ཕྱི་ལོ་༢༠༡༨ ལོའི་༡༠ ཚེས་༡༡ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥ པའི་ཐོག་བོད་མདོ་སྨད་ཧོར་གཙང་ཀིརྟི་དགོན་དུ་’’ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་’’ཐེངས་བཅུ་གཉིས་པ་དབུ་འཛུགས་ཀྱིས་ཟླ་འདིའི་ཚེས་༣༡ བར་ཉིན་༢༠ རིང་འཚོགས་རྒྱུ་ཡིན་འདུག དེ་ཡང་ཕྱི་ལོ་༢༠༠༧ ལོར་གསར་དུ་ཚུགས་པའི་ཚད་མའི་དགུན་ཆོས་ཆེན་མོ་འདི་ནི་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་ཀིརྟི་ཚང་གི་གདན་ས་ཆེ་ཁག་(སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན།) བཞི་ལ་ལོ་ལྟར་རེས་མོས་ཀྱི་འཚོགས་བཞིན་ཡོད་ཅིང་། འདི་ནི་ཀིརྟིའི་དགོན་ཁག་གིས་གཙོས་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སློབ་གཉེར་པ་རྣམས་ཀྱི་རྩོད་རིགས་ཡར་རྒྱས་དང་རྒྱ་བོད་ཀྱི་ཚད་མའི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་པ་གོང་འཕེལ་གྱིས་རྒྱལ་བསྟན་ཪིན་པོ་འཛིན་སྐྱོང་སྤེལ་གསུམ་ཚད་དང་ལྡན་པ་གནང་ཐབས་ཁོ་ནར་དམིགས་པའི་ཚད་མའི་ཆོས་ཐོག་ཅིག་ཡིན་ནའང་།
སྐབས་མང་པོར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གནས་ཚུལ་འདྲ་མིན་ལ་ཁ་གཡར་ནས་བཀག་འགོག་བྱས་རྐྱེན་འཆར་གཞི་དང་འགྲོ་ལུགས་ཇི་བཞིན་ཚོགས་མ་ཐུབ་པའང་ཐེངས་མང་པོ་བྱུང་ཡོད། ཆོས་ཐོག་འདི་ནི་ཉིན་གྲངས་ཉི་ཤུའི་རིང་འཚོགས་རྒྱུའི་ཉི་ཤུའི་ཆོས་ཐོག་ཅིག་ཡིིན། དེར་ཕེབས་སློབ་གཉེར་པ་རྣམས་ཕྱོགས་སྒྲའི་འཛིན་གྲྭ་ནས་བདེན་གཉིས་འཛིན་གྲྭའི་བར་འཛིན་གྲྭ་བཅུ་གཉིས་ལ་ཁག་བགོས་པ་དང་། བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་དགུན་ཆོས་ཀྱི་མཐའ་མའི་ཉིན་སྟེ་བོད་ཟླ་དགུ་བའི་ཚེས་༢༢ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་མཚན་མོར་མཚན་ཕུད་དམ་ཆེན་མོ་བཅས་འཚོགས་རྒྱུ་ཡིན་འདུག ད་ལོ་ཀིརྟིའི་ཤེས་ཡོན་འགའ་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཧོར་གཙང་ཀིརྟི་དགོན་ཀྱི་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ལས་ཀྱི་སྣེ་མོ་བ་རྣམ་པ་དང་ཚད་མའི་དགུན་ཆོས་ཆེན་མོའི་གོ་སྒྲིག་ཚོགས་ཆུང་། གཞན་ཡང་ཧོར་གཙང་ཀིརྟི་དགོན་གྱི་དགེ་འདུན་པ་སྒེར་དང་དད་ལྡན་མང་ཚོགས་བཅས་ཀྱིས་ཉི་ཤུའི་ཆོས་ཐོག་འདིའི་རིང་གི་དགེ་འདུན་པ་རྣམས་ཀྱི་བཞུགས་ཡུལ་དང་ཞལ་ལག་སོགས་མཐུན་རྐྱེན་སྦྱར་གནང་བཞིན་ཡོད་པ་དང་། ཐེངས་འདིའི་ཚད་མའི་དགུན་ཆོས་ལ་ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞི་གའི་ཁྲི་པ་དང་། མཁན་པོ། དཔེ་ཁྲིད་དགེ་རྒན་དང་སློབ་གཉེར་བ་རྣམ་པ། དེ་མིན་མདོ་སྟོད་སྨད་ཀྱི་དགོན་ཁག་སོགས་ནས་ཕེབས་པའི་སློབ་གཉེར་པ་བདུན་བརྒྱ་(༧༠༠)ལྷག་ལྷན་ཚོགས་ཀྱིས་རྒྱ་བོད་ཀྱི་ཚད་མའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སློབ་གཉེར་གནད་དུ་སྨིན་པ་གནང་དང་གནང་མུས་སུ་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་ཀྱིིས། ཕྱི་ལོ ༢༠༡༨ཟླ་༡༠ ཚེས་༢༧ ལ།
སྐུ་པར་འདི་ཚོར་བལྟས་ན་བོད་ལ་ཆོས་དད་རང་དབང་ཡག་པོ་ཡོད་པ་འདྲ་བོ་འདུག་
འདྲ་པར་འདི་ཚོ་རྒྱ་དམར་པོས་མིག་ལམ་དུ་བསྟེན་རྒྱུ་ཙམ་ཡིན་ནམ་ཡང་ན་དངོས་
འབྲེལ་རེད་ཡིད་ཆེ་དཀའ་བ་ཞིག་འདུག།
བོད་ནང་ལ། ཆོས་དད་ཀྱི་་རང་དབང་། སྐད་ཡིག་གི་དང་དབང་། འགྲོ་བསྐྱོད་ཀྱི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་། ཆབ་སྲིད་ཀྱི་རང་དབང་སོགས་དེ་དག་རེ་རེས་བཞིན་བོད་ནང་ལ་ག་ཚོད་ཙམ་ཡོད་མེད་ཞིབ་འཇུག་མཐར་ཕྱིན་དྲང་པོ་དགོས་འདུག རྒྱ་གཞུང་ཡག་པོ་མི་འདུག་ཙམ་ཟེར་ནས་སྐྱོན་བརྗོད་ཙམ་བྱས་ནས་དབུ་མའི་ལམ་གྱི་དགོས་དོན་སྒྲུབ་མི་ཐུབ་ནི། དངོས་འབྲེལ་རེད་དོ།།