དགའ་བ་མཇེ་ཕྲུག
རིག་ན་དགའ་བ་སྟོང་གིས་སེམས་པ་བརྟས།།
རེག་ན་སྤྲོ་བ་འབུམ་གྱིས་ལུས་པོ་རྒྱས།།
ཁ་མངར་ཟས་ཀྱི་གཤིས་དང་ཡོངས་འདྲ་བའི།།
སྐྱེས་གཟུགས་མཛེས་པའི་སྨིན་ལེགས་བུ་མོ་སྒེག །
རིང་བའི་ས་ནས་ཁྱོད་ཉིད་མཐོང་ན་འདོད།།
ཉེ་བའི་གམ་ནས་ཁྱོད་དང་མཉམ་ན་བསམ།།
ཉེ་རིང་གནས་ཀྱིས་མི་ཁྱད་འདུན་པ་འདིས།།
མཛེས་མའི་རྣམ་ཤེས་ཕྲ་མོའི་རྗེས་སུ་བསྙེགས།།
ཉིན་མོ་མང་འདུས་ཁྲོད་ལ་མིག་གིས་བཙལ།།
མཚན་མོ་སྨག་རུམ་ཀློང་ལ་སེམས་ཀྱིས་མྱངས།།
ཉིན་ཞག་མཚན་གྱི་དུས་ཚིགས་གང་ཡོད་ལ།།
འཁྲེན་པའི་སེམས་ཀྱི་མཛའ་མོར་སྣང་བ་འཁོར།།
བསམ་ན་གཉིད་ཀྱང་མི་ཡོང་སྣང་བ་གཡེང་།།
གཤིབ་ན་ཟས་ཀྱང་མི་དྲན་འདུག་ན་ནུས།།
ཞེ་འཁྲེན་སེམས་ཀྱི་དབུས་ལ་འཁྲུངས་བའི་མོར།།
ཞེན་པ་དཀར་པོས་བཅངས་བའི་དུང་བ་ཟབ།།
ཞེན་ཆགས་སྟུག་པའི་སེམས་ཀྱི་འགྱུར་ཁུགས་ཁྲོད།།
ལན་ཆགས་བུ་ལོན་ལྟ་བུའི་དྲན་གདུང་ལྕི།།
འདོད་ཆགས་དྲག་པོས་བཙན་གྱིས་མ་སྒུལ་རུང་།།
སེམས་ཆགས་ལུས་རྐྱང་འཚོ་བའི་གཤིས་འདི་སྐྱོ།།
རང་འདོད་ཐོག་ཏུ་མེད་པའི་སྡུག་བསྔལ་གྱིས།།
ཉིན་མཚན་ཀུན་ཏུ་རུས་པ་ཚོས་གྱུར་པ།།
དར་མའི་མི་ལ་སྡུག་བསྔལ་འདི་ཆེ་ཡང་།།
རྒན་པོ་རྣམས་ཀྱིས་རྟག་ཏུ་གཡེལ་ཆུང་བྱེད།།
ན་ཆུང་བུ་མོས་སྐྱེས་པ་འདོད་པ་ནི།།
སྐོམ་པ་ཆུ་ལ་འཕྲད་པའི་དོ་ཟླ་མིན།།
ཆགས་ལྡན་སྐྱེ་བོས་བུད་མེད་དྲན་པ་ནི།།
ལྟོག་པ་ཟས་ལ་རྔམ་པའི་དོ་ཟླ་མིན།།
“དགེ་འདུན་ཆོས་འཕེལ།”
ཡག་གི