ཕྱིའི་འབྱུང་བ་ལྔ་དང་ནང་གི་འབྱུང་བ་ལྔ་ལ་བརྟེན་ནས་གྲུབ་ཅིང་འཕེལ་ཡོང་བ་ཞིོག་ཏུ་མ་ཟད། འཇིག་པའི་སྐབས་ལའང་ཕྱི་ནང་གི་འབྱུང་བ་རིམ་པས་བསྡུ་བ་ལ་བརྟེན་ཚུལ་གསུངས་ཡོད་པ་གཟིགས་མེད་པ་འདྲ། བསམ་ཚུལ་བརྗེ་རེས་ཚུལ་དུ་ཕུལ་བ་ལས་གཞན་ཅི་ཡང་མིན།
སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ།
༢༠༡༠/༠༦/༠༥ ཉིན་འདོན་སྤེལ་བྱས། ཚན་རིག་སྦྱོང་བ་ཤེས་རབ་འཕེལ་ཕྱིར་ཏེ།
དེ་ལ་་རྨོངས་དད་བྱས་ན་ཤེས་འཆལ་ཡིན།
བླ་མས་ཚན་རིག་སྦྱོང་བ་བཟང་ན་ཡང་།
དེ་ལ་ཞེན་ནས་ནང་ཆོས་དོར་བ་འཁྲུལ།
ཞེས་རྩ་བའི་གལ་གནད་ཀྱིས་མདུན་བསུས་ཏེ།
༡༽རྩོམ་པ་པོ་དང་། དགེ་བཤེས། ནང་པའི་ཚན་རིག་པ་རློམ་མཁན་ཚོའི་ང་རྒྱལ་གྱི་ཚན་རིག་རྨོངས་དད་གཞོམ་ཕྱིར་དང་། བོད་མི་རྣམས་རྨོང་ས་གཉིད་ལས་སད་ཕྱིར་ལན་འདེབས་སྔ་ཕྱིར་བྱས་ཡོད་པས་གཟིགས་མཛོད།
སྟོན་པ་ཐུགས་རྗེ་ཅན་ཀྱིས།
སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། ཞིང་རྣམས་བྱེ་བ་བསམ་མི་ཁྱབ།
སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། དེ་དག་འདྲེས་པ་གྱུར་བ་མེད།
ཅེས་གསུངས་པ་ལྟ་བུ་ལ་འབྲེལ་ཡོད་ཚན་རིག་པ་ཚོས་ཧ་ལས་པའི་བསྟོད་བསྔགས་བྱེད་ཀྱིན་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་མང་པོ་འདུག་པས་ཁྱེད་ཚོས་ཆོས་ལ་ཉམས་ལེན་མ་བྱས་ཀྱང་ཆོས་ལ་ལོག་ལྟ་སྤོང་ན་བཟང་ངོ་།
༢༽ཁ་ཤས་ཀྱིས་ནང་ཆོས་དང་ཚན་རིག་གཅིག་རེད་ཟེེར་ནས་འུར་ལངས་ཀྱིན་འདུག་ལ། འགའ་ཤས་ཀྱིས་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་ཟླ་ཡིན་པར་མ་ཟད་ཚན་རིག་ནི་མཐའ་གཅིག་ཏུ་བདེན་དོན་ཡིན་སྙམ་པའི་ལོག་ཆོས་གསར་བ་ཞིག་སྤེལ་ཀྱིན་འདུག
སྤྱིར་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་བ་མང་པོ་ཡོད་ཀྱང་མཐུན་སའང་མང་པོ་ཡོད་པར་རེད། ད་ལྟ་ནང་ཆོས་དང་ཚན་རིག་གཉིས་ཕན་ཚུན་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་མིན་ལ། མ་འོངས་པར་དེ་བས་འགལ་ཟླའི་ཕུང་བོ་ཆེན་པོ་ཞིག་ཏུ་འགྱུར་དོན་མེད་དེ།
ཚན་རིག་ཡར་རྒྱས་འགྲོ་རིམ་བཞིན་ཚན་རིག་པ་ཚོས་སངས་རྒྱས་ཆོས་ལ་དོ་སྣང་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པས་སོ།
༣༽ང་ཚོས་ནང་ཆོས་དང་ཚན་རིག་གཉིས་དབར་གྱི་བགྲོ་གླེང་བྱེད་སྐབས་སུ། ནང་ཆོས་ཀྱི་ལྟ་ཚུལ་འདི་དང་འདི་འདྲ་རེད། ཚན་རིག་པའི་འདོད་ཚུལ་འདི་དང་འདི་འདྲ་རེད། ཞེས་ཕན་ཚུན་ལྟ་ཚུལ་བརྗེ་རེས་ཀྱིས་ གཤིབ་བསྡུར་བྱས་ནས་ཞིབ་འཇུག་བྱེད་དགོས་པ་ལས། ཚན་རིག་གི་བརྟགས་དཔྱད་བྱས་པའི་རྙེད་དོན་ཡིན་ཚད་ལ་བདེན་དོན་དུ་བརྩི་བའི་རྨོངས་དད་ནམ་ཡང་བྱེད་མི་རུང།
༤༽སྤྱིར་ན་ཚན་རིག་ཡིན་ཚད་དང་ཆོས་ལུགས་ཡིན་ཚད་ཕན་ཚུན་འགལ་བ་ཡིན་པར་བཤད་མི་ནུས་ཀྱང་། ཨ་རིའི་ཚན་རིག་པའི་བརྒྱ་ཆ་༤༠་ནི། ཚན་རིག་གི་ལྟ་ཚུལ་དང་ཡོངས་སུ་འགལ་བའི་སྣོད་བཅུད་ཡོད་ཚད་བྱེད་པོ་ལྷ་གཅིག་ཡོད་པར་འདོད་པའི་ཆོས་ལུགས་ལ་རྨོངས་དད་བྱེད་མཁན་རེད་འདུག་པས། གལ་ཏེ་ཚན་རིག་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་འོས་པའི་བདེན་དོན་ཀྱི་ནུས་པ་ཆེན་པོ་ཞིག་ཡོད་ན། སྐད་གྲགས་ཅན་གྱི་ཚན་རིག་པ་འདི་ཚོས་ཚན་རིག་གི་གྲུབ་དོན་དོར་ཏེ་འཇིག་རྟེན་བྱེད་པ་པོ་ལ་རྨོངས་དད་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ན།
༥༽ཁྱེད་ཚོའི་རྟོག་ངོར་ཡོད་པའི་ཚན་རིག་ཞེས་བཟང་དགུས་བརྒྱན་པའི་བདེན་དོན་མཐར་ཐུག་ཡིན་རློམ་བྱེད་པ་འདི་འདྲ། ད་ལྟ་ནུབ་ཕྱོགས་པའི་ཚན་རིག་པའི་སྤྱི་ཚོགས་ནང་དུ་ཕལ་ཆེར་མི་འདུག་པས། ཁྱེད་ཚོས་གསར་དུ་རྙེད་པའི་ཚན་རིག་ལ་རྨོངས་དད་བྱེད་སྟངས་ནི་སོ་སོའི་གཏི་མུག་གི་ཀློང་ལས་གཡོམ་བརྒྱུགས་རྟོག་བཟོས་སྤྲུལ་བ་ཙམ་ལས་བདེན་དོན་གང་ཡང་མིན་པས། ཁྱེད་ཚོས་ཕྱི་ནང་གི་ཤེས་ཡོན་དམན་པའི་བོད་རིགས་ཉམ་ཆུང་རྣམས་ལ་ཚན་རིག་ལ་རྨོངས་དད་བྱེད་དགོས་པའི་ངན་བསྐུལ་མ་བྱེད་རོགས་ཞུ་ཞུ་ཞུ།
ཚན་རིག་པ་ཡིན་ཟེར་མཁན་ཆོས་སྤེལ་མཁན་ཚོས་ཀུན་སློང་ནི། ཚན་རིག་དར་སྤེལ་བྱེད་མདོག་ཙམ་ལས་ཆོས་ལུགས་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་མང་པོ་ཡོད་པས་ཁོ་ཚོའི་བསམ་བློའི་གཡོ་འོག་ཏུ་མ་ཚུད་པར་མཐའ་གཅིག་དུ་བྱེད་དགོས།
ཁྱེད་ཚོས་ཚན་རིག་ལ་རྨོངས་དད་བྱེད་དགོས་པའི་ངན་བསྐུལ་བྱས་པའི་འབྲས་བུ་ནི། དཔྱད་པ་གསུམ་གྱིས་དག་པའི་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་ཆོས་ལུགས་འདི་མར་གཡུག་བཅུག་ནས། གཤིས་བཟང་བོད་རིགས་ཚོ་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་བསྒྱུར་བའམ་འཇིག་རྟེན་བྱེད་པ་པོ་ལ་རྨོངས་དད་བྱེད་དགོས་པའི་དུས་ངན་ཞིག་བསུས་པ་འདི་ཙམ་རེད།
༦༽སངས་རྒྱས་ཆོས་ལུགས་ནི་ལོ་༢༩༣༦གི་སྔོན་ནས་སངས་རྒྱས་ཤཀྱཱ་ཐུབ་པས་ལོ་༤༧་རིང་གདུལ་བྱའི་བློ་དང་འཚམས་པར་ཐེག་པ་རིམ་པ་སྣ་ཚོགས་གསུངས་བ་ལས་འཕེལ་རྒྱས་བྱུང་བའི་ཆོས་ལུགས་ཤིག་རེད། སངས་རྒྱས་ཀྱི་ཆོས་ནི་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་ལུགས་ཞིག་མ་ཡིན་པར། སེམས་ཅན་ཚོའི་བསམ་བློ་དང་མཐུན་པ་ནང་གསེས་ཀྱི་དབྱེ་བ་དང་རིམ་པ་སྣ་ཚོགས་ཞིག་གསུང་ཡོད་པ་རེད། དེ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལས་གྲུབ་པའི་རྒྱལ་བའི་བཀའ་དང་། དེའི་དགོངས་འབྲེལ་དུ་མཚན་ཉིད་རིག་པ་དང་། ནང་དོན་རིག་པ་། གཏན་ཚིགས་རིག་པ། སྒྱུ་རྩལ་རིག་པ། གསོ་བ་རིག་པ བཟོ་རིག་པ། སྐད་དང་སྙན་རྩོམ་རིག་པ་སོགས་ནང་དོན་འདུས་ཡོད་པའི་བསྟན་བཅོས་གཉིས་སུ་ཡོད་པ་ལས་གཙོ་བོར་སངས་རྒྱས་ཀྱི་བཀའ་ལ་རྟེན་དགོས།
རྒྱ་གར་དུ་བྱེ་བྲག་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་སོགས་ཀྱི་དབྱེ་བ་བྱུང་བ་དང་ཕན་ཚུན་དགག་བཞག་སྤོང་གསུམ་མང་པོ་བྱས་ཡོད་ལ། ཁྱད་པར་ཕྱི་བ་དང་ནང་བའི་ཚོ་དང་རིགས་ལམ་ཀྱི་སྒོ་ནས་ཁྱོད་ཤི་ང་གསོན་ཀྱི་རྩོད་པ་མང་པོ་བྱས་མྱོང་ཡོད། དེ་བཞིན་བོད་དུ་ས་དགེ་བཀའ་རྙིང་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་བྱུང་བ་དང་རིག་རྩལ་སྣ་ཚོགས་པས་ཕན་ཚུན་དགག་བཞག་སྤོང་གསུམ་མང་པོ་བྱས་པ་ལ་བརྟེན་ནས། ད་ལྟ་སངས་རྒྱས་ཀྱི་ཆོས་ལུགས་འདི་གཞན་དྲིང་མི་འཇོག་དང་གཞན་གྱིས་དྲངས་དུ་མི་བཏུབ་པའི་མཚན་ཉིད་རིག་པའི་སྒྲོམ་གཞི་འདི་བྱུང་ཡོད།
དཔེར་ན།
སྟོན་པ་ཐུགས་རྗེ་ཅན་ཀྱིས།
སྐྲ་ཡི་རྩེ་མོ་གཅིག་ལ་ཡང་། ཞིང་རྣམས་བྱེ་བ་བསམ་མི་ཁྱབ།
སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། དེ་དག་འདྲེས་པ་གྱུར་བ་མེད།
ཅེས་གསུངས་པ་ལྟ་བུ་ལ་འབྲེལ་ཡོད་ཚན་རིག་པ་ཚོས་ཧ་ལས་པའི་བསྟོད་བསྔགས་བྱེད་ཀྱིན་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་མང་པོ་འདུག་པས་ཁྱེད་ཚོས་ཆོས་ལ་ཉམས་ལེན་མ་བྱས་ཀྱང་ཆོས་ལ་ལོག་ལྟ་སྤོང་ན་བཟང་ངོ་།
༧༽ཡང་ཁྱོད་ཀྱིས། “ནང་པའི་ལྟ་བའི་རྣམ་གཞག་ཁག་ཅིག་ཚན་རིག་པས་དེ་ཉིད་བདེན་པ་མིན་པའི་ཁུངས་སྐྱེལ་རྭ་སྤྲོད་གསལ་བོར་བྱུང་བ་ཡིན་ན། ང་ཚོས་རང་ཉིད་ཀྱིས་སངས་རྒྱས་གསུངས་དོར་ནས་ཚན་རིག་པའི་གྲུབ་དོན་ལ་ཁས་ལེན་བྱ་རྒྱུ་ཡིན།” ཞེས་ནང་པའི་དབུ་ཁྲིད་གོང་ས་མཆོག་གིས་གསུངས་མི་སྲིད་ལ། གལ་ཏེ་གོང་ས་མཆོག་གིས་གསུངས་ཡོད་ན་འདི་ནི་ཡུལ་དུས་གང་ཟག་ལ་ལྟོས་ནས་དགོས་དབང་གིས་གསུངས་བ་ཙམ་ལས་ནང་པའི་ལྟ་གྲུབ་ལས་ཚན་རིག་གི་རྙེད་དོན་གལ་ཆེ་གསུངས་བའི་དོན་གཏན་ནས་མ་རེད།
གལ་ཏེ་མ་རིག་པ་ཡོངས་སུ་དག་ཅིང་བདག་འཛིན་གྱི་ང་རྒྱལ་ཞི་བའི་སངས་རྒྱས་ཀྱིས། སྙིང་རྗེའི་ཡེ་ཤེས་ལ་བརྟེན་ནས་བརྟགས་དཔྱད་བྱས་པའི་གྲུབ་དོན་རྣམས་སྤང་ནས། མ་རིག་པས་ཡོངས་སུ་སྒྲིབ་ཅིང་བདག་འཛིན་གྱི་ང་རྒྱལ་ཤིན་ཏུ་ཆེ་བའི་ཚན་རིག་པར་རློམ་པ་འགའ་རེས། སེམས་དང་བརྩེ་བ་མེད་པའི་འཕྲུལ་ཆས་ལ་བརྟེན་ནས་བརྟགས་དཔྱད་ཚོད་ལྟ་བྱས་པའི་རྙེད་དོན་ལ་ཡིད་ཆེས་བྱེད་དགོས་སྙམ་ན། མིག་ཡོད་ཀྱི་ལམ་སྟོན་དོར་ནས་ལོང་བ་ལམ་མཁན་དུ་བཅོལ་བ་ལྟར་འདུག་པས། རང་ཉིད་ལ་དཔྱོད་ཤེས་ཀྱི་ཤེས་རབ་མེད་པའི་བདེན་དཔུང་བྱས་པ་ཙམ་ལས་སངས་རྒྱས་ཀྱི་གསུངས་ལ་ནོར་འཁྲུལ་ཡོད་པའི་བདེན་དཔུང་བྱས་ཐུབ་མེད་པར་ཤེས་པར་གྱིས་ཤིག
༨༽ཚན་རིག་གི་ལས་གཞི་འདིའི་དམིགས་ཡུལ་ནི་ཚན་རིག་གི་གྲགས་པ་ཙམ་ལ་རྨོངས་དད་ཀྱིས་སྐྱབས་སུ་བཅོལ་ནས་ནང་ཆོས་ཀྱི་གཟི་བརྗིད་ལ་སྐྱོན་བརྗོད་བྱེད་ཐབས་ཞིག་གཏན་ནས་མ་རེད།
ཚན་རིག་ནི། བརྟགས་དཔྱད་བྱེད་ཐབས་དང་། ཚན་རིག་གི་རྙེད་དོན་ནི་བརྟགས་དཔྱད་བྱེད་ཡུལ་ཙམ་ཡིན་པ་ལས་མཐར་ཐུག་གི་གྲུབ་དོན་ཡང་དག་པ་ཞིག་མ་ཡིན་ནའང་ཡིན་པར་རློམ་པའི་”རྙིང་ཞེན་ཅན”ཚོས་འདིའི་ཐད་ལ་འབད་འབུངས་བྱེད་ཀྱིན་འདུག ད་དུང་འདི་༧གོང་ས་མཆོག་གི་དགོངས་གཞི་ཡིན་རབས་བཤད་ཀྱིན་འདུག
དེ་བས་ཁྱེད་ཚོས༧གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་མི་བྱེད་རོགས་ཞུ།
ཨ་རིག་འགྱུར་མེད་ལགས།
གོང་བཀོད་གསར་འགྱུར་འདི་ང་ཚོའི་གློག་འཕྲིན་སྒང་ལ་གཏོང་མཁན་སྒོ་དམར་སངས་རྒྱས་བཀྲ་ཤིས་ལགས་ཡིན།
ཁོང་ནས་ཁ་བརྡའི་ཐོག་འཇོག་རོགས་གསུངས་བ་བཞིན་བཞག་པ་ཡིན། དེ་ཙམ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཚན་རིག་ནི་ལག་ལེན་གི་ཐོག་ནས་གྲུབ་དོན་འཚོལ་མཁན་ཞིག་ཡིན་ཙ་ན། ཚན་རིག་པས་ཉི་མའི་དཀྱིལ་འཁོར་ན་གནས་པའི་གཟའ་དང་རྒྱུ་སྐར་ཁྲི་འབུམ་མང་པོ་ཞིག་གསར་རྙེད་བྱུང་ཡོད། ད་ནི་བོད་པའི་དགེ་མདུན་པ་ཚོས་ཚན་རིག་གི་ལམ་ནས་རིའི་དབང་བོ་དང་ནུབ་ཀྱི་བདེ་ལྡན་ཞིང་ལ་སོགས་པའི་ཟུར་ཙམ་ཞིག་ཚད་འཇལ་ཐུབ་ན་ཅི་མ་རུང་།
ཚན་རིག་ལ་རྟེན་ནས་བདེ་ལྡན་ཞིང་དུ་བགྲོད་པར་འདོད་པ་འདི་ཡང་གསར་བཤད་ཅིག ཚན་རིག་ལ་རྟེན་ནས་ཐམས་ཅད་མ་འཁྲུལ་བར་འདོད་པ་དག་ཀྱང་རྨོང་དད་བྱེད་སྟངས་ཤིག ཆོས་ལུགས་ལ་རྟེན་ནས་འཇིག་རྟེན་འཕུར་གྲུ་བཟོ་བར་འདོད་པ་དག་ཀྱང་འུར་སྒྲོག་བྱེད་སྟངས་ཤིག
འཛམ་བུ་གླིང་དུ་གང་ཞིག་གསར་དུ་འགོ་འབུས་པ་ན་དེ་ལ་འུར་གཏམ་བརྒྱ་ཆ་དགུ་ཅུ་ཡོད་པ་ཐག་ཆོད། གུང་ཁྲན་གྱི་ལྟ་བ་གསར་བྱུང་སྐབས་སུ། གལ་ཏེ་གུང་ཁྲན་རིང་ལུགས་ལ་སོང་ན། རྒྱལ་ཁབ་དེ་ནི་བདེ་བ་ཅན་གྱི་ཞིང་བཀོད་ལྟར་ཡོད་པར་བསྒྲགས། ཡིན་ན་ཡང་འགྲོ་བ་མི་ལ་ཡོད་དགོས་པའི་གཞི་རིམ་གྱི་ཆ་རྐྱེན་ཁ་ལ་ཟ་རྒྱུ་ཡང་མེད་པར་མུ་གེ་ཤི་ནས་རོ་ལ་ཡང་བདག་པོ་རྒྱག་མ་ཐུབ་པའི་ལོ་རྒྱུས་ཡོད། ཡ་ད་གང་ལྟར་གསར་བ་འདྲ་བཤད་ཡོང་ན་སྐྱུག་མེར་ལངས་ཡོང་གི