འབྲིང་བ་འཇིགས་མེད་ཀྱིས།
༄༅། །སྤྱིར་ཟློས་གར་གྱི་རིག་གནས་ནི། སྙན་ངག་མེ་ལོང་ལས། གང་ཡང་མཚམས་སྦྱོར་ཡན་ལག་དང་། །འཇུག་པའི་ཡན་ལག་མཚན་ཉིད་སོགས། །ལུང་གཞན་དག་ཏུ་བརྗོད་འདི་ཡང་། །རྒྱན་ཉིད་དུ་ནི་བདག་ཅག་འདོད། །ཅེས་གསུངས་པ་ལྟར་སྙན་ངག་གི་ཁོངས་སུའང་གཏོགས་མོད་ཀྱི། འོན་ཀྱང་ཟློས་གར་གྱི་རིགས་པའི་གཞུང་ལུགས་དང་། ཟློས་གར་གྱི་འཁྲབ་གཞུང་། དེ་ལྟ་བུའི་ཟློས་གར་གྱི་རིག་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་བཅས་ཆ་ལག་ཡོངས་སུ་ཚང་བའི་རིག་གནས་རང་རྐང་བ་ཞིག་ཡིན་པས། རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་གྲགས་ཤིང་གྲུབ།
རིག་གནས་འདིའི་ཕན་ནུས་གསུང་སྐབས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་གསུང་སྲོལ་ཡོད་པ་དེའི་དོན་ནི། འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་ལས། ཟློས་གར་བྱེད་པའི་ཚེ་མདོ་འཛིན་པ་དང་། ཆས་སུ་འཇུག་པ་དང་། བཞད་གད་མཁན་དང་། རོལ་མོ་པ་ལ་སོགས་ཀྱིས་ཚངས་པ་དང་བརྒྱ་བྱིན་ལ་སོགས་ལྷའི་ཆ་ལུགས་འཛིན་པ་དེ་དག་སཾསྐྲྀ་ཏའི་སྐད་དུ་གཏམ་སྨྲ་ཞིང་གླུ་བླང་བ་དང་། མ་ག་དྷ་ལ་སོགས་པ་མིའི་ཆ་ལུགས་འཛིན་པ་དང་། བུད་མེད་ཀྱི་བརྗོད་པ་ཕལ་ཆེ་བ་པྲ་ཀྲྀ་ཏའི་སྐད་དང་། བཞད་གད་མཁན་སོགས་ཀྱིས་སྐབས་བཙལ་བ་དང་། ཅོ་འདྲི་གླེང་བསླང་ཕལ་ཆེར་ཨ་ཝ་བྷྲཾ་ཤ་སྟེ་ཟུར་ཆག་དང་། འབྱུང་པོ་རོ་ལངས་སོགས་མི་མ་ཡིན་པའི་ཆ་ལུགས་འཛིན་པ་རྣམས་ནི་བི་ཤཱ་ཙི་ཤ་ཟའི་སྐད་དུ་སྨྲ་བ་སོགས་མདོར་ན་སྐད་རིགས་བཞི་ཀས་སྨྲ་དགོས་པས་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པའོ། ཞེས་གསུངས་པ་ལྟར་ལ། རྒྱུ་མཚན་དེ་ལ་བརྟེན་ནས་གུང་ཐང་བསྟན་པའི་སྒྲོན་མེས། ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་ལ་བཀྲི་བའི་རོལ་རྩེད་ཅེས་བྱ་བ། རྒྱ་གར་རྒྱ་ནག་བོད་སོག་པོ་བཅས་ཀྱི་སྐད་རིགས་བཞིའི་སྒོ་ནས་ནང་ཆོས་སྐོར་དྲི་བ་དྲིས་ལན་དང་འབྲེལ་བའི་བགྲོ་གླེང་མཛད་པའི་རྣམ་པ་ཅན་ཞིག་བརྩམས་ཡོད་པ་དེའང་། རྒྱ་དཀར་ནག་བོད་སོག་བཞིའི་སྐད་རིགས་གོ་བའི་ཆེད་དུ་བརྩམས་པ་ཡིན་ཚུལ་གཞུང་དེའི་མཛད་བྱང་དུ་གསལ་བ་ལྟར་རོ། །
དང་པོ། ཟློས་གར་གྱི་རིགས་པའི་གཞུང་ལུགས།
རྒྱ་གར་ལ་ཟློས་གར་གྱི་རིགས་པའི་གཞུང་ལུགས་རྒྱ་ཆེན་པོ་ཡོད་ཀྱང་བོད་དུ་འགྱུར་མེད་ཚུལ་དང་། སི་ཏུ་པཎ་ཆེན་གྱིས་དེ་འདྲའི་རྒྱ་གཞུང་ཞིག་བོད་དུ་བསྒྱུར་རྩིས་གནང་ནའང་བོད་ལ་དགོས་པ་མ་མཆིས་ཞེས་བསྒྱུར་མ་གནང་ཚུལ་འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་ལས་གསུངས། བོད་རང་གི་མཁས་པས་བརྩམས་པའི་ཟློས་གར་གྱི་རིགས་པའི་གཞུང་ལུགས་ནི།
༡༽ ས་སྐྱ་པཎྜིཏས་མཛད་པའི་རོལ་མོའི་བསྟན་བཅོས་དང་། དེའི་འགྲེལ་པ་ས་སྐྱ་ཨ་མྱེས་ཀྱིས་མཛད་པ་འཇམ་དབྱངས་བླ་མ་དགེས་པའི་སྙན་པའི་སྒྲ་དབྱངས་བློ་གསལ་ཡིད་འཕྲོག་འཕྲིན་ལས་ཡོངས་ཁྱབ་ཅེས་བྱ་བ། རྩ་འགྲེལ་འདི་གཉིས་སུ། ལྷན་སྐྱེས་ཀྱི་དབྱངས་སམ་རོལ་མོ་འདྲེན་པ་དང་། བཀུག་པ། བསྒྱུར་བ། ལྟེངས་པ་བཅས་ཀྱི་རྣམ་གཞག་རྒྱས་པ་དང་། རྐྱེན་གཞན་ལས་བྱུང་བའི་དབྱངས་སམ་རོལ་མོ་གླིང་བུ་པི་ཝང་རྫ་རྔ་སོགས་ཀྱི་རྣམ་གཞག་མདོ་ཙམ། དབྱངས་ལ་སྦྱར་རྒྱུའི་བསྟོད་སྨད་འགྲན་གསུམ་གྱི་ཚིག་གི་རྣམ་གཞག་རྒྱས་པར་བསྟན་ཡོད། ས་སྐྱ་འཇམ་དབྱངས་བསོད་ནམས་དབང་པོས་མཛད་པའི་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ཞེས་པ་ཞིག་ཡོད་འདུག་ཀྱང་ལག་སོན་མ་བྱུང་།
༢༽ སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གནའ་བོའི་ལུགས་བཟང་ཡ་རབས་སྲོལ་བཏོད་པའི་དེབ་ཐེར་མིག་ཡིད་རྣ་བའི་དགའ་སྟོན་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། གཞུང་འདིའི་ནང་། སྐབས་དེའི་དབུས་གཙང་གི་གླུ་གཞས་མང་པོའི་གཞས་ཚིག་དང་མཉམ་དུ་དབྱངས་ཀྱི་རོལ་མོ་ཇི་ལྟར་དཀྲོལ་ཚུལ་གྱི་མཆན་བུ་བཀོད་དེ་རོལ་མོའི་གདངས་དང་གཞས་ཚིག་ཟུང་ལྡན་དུ་བསྒྲིགས་ཡོད་ཅིང་། དེ་ནི་གླུ་གཞས་དང་རོལ་མོ་ཟུང་འབྲེལ་བྱེད་སྟངས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན།
༣༽ ཕྱི་ལོ་ ༡༩༧༦ ལོར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་པའི་ཟློས་གར་གྱི་རིག་གནས་ཞེས་བྱ་བ། གཞུང་འདིའི་ནང་དུ་ཟློས་གར་གྱི་ལུས་དང་། ཡན་ལག དགོས་པ་བཅས་གསུངས་ཤིང་། ལུས་ནི་སྔོན་གྱི་རྣམ་ཐར་དང་ལོ་རྒྱུས་སོགས་སྤྱི་དང་། བྱེ་བྲག་ཏུ་ཆང་འཐུང་བའི་དགའ་སྟོན་སོགས་སྙན་ངག་ཆེན་པོའི་བརྗོད་བྱ་དག་གིས་མཚོན་བརྗོད་བྱ་སྣ་ཚོགས་པ་རྣམས་དང་། ཡན་ལག་ལ་མཚམས་སྦྱོར་གྱི་ཡན་ལག་ལྔ་སྟེ། སྒོའི་ཡན་ལག ལན་གྱི་སྒོའི་ཡན་ལག སྙིང་པོའི་ཡན་ལག མི་བཟོད་པའི་ཡན་ལག ངེས་པ་ཐོབ་པའི་ཡན་ལག་དང་བཅས་ལྔ་དང་། འཇུག་པའི་ཡན་ལག ཟློས་གར་གྱི་མཚན་ཉིད་ཀྱི་དབྱེ་བ། གར་གྱི་ཡན་ལག རོལ་མོའི་ཡན་ལག དབྱངས་ཀྱི་ཡན་ལག ཆགས་པའི་ཉམས་སམ་ཡན་ལག ཟློས་གར་དངོས་ལ་འཇུག་པའི་ཡན་ལག་བཅས་དང་། དེ་དག་སོ་སོར་ཡང་ནང་གསེས་ཀྱི་དབྱེ་བ་གང་ཡོད་བཅས་གསུངས་ཤིང་། མཇུག་ཏུ་ཟློས་གར་གྱི་འཁྲབ་གཞུང་། བོད་དུ་རྒྱལ་བསྟན་འཕེལ་འགྲིབ་ཇི་ལྟར་བྱུང་བ་དང་བསྟན་པའི་མེ་རོ་སྨད་ནས་གསོས་ཚུལ་ལས་བརྩམས་པའི་ཟློས་གར་འཁྲབ་གཞུང་ནག་འགྲོས་སུ་བཀོད་པ་མིག་གི་བདུད་རྩི་ཞེས་བྱ་བ་ལེའུ་གསུམ་དང་རས་ཡོལ་བཅུ་བཞིའི་བདག་ཉིད་ཅན་ཞིག་མཛད་ཡོད་པའང་ལྷན་དུ་བཀོད་གནང་ཡོད། མཚམས་སྦྱོར་གྱི་ཡན་ལག་སོགས་ཟློས་གར་གྱི་ཡན་ལག་འདི་དག་ནི་རྒྱ་གར་གྱི་ཟློས་གར་རིག་གནས་ཀྱི་གཞུང་ལུགས་ལས་བྱུང་བ་ཞིག་ཡིན་པ་སྙན་ངག་མེ་ལོང་རྩ་འགྲེལ་རྣམས་སུ་ཟུར་ཙམ་གསལ་བ་ལྟར་རོ། །
༤༽ ཕྱི་ལོ་ ༡༩༨༨ ལོར་མཛོད་དགེ་ཨ་ཁུ་ཉི་མ་མཆོག་གིས་མཛད་པའི་བོད་ཀྱི་ཟློས་གར་གྱི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ། གཞུང་འདིའི་ནང་། ཟློས་གར་གྱི་སྐབས་ལུས་ངག་ཡིད་གསུམ་གྱི་ཉམས་འགྱུར་ཇི་ལྟར་སྟོན་པའིི་ཚུལ་ཏེ། དགའ་བ་སོགས་སེམས་ཀྱི་ཁྱད་པར་ལས་བྱུང་བའི་རྣམ་གྲངས་གཙོ་ཆེ་བ་ ༤༦ དང་། སྙན་པའི་རང་བཞིན་དང་ལྡན་པ་སོགས་ཚིག་དོན་དབྱངས་གསུམ་གྱི་རྣམ་གྲངས་ ༦༨ དང་། སྒེག་པ་དང་སྒེག་པའི་སྒེག་པ་སོགས་ལུས་ཀྱིི་གར་སྟབས་ཀྱི་རྣམ་གྲངས་ ༡༦༢། ཞི་བའི་རྐང་ལག་གི་སྟབས་མེ་ཏོག་མ་སོགས་ལུས་ཀྱི་གར་སྟབས་ཀྱི་ཁྱད་པར་ ༢༣། སྒེག་པའི་དབུ་རྒྱན་སོགས་མཛེས་བྱེད་རྒྱན་ཆའི་རྣམ་གྲངས་ ༡༦༠ ཙམ། སྒེག་པའི་གོས་སོགས་འཁྲབ་གོས་ཀྱི་རྣམ་གྲངས་ ༩། སྒེག་པའི་བཞིན་མདངས་སོགས་བཞིན་མདངས་ཀྱི་རྣམ་གྲངས་ ༨། རོལ་མོ་དང་སྦུབ་ཆའི་སྐོར་སོགས་རོལ་མོའི་རྣམ་གྲངས་ ༡༢། གསེར་འཁོར་སོགས་ཕྱག་མཚན་གྱི་རྣམ་གྲངས་ཚན་པ་ ༥། གྲངས་གནས་ལ་དཔག་སྟེ་གཟུགས་ལ་ལགས་དང་ཟུང་ལ་བཀྲ་ཤིས་སོགས་འབུད་རྡུང་དཀྲོལ་གསུམ་གྱི་རྣམ་གྲངས་ཚན་པ་ ༩ བཅས་ཀྱི་རྣམ་གཞག་རྒྱས་པར་གསུངས།
ཟློས་གར་གྱི་མཚན་ཉིད་སྟོན་པའི་རིགས་པའི་གཞུང་ལུགས་གཞན་ཡང་ཡོད་སྲིད་མོད་རང་གིས་ད་ཕན་མཐོང་བ་ནི་དེ་ཙམ་ལགས།
གཉིས་པ། ཟློས་གར་གྱི་འཁྲབ་གཞུང་།
༡༽ ད་ཕན་རྒྱ་གར་གྱི་ཟློས་གར་འཁྲབ་གཞུང་བོད་དུ་འགྱུར་བ་གསུམ་ཙམ་ཡོད་པ་ནི། དུས་རབས་བཅུ་བཞི་པའི་ནང་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་པ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་(དཔལ་དགའ་བའི་ལྷས་མཛད་པ།)དང་། ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་པ་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར(སློབ་དཔོན་ཙནྡྲ་གོ་མིས་མཛད་པ།)། དུས་རབས་ཉི་ཤུ་པའི་ནང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་པ་བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་(སློབ་དཔོན་ནག་མོའི་ཁོལ་གྱིས་མཛད་པ།)གྱི་ཡན་ལག་དང་པོ་བཅས་ཡིན་ཞིང་། བྱ་ལེན་མའི་ཟློས་གར་འདིའི་མགོ་ནས་ལེའུ་ཁ་ཤས་ཤིག་ཕྱིས་སུ་དོན་གྲུབ་རྒྱལ་སོགས་ཀྱིས་རྒྱ་ཡིག་ནས་བསྒྱུར་པའང་ཡོད་ཅིང་། ཉེ་བའི་ཆར་སྒྱུར་མཁན་གཞན་ཞིག་གིས་དེ་ཆ་ཚང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཟིན་ཡོད་ཚུལ་ཐོས།
༢༽ བོད་ཀྱི་ལྷ་མོའི་ཟློས་གར་འཁྲབ་གཞུང་ཆེན་པོ་བརྒྱད་ནི། ༡ རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་རེ་བཞི་པ་ནོར་བཟང་གི་རྟོགས་པ་བརྗོད་པ་ལས་བྱུང་བའི་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར། ༣ དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་རྒྱལ་རྩེ་ཁུལ་དུ་བྱུང་བའི་ལོ་རྒྱུས་སྣང་ས་འོད་འབུམ་གྱི་རྣམ་ཐར། ༤ མོན་རྟ་དབང་ཁུལ་དུ་བྱུང་བའི་གཏམ་རྒྱུད་མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར། ༥ རྒྱ་གར་དུ་བྱུང་བའི་གཏམ་རྒྱུད་གཟུགས་ཀྱི་ཉི་མའི་རྣམ་ཐར། ༦ འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་གཞིར་བཟུང་ནས་མཛད་པ་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར། ༧ སློབ་དཔོན་པདྨའི་སྤྲུལ་པ་ཁྱེའུ་པདྨ་འོད་འབར་གྱི་རྣམ་ཐར། ༨ རོ་སྒྲུང་ལས་བྱུང་བ་གཅུང་པོ་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར། ༨ རྒྱ་བོད་བལ་གསུམ་གྱི་ལོ་རྒྱུས་དང་འབྲེལ་བ་རྒྱ་བཟའ་བལ་བཟའི་རྣམ་ཐར་བཅས་ཡིན་ལ། དེ་དག་རྒྱ་ཡིག་ཏུ་བསྒྱུར་པའང་ཡོད།
དེ་བཞིན། ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། ཐོན་མི་སམྦྷོ་ཊ། གླིང་གེ་སར་རྒྱལ་པོ། རྗེ་བཙུན་མི་ལ་རས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་སོགས་ཀྱི་རྣམ་ཐར་འཁྲབ་གཞུང་ཡང་ཡོད་ཅིང་། འོན་ཀྱང་འཁྲབ་བྱའི་མི་སྣ་དཔེར་ན་སྲོང་བཙན་སྒམ་པོ་ལྟ་བུ་མི་སྣ་གཅིག་གི་འཁྲབ་གཞུང་ཡིན་ནའང་ཡུལ་དུས་ཀྱི་ཁྱད་པར་དང་རྩོམ་མཁན་མི་འདྲ་བ་སོགས་ཀྱི་དབང་གིས་ཡུལ་གྲུ་སོ་སོར་ཡོད་པའི་དེའི་འཁྲབ་གཞུང་དག་ལ་རྒྱས་བསྡུས་སོགས་ཀྱི་ཁྱད་པར་ཅུང་ཟད་རེ་ཡོད།
ཉེ་རབས་ཀྱི་ལོ་རྒྱུས་ནང་ཟློས་གར་གྱི་འཁྲབ་གཞུང་མང་ཤོས་རྩོམ་མཁན་ཞིག་ནི་མཁས་དབང་མཛོད་དགེ་ཨ་ཁུ་ཉི་མ་མཆོག་ཡིན། ཁོང་གིས་གོང་གསལ་ལྷ་མོའི་འཁྲབ་གཞུང་བརྒྱད་པོ་དེ་དག་ཕལ་ཆེ་བར་འཁྲབ་གཞུང་གསར་པ་རེ་དང་། དུས་རབས་བཅོ་བརྒྱད་པའི་ནང་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་བ་རྣམས་ཀྱི་རྣ་རྒྱན། དུས་རབས་བཅུ་དགུ་པའི་ནང་ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད་པ་རྒྱལ་བུ་ཟླ་མཛེས་ཀྱི་རྟོགས་བརྗོད་དད་ལྡན་སྐྱེ་བོའི་རྣ་རྒྱན། གཞན་ཡང་སྔོན་གྱི་རྒྱལ་རབས་ཆོས་འབྱུང་རྣམས་དང་། གླིང་གེ་སར་གྱི་སྒྲུང་ཡིག་སོགས་གཞིར་བཟུང་ནས་དེ་དང་དེའི་འཁྲབ་གཞུང་གསར་རྩོམ་མཛད་ཡོད་པ་ནི། ༡ བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པའི་ལོ་རྒྱུས་ཟློས་གར་འཁྲབ་གཞུང་ངོ་མཚར་ཉ་མོ་ཆུ་རོལ། ༢ བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་ཆེན་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ལ་རིག་གནས་སྤེལ་བའི་ལོ་རྒྱུས་ཟློས་གར་འཁྲབ་གཞུང་གངས་ལྗོངས་ཉིན་བྱེད། ༣ བོད་ཀྱི་གསོ་བ་རིག་པའི་སློབ་དཔོན་ཆེན་པོ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་རྣམ་ཐར་འཁྲབ་གཞུང་དཔྱིད་ཀྱི་ལྷ་མོའི་འཛུམ་ཞལ། ༤ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་འཁྲབ་གཞུང་ཀུན་དགའི་ཡིད་འཕྲོག ༥ རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་འཁྲབ་གཞུང་གཞན་ཕན་སྙིང་རྗེའི་བུམ་ཆུ། ༦ མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར་འཁྲབ་གཞུང་ངོ་མཚར་འཇའ་ཚོན་རང་ཤར། ༧ བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་འཁྲབ་གཞུང་དྲི་ཟའི་དབྱངས་སྙན། ༨ རྒྱལ་པོ་ཟླ་མཛེས་ཀྱི་རྟོགས་བརྗོད་འཁྲབ་གཞུང་དཔྱིད་ཀྱི་ཕོ་ཉའི་མགྲིན་གླུ། ༩ མཁའ་འགྲོ་མ་སྣང་ས་འོད་འབུམ་གྱི་རྣམ་ཐར་འཁྲབ་གཞུང་ངོ་མཚར་བཟང་མོའི་ཞལ་རས། ༡༠ རྟ་རྒྱུག་རྒྱལ་འཇོག་གི་ཟློས་གར་འཁྲབ་གཞུང་འཛམ་གླིང་གཙུག་གི་རྒྱན་མཆོག ༡༡ ཧོར་གླིང་གཡུལ་འགྱེད་ཀྱི་ཟློས་གར་འཁྲབ་གཞུང་མུན་པ་རང་བསལ། ༡༢ སྟག་གླིང་གཡུལ་འགྱེད་ཀྱི་ཟློས་གར་འཁྲབ་གཞུང་གཟི་མིག་དགུ་འཁྱིལ། ༡༣ བདུད་འདུལ་གྱི་ཟློས་གར་འཁྲབ་གཞུང་ནག་པོ་ཀུན་ཏུ་འཇོམས་པའི་ངོ་མཚར་ཟློས་གར། ༡༤ གངས་རིའི་ཁྲོད་ཀྱི་དེང་རབས་བོད་རིགས་གཞོན་ནུའི་ཟློས་གར་འཁྲབ་གཞུང་། ༡༤ དེང་རབས་བོད་རིགས་གཞོན་ནུ་སྐལ་བཟང་ནོར་བུའི་ཟློས་གར་འཁྲབ་གཞུང་ཞེས་བྱ་བ་སོགས་ཟློས་གར་འཁྲབ་གཞུང་མང་པོ་ཞིག་བརྩམས་གནང་ཡོད།
༣༽ རྫ་དཔལ་སྤྲུལ་རིན་པོ་ཆེའི་གསུང་གཏམ་པདྨའི་ཚལ་གྱི་ཟློས་གར་དང་། གོང་སྨོས་བྱ་ལེན་མའི་ཟློས་གར་ལྟ་བུ་སྙན་ངག་ལ་ཆེས་ཆེར་སྦྱར་བའི་ཟློས་གར་འདི་རིགས་ནི་ཟློས་གར་དང་སྙན་ངག་གཉིས་ཀར་གཏོགས་ཞེས་བཤད་ཆོག་ཅིང་། དེའང་སྙན་ངག་མེ་ལོང་ལས། སྒེག་དང་རོལ་དང་སྟབས་ལ་སོགས། །བལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་། །མཉན་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། །ཅེས་སྙན་ངག་གི་ལུས་ལ་བལྟ་བྱའི་སྙན་ངག་དང་མཉན་བྱའི་སྙན་ངག་གཉིས་སུ་གསུངས་པའི་སྔ་མར་གཏོགས་སམ་དཔྱད་གཞི་དང་། དེ་བཞིན་ཟློས་གར་གྱི་སྐབས་སུ་བལྟ་བྱའི་ཟློས་གར་དང་མཉན་བྱའི་ཟློས་གར་ཞེས་ཟློས་གར་ལ་གཉིས་སུ་ཕེྱས་པའི་ཕྱི་མར་གཏོགས་སམ་དཔྱད་གཞིའོ། །
གསུམ་པ། ཟློས་གར་གྱི་ལོ་རྒྱུས།
བོད་ནི་གླུ་གར་གྱི་རྒྱ་མཚོ་ཡིན་ཞེས་བཤད་སྲོལ་ཡོད་པ་ལྟར་རང་རེ་བོད་ཀྱི་ཡུལ་དུ་ངག་ནས་གླུ་ཟློས་ཤིང་ལུས་ཀྱིས་གར་བྱེད་པའི་ཟློས་གར་འཁྲབ་སྲོལ་ནི་བཙན་པོའི་སྐབས་ཀྱི་མགུར་གླུ་སོགས་མ་དར་བའི་གོང་རོལ་ཞིག་ནས་དར་ཡོད་པར་གདོན་མི་ཟ་ཞིང་། ཕྱིས་སུ་ཤུགས་ཆེར་དར་བ་ནི་དུས་རབས་བཅོ་ལྔ་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྕགས་ཟམ་གསར་འཛུགས་ཀྱི་མཐུན་རྐྱེན་འཚོལ་སྒྲུབ་ཆེད་ཨ་ལྕེ་ལྷ་མོའི་ཟློས་གར་འཁྲབ་སྟོན་གསར་གཏོད་མཛད་པ་ནས་བྱུང་། རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་རིང་ལ་ཨ་ལྕེ་ལྷ་མོའི་འཁྲབ་གཞུང་ཁག་ལོ་རེའི་ཞོ་སྟོན་སྐབས་འབྲས་སྤུངས་དགོན་དུ་འཁྲབ་སྲོལ་དར་བ་རིམ་གྱིས་འཁྲབ་ཡུལ་རྒྱ་ཇེ་ཆེར་ཕྱིན་པ་དང་ཆབས་ཅིག་ལྷ་མོའི་ཚོགས་པའང་ཇེ་མང་དུ་ཕྱིན། གཙང་པ་སྡེ་སྲིད་སྐབས་ནས་དབུས་ཁུལ་དུ་དར་འགོ་ཚུགས་པའི་ནང་མ་དང་སྟོད་གཞས་ཀྱི་འཁྲབ་སྟོན་རྣམས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རྡོ་རིང་པཎྜིཏ་སོགས་ཀྱིས་ཡར་རྒྱས་སུ་བཏང་བ་རིམ་གྱིས་རྒྱ་ནག་ཏུའང་དར་སོ་བྱུང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྲོང་བཙན་སྒམ་པོའི་རྣམ་ཐར་སོགས་འཁྲབ་སྟོན་གྱི་སྲོལ་གསར་འཛུགས་མཛད་པ་ནས་བཟུང་མདོ་སྨད་ཕྱོགས་སུ་ལོ་རྒྱུས་དང་རྣམ་ཐར་སྣ་ཚོགས་འཁྲབ་སྲོལ་དར། དུས་འགྱུར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་འཕྲལ་བོད་གཞུང་ཟློས་གར་ཚོགས་པ་གསར་འཛུགས་ཀྱིས་བོད་ཀྱི་ཟློས་གར་འཁྲབ་སྟོན་ཉམས་མེད་རྒྱུན་འཛིན་གྱིས་འཛམ་གླིང་ཡུལ་གྲུ་མང་པོར་ཟློས་གར་འཁྲབ་སྟོན་བྱས་དང་བྱེད་བཞིན་པ་དང་། དེ་བཞིན་རིག་གནས་གསར་བརྗེའི་དུས་མཇུག་ཙམ་ནས་མདོ་སྨད་ལྷོ་རྒྱུད་དུ་མཛོད་དགེ་ཨ་ཁུ་ཉི་མ་མཆོག་ནས་བོད་ཀྱི་ཟློས་གར་འཁྲབ་སྟོན་བསྐྱར་གསོ་དང་གསར་འཛུགས་མཛད་པས་མཚོན་ཆོལ་ཁ་སོ་སོའི་ཁོངས་སུ་ཟློས་གར་འཁྲབ་སྟོན་རིམ་གྱིས་བསྐྱར་དར་བྱུང་བ་དང་། ད་ཆ་བོད་ཕྱི་ནང་གཉིས་སུ་དེང་རབས་ཀྱི་ཟློས་གར་འཁྲབ་སྟོན་ཡང་དར་བཞིན་པ་བཅས་བོད་ཀྱི་ཟློས་གར་རིག་གནས་ཀྱི་སྐོར་མདོ་ཙམ་མོ། །
འབྲིང་བ་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༤ ཉིན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ཟློས་གར་རིག་གནས་སྐོར་འཆད་ཁྲིད་སྐབས་བྲིས་པའོ། །