བསྟན་འཛིན་མཁྱེན་བརྩེ། ༼རྡ་ས༽
ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་མཉམ་འབྲེལ་གྱིས་༼བཙན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་༽ཞུས་སོང་། ཚོགས་འདུ་དེའི་སྟེང་དེ་ནས་༼བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག༽ཅེས་པའི་ཞིབ་འཇུག་སྙན་ཐོའི་དེབ་ཅིག་ཀྱང་བཀྲམས་སོང་། ང་རང་ཉིད་ཀྱང་ཚོགས་འདུར་དངོས་སུ་བཅར་བའི་སྐལ་བ་བྱུང་། མི་གྲངས་བཞི་བཅུ་ལྷག་འཛོམས་འདུག ཚོགས་འདུ་ཚོགས་ཤིང་སྙན་ཐོ་བཏོན་པ་འདི་གནང་སྟངས་ཧ་ཅང་ཡག་པོ་རེད། སྙན་ཐོ་བཏོན་ནས་འགྲེམས་སྤེལ་བྱས་པ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
ད་རེས་སྙན་ཐོ་འདི་འདོན་མཁན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཆགས་ཡོད་ཙ་ན། གཅིག་ནི་ཤེས་ཡོན་པའི་ཚོགས་པ་ཞིག་དང་། གཅིག་ནི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འགན་ཁུར་མཁན་ཡིན་པའི་ཆ་ནས། སྙན་ཐོ་འདི། དག་ཆ་དང་ཚིག་སྦྱོར་གཉིས་ཀ་ནས་བརྒྱ་ཆ་བརྒྱས་ཚད་འཕེར་ཞིག་མིན་རུང་། གང་ལ་གང་འཚམ་ཡག་པོ་ཡོད་ཤག་བྱས་ནས་བམ་ཀློག་ཅིག་བྱ་བར་ཞུགས་པ་ཡིན། སྙན་ཐོ་འབྲི་མཁན་དང་སྤེལ་མཁན་རྣམ་པས་དག་ཆ་དང་ཚིག་སྦྱོར། བྱུས་འགོད་སོགས་ལ་རུ་ང་ཞིབ་ཚགས་གནང་མི་འདུག ཡིག་ནོར་ཧ་ཅང་མང་པོ་འདུག ཤོས་ངོས་རེ་ཅི་ཙམ་ཞིབ་ཚགས་ཀྱིས་བཀླགས་ན་དེ་ཚོད་ཀྱི་ཡིག་ནོར་མཐོང་རྒྱུ་ཇེ་མང་རེད་ལ། ཤོག་བུ་མང་ཙམ་བཀླགས་ན་དེ་བས་ཡིག་ནོར་མཐོང་རྒྱུའང་ཇེ་མང་དུ་འགྲོ་བ་ཞིག་རེད།
དཔེར་ན། མདུན་ཤོག་ན་༼པེན༽་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་འདུག ཤོག་ངོས་ནང་མ་ན་༼ཕེན༽་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་འདུག ཡང་། དྲ་ལམ་དུ་གསལ་བསྒྲགས་སྤེལ་འདུག་པ་དེ་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་༼འེལ་༽རྒྱས་ལྟེ་གནས་ཁང་ཞེས་དང་། དེབ་ཀྱི་མདུན་ཤོག་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་༼འཕེལ༽་རྒྱས་ལྟེ་གནས་ཁང་ཞེས་འདུག ཚོགས་པ་གཉིས་ཀྱིས་རང་རང་གི་མིང་ཡིག་ཀྱང་ཡིག་ནོར་ཅན་དུ་སྤེལ་འདུག་སྟབས། སྙན་ཐོ་ཆ་ཚང་ལ་ཡིག་ནོར་མང་བ་དེར་ཁག་མི་འདུག་བསམ་པ་ཞིག་ཀྱང་བྱུང་།
སྙན་ཐོ་འདིའི་ནང་གསལ་བ་ལྟར་རེད། བོད་ནང་ན་ཡོད་པའི་རྩོམ་པ་པོ་ཚོས་སྙན་ངག་རྣོ་ངར་ཅན་རེ་བྲིས་ནའང་། བཙོན་འཇུག་དང་མནར་གཅོད་མྱོང་གིན་ཡོད་པ་ཡིན་ཙ་ན། ང་ཚོས་ཁོང་ཚོ་གླེང་དུས་ཁོང་ཚོའི་རྩོམ་བྱང་དང་རྩོམ་ཡིག་གི་ཡི་གེ་དེ་ཚོ་ནོར་ནས་སྤེལ་མི་རུང་ལ། ཁོང་ཚོ་གླེང་བའི་ཡི་གེ་ཡང་ཡིག་ནོར་ཅན་དུ་བྱེད་མི་རུང་བ་ཞིག་ཏུ་མཐོང་ནས། རྩོམ་པ་པོའི་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ལ་རེ་འདུན་སྦུད་ཙམ་ཞུ་འདོད་བྱུང་སོང་། ཞར་ལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལའང་འབོད་སྐུལ་ཞིག་ཞུ་འདོད་སོང་། འབོད་སྐུལ་ནི། སྙན་ཐོ་འདི་ལ་བསྐྱར་ཞིབ་ཅིག་གནང་ནས་རིང་མིན་ཡིག་ནོར་མེད་པ་ཞིག་བོད་ཕྱི་ནང་གཉིས་ལ་རྒྱ་ཁྱབ་ཏུ་འགྲེམས་སྤེལ་གནང་ཐུབ་པ་ཞིག་གནང་རོགས་ཞུ་རྒྱུ་དེ་ཡིན།
ངས་སྙན་ཐོ་འདིའི་ཤོག་ངོས་ཁ་ཤས་བཀླགས་པ་དེ་ཚོ་ནི་ཡིག་ནོར་ཡོད་པ་རྐྱང་རེད་ཅེས་ཁྱེད་རང་ཚོར་སྡིག་དམོད་བྱེད་པ་དེ་འདྲ་མིན། རྣམ་པ་ཚོས་དཀའ་ལས་མང་པོ་བརྒྱབ་ཡོད་ཤག་རེད། དེ་ལ་གུས་བརྩི་ཡོད། ཡང་ན། ཡིག་ནོར་མེད་པའི་ཤོག་ངོས་དེ་འདྲ་ཡང་ཡོད་སྲིད་པ་རེད། དེ་འདྲ་ཡོད་ན་ང་ཚོས་ཡིག་ནོར་མེད་པའི་ཤོག་ངོས་དེ་ཚོ་ལ་བསྟོད་བསྔགས་འབུལ་འོས། གཤམ་ལ་རྣམ་པ་ཚོས་གང་ན་ཡིག་ནོར་ཡོད་པའི་ཟུར་སྣེ་ཙམ་ཞིག་བལྟ་བདེ་བཅོས་བདེའི་ཆེད་ཟུར་འདོན་བྱས་ཡོད། འདི་ནི་དམའ་འབེབས་བྱེད་པའི་ཆེད་དུ་ཡིག་ནོར་མེད་པ་ལའང་ཡོད་པར་བསྙད་ནས་ཞུས་པ་དེ་འདྲ་མིན། དེ་དགོངས་པ་ལ་འཇགས་རོགས་ཞུ།
ཡིག་ནོར་སྐོར་གྱི་ཟུར་སྣེ་ཙམ་དྲངས་ན། སྔོན་གླེང་ན། ཁྱབ་ཁོངས་ལ་ཁྱབ་༼ཁྱོངས།༽ ཨེ་ཤ་༼ཡ༽་ལ་ཨེ་ཤ་༼ཡི།༽ གྱུར་༼པའི༽་ལ་གྱུར་༼བའི།༽ ༼དཔང༽་རྟགས་ལ་༼དབང༽་རྟགས། ཚབས་ཆེ་ལ་ཚབ་ཆེ། རྒྱ་ནག་༼གིས༽་བཙན་འཛུལ་བྱས་ལ་རྒྱ་ནག་༼གི༽་བཙན་འཛུལ་བྱས། རྒྱ་ནག་༼གིས༽་བཙན་འཛུལ་མ་བྱས་པའི་གོང་ཞེས་དགོས་པ་ལ་རྒྱ་ནག་༼གི༽་བཙན་འཛུལ་མ་བྱས་པའི་གོང་། ལོ་རྒྱུས་ཐོག་༼གི་༽རྩོམ་རིག་ལ་ལོ་རྒྱུས་ཐོག་༼གོ་༽རྩོམ་རིག ཅེས་དང་།
ཤོག་གྲངས་དང་པོ་ན། ལོ་ངོ་སྟོང་ཕྲག་ལྷག་གི་༼རིང་༽ལ་ལོ་ངོ་སྟོང་ཕྲག་ལྷག་གི་༼རང་༽། ༼སྒྱུར༽་རྩོམ་ལ་༼བསྒྱུར༽་རྩོམ། རྣམ་གྲངས་ཆེས་མང་༼པོའི༽ལ་མང་༼པའི༽ གྱུར་༼པའི༽་ལ་གྱུར་༼བའི༽ ཞེས་དང་།
ཤོག་གྲངས་དགུ་བ་ན། རྩོམ་སྟངས་༼ཤིག༽་ལ་རྩོམ་སྟངས་༼ཞིག༽དཔེ་མཚོན་གཙོ་བོ་ཞིག་༼ནི༽་ཞེས་དགོས་ས་ལ་དཔེ་མཚོན་གཙོ་བོ་ཞིག་༼གི༽། དངོས་ཡོད་ལ་མི་༼གཡོལ༽་བ་ལ་དངོས་ཡོད་ལ་མི་༼ཡོལ༽་བ། ཞེས་དང་།
ཤོག་ངོས་སོ་གསུམ་པ་ན། ༼ཕྱི༽་ལོ་ལ་༼ཕྱོ༽་ལོ། བོད་ནང་ཡོད་པའི་རྩོམ་པ་པོ་ཐེའུ་རང་གི་ཁྲག་ཡིག་ན། བླ་སྲོག་གི་རྟིང་༼མཐིལ༽་ཞེས་ཡོད་པ་ལ། བླ་སྲོིག་གི་རྟིང་༼མཐུལ༽ ཞེས་དང་།
ཤོག་གྲངས་ཞེ་གཉིས་པ་ན། གནམ་ས་༼གོ༽་འབྱེད་ལ་གནམ་ས་༼གོད་འབྱེད་༽ ༼འཕྲོས༽་པའི་ལ་༼འཕྲོད༽་པའི། ཞེས་དང་།
ཤོག་གྲངས་ཞེ་བཞི་པ་ན། ཡོང་༼ཁུངས༽་ལ་ཡོང་༼ཁོངས༽ ༼ཨེ་ཤ་ཡ༽་ལ་༼ཨ་ཤ་ཡ༽ རླུང་འཕྲིན་༼ཁང༽་ལ་རླུང་འཕྲིན་༼ཐང་༽ཞེས་དང་།
ཤོག་གྲངས་གོ་དགུ་པ་ན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ངོ་སྤྲོད་ཀྱི་ཚིག་དུམ་དང་པོའི་ནང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་༼ནི༽་ད་བར་གྱི། ཞེས་པ་ལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་༼ན༽ད་བར་གྱི། དྲ་ཚིགས་༼འདི༽་ཕྱི་ལོ་ ༢༠༡༥ ལོ། ཞེས་དགོས་པ་ལ། དྲ་ཚིགས་༼དི་༽ཕྱི་ལོ་༼༢༠༠༥༽ ལོ། ཞེས་འདུག ཤོག་ངོས་འདི་ཚོ་ནི་དཔེ་མཚོན་དུ་ཁོལ་ཕྱུང་བྱས་པ་ཙམ་ཡིན།
གཞན་ཡང་། ཤོག་ངོས་འགའ་བམ་ཀློག་ཅིག་བྱས་པར། དེ་དག་ནའང་། བོད་༼མིའི༽་ཆིག་སྒྲིལ་ལ་བོད་༼མའི་༽ཆིག་སྒྲིལ། ངོ་༼བོ ༽ལ་ངོ་༼བ༽ ༼རྩོམ༽་པ་པོ་ལ་༼རྩོ༽་པ་པོ། རྒྱབ་ཏུ་ལངས་༼ཏེ་༽ལ་རྒྱབ་ཏུ་ལངས་༼དེ༽ མནར་༼གཅོད་༽ལ་༼གནར་༽གཅོད། ༼གཙིགས༽་ཆེན་ལ་༼གཙུགས༽་ཆེན། བོད་༼ལྗོངས་ཀྱི༽་ལ་བོད་༼ལྗོང་ཀྱི༽ པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་སྐབས་ལ་༼བྱུང༽་མྱོང་ལ་སྐུ་གོང་མའི་སྐབས་ལ་༼འབྱུང༽་མྱོང་། སོགས་མིང་དང་བྱ་བའི་དག་ཆ་ནོར་བ་དང་། ཕྲད་ཀྱི་སྦྱོར་སྟངས་ནོར་བ་མང་པོ་ཞིག་འདུག་པ་མཐོང་སོང་། རྣམ་པ་ཚོས་ཡིག་ནོར་མང་པོ་ཅན་གྱི་ད་ལྟའི་དེབ་འདི་ལ་བསྐྱར་ཞིབ་བཟོ་བཅོས་གནང་སྟེ་དེབ་སྤུས་དག་ཅིག་འགྲེམས་སྤེལ་ཡོང་བའི་འབོད་སྐུལ་སྙིང་ནས་ཞུ་བ་ཡིན་ལགས། ཞུ་ཉེས་བྱུང་ཡོད་ན་དགོངས་དག་ཞུ།
གཤམ་བཀོད་ཤོག་ངོས་དག་ཀྱང་མཉམ་བཀོད་ཡོང་བ་ཞུ།
དག་བཅོས་གནང་མཁན་ལ་སྙིང་གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།
རྕ་བའི་བོད་ཡིག་དག་ཆ་དངོས་གནས་ཁག་ཙམ་འདུག།
དེབ་དེ་ན་ཡིག་ནོར་ཅུང་མང་ས་རེད། ནོར་བ་ཡོང་གི་རེད། མ་འོངས་པར་གཟབ་གཟབ་གནང་རྒྱུ་གལ་ཆེན་པོ་རེད།
ཤོག་ངོས་གཅིག་ལ་ཡིག་ནོར་དགུ་ཤོར་འདུག དེ་ལྟ་ན་ཤོག་ངོས་བརྒྱ་ལ་ཡིག་ནོར་དགུ་བརྒྱ་ཤོར་སྲིད་པ་རེད། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལག་པ་འཆང་བ་ལ་དེ་འདྲའི་ཡིག་ནོར་ཤོར་བ་ནི་བློ་ཡུལ་ལས་འདས་པ་རེད། ཕལ་ཆེར་ཞུ་དག་ཕྱིན་མེད་པ་འདྲ།
ཕྱོགས་གཏོགས་དང་འགོ་འདྲེན་འོག་ཏུ་གསོ་སྐྱོངས་
བྱས་པའི་རྩོམ་ཡིག་དང་རྩོམ་དེབ་ག་འདྲ་ཞིག་ཡིན་ཀྱང་
མཛུབ་མོ་རྩུགས་ས་ཨ་ཡོད་ཧཧཧཧཧ
ད་རེས་ཀྱི་དེབ་འདི་ལ་བལྟས་ཡོང་ན། ད་ནི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཉམས་རྒུད་ཕྱིན་ཚར་བ་འདྲ།
དོན་གྱི་རྒད་པོ་ཚིག་གི་མཁར་བ་ལ། །ཞེས་གསུངས་པ་ལྟར་ཚིག་ནོར་ན་དོན་ནོར་འགྲོ་བ་ཆོས་ཉིད་ཡིན། བློ་སངས་གི་མི་སེར་བཀྲུས་ན་མ་དག་པ་རང་རེད་འདུག
སྤྱིར་སྟངས་ཚིག་ནོར་ན་ཧང་མི་སང་ཡང་། རྩོམ་པ་པོའི་སྡེ་ཚན་གྱིས་ནོར་ན་ངོ་ཚ་དགོས་རེད།
ནོར་འཁྲུལ་དེ་བོད་ཡིག་དང་འབྲི་མཁན་གཉིས་ཀའི་རེད། དང་པོ་བོད་ཡིག་གི་དག་ཆ་ཁོ་རང་རྙོག་ཟིང་ཅན་ཞིག་རེད། འབྲི་མཁན་ལ་ཁག་མེད། གཉིས་པ་དེ་འབྲི་མཁན་དེས་ཞུ་དག་གཏོང་མཁན་ཡག་པོ་ཞིག་མ་བཀོལ་བའི་རྟགས་རེད།
ཨ་ལགས་ཚེ་བརྟན་ཞབས་དྲུང་གི་མ་དཔེ་གསུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལ་བཞུགས་པ་དེ་ཚོར་ཡིག་ནོར་ཤིན་དུ་མང་། འོན་ཀྱང་ཞུ་དག་རིམ་པ་གསུམ་བརྒྱུད་ད་ལྟའི་མིག་ལམ་དུ་གྱུར་བའི་ཁོང་གི་གསུང་རྩོམ་དེ་དག་རེད།
མ་དཔེ་གསུང་བཅོས་རོགས།
༡༽ གང་ཞིག་ན་ཡིག་ནོར་ཡོད་པ་དཔེ་མཚོན་དང་སྒྲུབ་བྱེད་ལྟ་བུར་བཀོད་ནས་སུ་ཞིག་གིས་ཡིག་ནོར་སྤེལ་བ་འདྲ་འདྲ་འགྲིག་འགྲིག་ཏུ་བཤད་ན། དེར་རྒྱུ་མཚན་ཆེར་ཨེ་ཡོད།
༢༽ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་༼སྤྱི་ཚོགས་མེ་ལོང་༽ཚགས་པར་འདོན་མཚམས་བཞག་པ་འདྲ། མཐོང་རྒྱུ་མེད་པ་ཆགས་སོང་། ཚགས་པར་རྙིང་པ་དེ་ཚོ་རག་སའི་དྲ་བྱང་རེ་ཤེས་མཁན་ཡོད་ན་གནང་རོགས། དེ་སྔ་རྩོམ་ཡིག་འགའ་སྤེལ་མྱོང་བ་འཚོལ་སྡུད་ཅིག་གི་ཆེད་ཙམ་ཡིན་ལགས།
བོད་སྤྱི་ཚོགས་ཁྱོན་ཡོངས་སམ། ཡང་ན་རང་གི་མི་ཚེའི་འཚོ་གནས་ཙམ་ཡང་འཁྱོལ་ལ་མི་འཁྱོལ་བྱེད་པའི་ཨ་མདོ་ཡིག་ནོར་འཚོལ་ནས་འདུག་མཁན་དང་། ཕན་གནོད་ཤིག་གི་སྲོ་མ་ཙམ་ཡང་མེད་པའི་རྩོམ་ཉོག་ཐར་ཐོར་རེ་སྤེལ་ཁུལ་བྱེད་མཁན་གྱི་ཨ་མདོ་བ་འདི་ཚོ་སྙིང་རྗེ། ས་སྐྱ་ལེགས་བཤད་དུ། “སེངྒེས་ཝ་ཚོགས་ལེགས་སྐྱོང་ཡང་།། ཝ་ཉིད་ཝ་ཡི་རིགས་ལ་སྡང།།”གསུངས་པ་ལྟར། ནང་ཁུལ་ལ་སྡང་ཟུག་བྱེད་སྟངས་འདི་ལ་ལྟད་མོ་ཆེན་པོ་ཡོད་པ་རེད།
མིང་ལ་བསྟན་འཛིན་མཁྱེན་རྩེ་བྲིས་པའི་ཨ་མདོ་བ་འདི་ལའང་ཡིག་ནོར་མང་པོ་འདུག
དཔེར་ན། གོང་དུ་གཞན་གྱིས་དག་ཆ་བྲིས་པ་ནོར་འདུག་ཟེར་བའི་འགོ་ནས་མིག་བཤེར་ཙམ་བྱས་པ་ལས་མིག་ལ་ཐོག་པ་ནི། ༼འགན་འཁུར་མཁན་༽་ལ་འགན་ཁུར་མཁན་དང་། ༼རུ་ངར་ཞིབ་ཚགས་༽ལ་རུ་ང་ཞིབ་ཚགས་དང་། ༼ཤོག་ངོས་༽ལ་ཤོས་ངོས་ལྟ་བུ་མང་པོ་ཡོད་ཚོད་འདུག
ས་པཎ་མཆོག་གིས་”གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ཉིད་ལྟ་ན་མེ་ལོང་དགོས།།”གསུང་པ་དོན་ལ་གནས་འདུག